ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཡིག་ཆས་རྣམ་བཞི།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱ་རིགས་ཀྱི་ཡིག་ཆས་རྣམ་བཞི་སྟེ། སྨྱུ་གུ་དང་། སྣག་ཚ། ཤོག་བུ། སྣག་ཀོང་བཅས་ལ་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་ཧྭའི་ཤེས་རིག་ཁོངས་སུ་ཐེ་བའི་བོད་ཡིག་ཡིག་ཆས་ལའང་དེ་ལྟ་བུའི་གཅེས་ནོར་བཞི་ཡོད། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀརྨ་འཕྲིན་ལས་ཀྱིས་རྒྱ་རིགས་ཀྱིས་སྤུ་སྨྱུག་སྤྱོད་པའི་ཚབ་ཏུ་བོད་རིགས་ཀྱིས་སྨྱུག་རིལ་སྤྱོད་པ་དང་། སྣག་ཀོང་གི་ཚབ་ཏུ་སྣག་བུམ་སྤྱོད་པ། ཤོན་ཁྲེང་ཤོག་བུའི་ཚབ་ཏུ་བོད་ཤོག་སྤྱོད་པ། སྣག་རྡོག་གི་ཚབ་ཏུ་དུ་དྲེག་སྤྱོད་པས་རྒྱ་བོད་གཉིས་ཀྱི་ཡིག་ཆས་ཐད་རང་རང་གི་ཁྱད་ཆོས་ལྡན་ཡོད་ཅེས་གསུངས།

ཀརྨ་འཕྲིན་ལས་ལགས་ཀྱི་དེབ་ཁང་ནང་། སྨུག་རིལ་ཕྲ་སྦོམ་རིང་ཐུང་མི་གཅིག་པ་20ལྷག་ཡོད་པ་ཚང་མ་ཁོང་ངོ་མས་གཞོགས་པ་ཤ་སྟག་རེད། སྨྱུ་གུ་དེ་དག་ཕྱི་ཚུལ་ནས་བལྟས་ཚེ་སྟབས་བདེ་ཞིག་ཡིན་ཡང་དངོས་སུ་བཟོ་བའི་སྐབས་སུ་གནད་འགག་མང་པོ་ཡོད།

“འབྲི་བྱེད་སྨྱུ་གུའི་རྣོན་སྤྱིར་བཏང་ཡིན་ནའང་། བོད་ཡིག་གི་སྨྱུག་ཁམ་གྱི་སྦོམ་ཕྲའི་ཁྱད་པར་དང་མཐེབ་རིལ་གཏོང་བ་སོགས་ལ་སྨྱུག་གུའི་ཁ་ཡག་པོ་མེད་པ་དང་རྨང་གཞི་བརྟན་པོ་མེད་ཚེ་ཡིག་གཟུགས་ཐོན་པོ་ཞིག་འབྱུང་ཐབས་བྲལ”ཞེས་ཀརྨ་འཕྲིན་ལས་ལགས་ཀྱིས་ཕྱག་ཏུ་སྨྱུག་རིལ་ཕྲ་མོ་རིང་ཚད་ཀུང་ཧྥེང་20ལྷག་ཟིན་པ་ཞིག་བཟུང་ནས་གཞོག་གྲི་རྣོན་པོས་དེའི་རྩེ་མོ་དལ་གྱིས་གཞོག་གིན་དེ་ལྟར་གསུངས།

ཀརྨ་འཕྲིན་ལས་ལགས་ཀྱིས་བོད་སྨྱུག་འཛིན་སྟངས་ཐད་རྒྱའི་སྤུ་སྨྱུག་བཟུང་བ་དང་གཅིག་པ་མིན། སྤུ་སྨྱུག་འཛིན་སྐབས་མཛུབ་མོ་ལྔ་ཀ་སྤྱོད་པའི་ཁར་མནན་གནོན་འཐེན་བཀྱག་གི་ཐབས་ལ་བརྟེན་ནས་སྨྱུ་གུ་བརྟན་པོར་འཛིན་ཐབས་བྱེད་ཀྱང་། སྨྱུག་རིལ་ནི་དེ་འདྲ་མིན་པར་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་གཟུང་ན་འགྲིག

རྒྱ་ཡིག་དང་བོད་ཡིག་འབྲི་བའི་སྐབས་སྣག་ཚ་ནི་མེད་དུ་མི་རུང་བ་ཡིན་པས། ཀརྨ་འཕྲིན་ལས་ལགས་ཀྱིས་སྔོན་བོད་ལ་སྣག་ཚ་བཟོ་ཡུལ་གཏན་འཇགས་ཤིག་མེད། ཆུང་དུས་སུ་སྤྱོད་པའི་སྣག་ཚ་ནི་ཐབ་ཚང་ནང་ལོ་མང་ཆགས་པའི་དུ་དྲེག་དག་ཡིན། དུ་དྲེག་དེ་དག་ལོ་ཇི་ཙམ་རིང་བ་དེ་ཙམ་དུ་སྣག་ཚར་སྤྱོད་རྒྱུར་ཡག་པོ་ཡོད། ཐབ་ཚང་ནང་ནས་དུ་དྲེག་བཀོག་ནས་ཀ་ར་དང་སྣུམ་བསྲེས་ནས་སྣག་ཚ་བཟོ་ཡི་ཡོད། དེ་ལྟར་བཟོས་པའི་སྣག་ཚར་རྫས་འགྱུར་མེད་པའི་ཁར་སྦྱང་ཤིང་དུ་ཡི་གེ་བྲིས་པ་ལམ་སེང་ཆུས་བཀྲུ་ཐུབ་ཀྱི་ཡོད། དེང་སང་སྣག་ཚ་བཟོ་བའི་རྒྱུ་ཆ་སྟབས་བདེ་པོ་ཡོད་ཀྱང་སྣག་ཚས་ཁོར་ཡུག་སྲུང་སྐྱོང་ལ་གནོད་པ་འདི་འདྲ་མེད་ཅེས་གསུངས།

“སྔོན་དཔེ་ཆར་གསེར་བྲིས་དང་དངུལ་བྲིས་སོགས་དང་དོད་བྱས་ནས་བྲིས་པ་ཡོད། བོད་ཀྱི་སྐུ་དྲག་ཁ་ཅིག་གིས་ཡི་གེ་འབྲི་བའི་སྣག་ཚའི་ནང་གླ་རྩི་དང་ཁ་ཆེ་ཤ་སྐམ་སོགས་སྨན་རྒྱུ་རྩ་ཆེན་བླུགས་ནས་སྣག་ཚའི་མདངས་ཆེ་བ་དང་དྲི་ཞིམ་པོ་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་ཀརྨ་འཕྲིན་ལས་ལགས་ཀྱིས་གསུངས་ཤིང་། ཁོང་གིས་སྣག་ཚ་བཟོ་ཐབས་དེའི་ཐད་རྒྱ་རིགས་དང་གཅིག་པ་མིན། ད་དུང་སྣག་ཚའི་ནང་མུ་ཏིག་དང་བསེ་རུའི་རྭ་ཕྲན་བུ་བླུགས་པ་མ་ཟད། སྨན་རྒྱུ་སྣེ་ཁ་མང་པོའང་བླུགས་ནས་མི་རུལ་བ་དང་། ཧམ་དྲི་མི་རྒྱག་པ། འབུ་མི་ཆགས་པ་བཅས་བྱེད་ཀྱི་ཡོད།

བོད་ཡིག་འབྲི་སྐབས་སྤྱོད་པའི་སྣག་བུམ་ནི་རྒྱའི་སྣག་ཀོང་དང་འདྲ། ཀརྨ་འཕྲིན་ལས་ལགས་ཀྱི་དེབ་ཁང་ནང་དཔངས་ལི་སྨི་བཅུ་ཙམ་དང་ཞབས་རའི་ཚངས་ཐིག་ལི་སྨི་བདུན་བརྒྱད་ལས་མེད་ཅིང་ལྟོ་ལྡིར་བ་དང་ཁ་ཅུང་ཆུང་བའི་ཟངས་ཀྱི་སྣག་བུམ་ཆུང་ཆུང་ཞིག་བཞག་ཡོད་པ་ལས་གནའ་ཉམས་ཤིག་མངོན། ཁོང་གིས“སྣག་བུམ་རྙིང་པ་འདི་འདྲ་ཁྲོམ་རའི་ཐོག་མཐོང་དཀོན་པོ་རེད། སྣམ་བུམ་འདི་ལོ་བཅུ་གྲངས་གོང་ཁྲོམ་ནས་ཉོས་པ་ཡིན། གང་དུ་ཡི་གེ་འབྲི་བར་འགྲོ་རིམ་བཞིན་རྟག་ཏུ་འཁྱེར་འགྲོ་ཡི་ཡོད”ཅེས་གསུངས།

དཔྱད་གཞི་ལས་མངོན་པར་གཞིགས་ན། བོད་རྙིང་པའི་མཐོ་རིམ་གྲྭ་བཙུན་དང་སྐུ་དྲག་གིས་གཡང་ཊི་དང་དངུལ་གྱི་སྣག་བུམ་སྤྱོད་པ་དང་། ལ་ལས་གསེར་དང་མ་ན་ཧོས་མཐའ་ཤན་བརྒྱབ་པའི་སྣག་བུམ་འཁྱེར་གྱི་ཡོད། མི་ཕལ་པས་ཟངས་དང་ལྕགས། དེ་བཞིན་སྨྱུག་མ་དང་ཤིང་ལས་བཟོས་པའི་སྣག་བུམ་སྤྱོད་ཀྱི་ཡོད།

འབྲི་བྱའི་ཤོག་བུ་ཡང་མེད་དུ་མི་རུང་བ་ཞིག་ཡིན་སྟབས་ཀརྨ་འཕྲིན་ལས་ལགས་ཀྱི་གཟིམ་ཁང་དུ་བོད་ཤོག་རི་མོ་དང་ཚོན་མདོག་མི་གཅིག་པ་མང་པོ་ལྟེབ་རྩེག་བརྒྱབ་ནས་ཉར་འདུག

ཁོང་གིས“བོད་ཤོག་ནི་རང་ས་ནས་ཐོན་པ་ཞིག་ཡིན། བཟོ་རྩལ་ཐད་སྣག་ཚ་ལས་ཅུང་རྙོག་འཛིང་ཆེ་བ་སྟེ། ཤིང་སྟག་པའི་པགས་པ་དང་དུག་རེ་ལྕག་གི་རྒྱུ་ཆ་གཙོ་བོར་བྱས་པ་རྡོ་ཞོ་དང་། བུལ་ཏོག་གིས་བཏུལ་ནས་བཙོ་བ་དང་། དཀྲོག་པ། སྦྱོང་བ། འགྲེམས་པ། འདོན་པ་སོགས་ཀྱི་ལས་རིམ་བརྒྱུད་དགོས་ཀྱི་ཡོད”ཅེས་གསུངས། དུག་རེ་ལྕག་ནི་དུག་ཤེད་ཡོད་པ་ཞིག་ཡིན་པས་དེས་བཟོས་པའི་བོད་ཤོག་གིས་ལོ་མང་པོར་འབུས་མི་ཟ་བ་དང་། མི་རུལ་བ། མི་རལ་བ་བཅས་ཀྱི་ཁྱད་ཆོས་ལྡན།

བོད་ཤོག་སྲབ་པ་དང་། མཉེན་པ། ངོས་འཇམ་པ་ནི་ཡག་ཤོས་ཡིན། དེ་དུས་དྭགས་ཤོག་དང་། སྨོན་ཤོག སྐྱེམས་ཤོག་སོགས་ནི་སྐད་གྲགས་ཆེ། ཀརྨ་འཕྲིན་ལས་ལགས་ཀྱིས་བོད་ཤོག་ཐོན་ཉུང་བ་དང་བཟོ་བའི་མ་གནས་མཐོ་བ་དེས་སྤྱོད་མཁན་ཇེ་ཉུང་དུ་གྱུར་ནས་ད་ཆ་རིམ་བཞིན་དེང་གི་ཤོག་བུ་སྤྱོད་ཀྱི་ཡོད་ཅེས་གསུངས།

བོད་ཀྱི་ཡིག་གཟུགས་མཁས་པ་དགེ་མང་འཇམ་དཔལ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་ཉེ་བའི་ལོ་ཤས་ནང་བོད་ཀྱི་ཡིག་གཟུགས་ལ་མཐོང་ཆེན་བྱེད་མཁན་མང་དུ་སོང་ནས་ལྷ་སར་བོད་ཡིག་སྦྱོང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ལ་ཡིག་གཟུགས་འཛིན་གྲྭའང་མང་དུ་ཐོན་བཞིན་ཡོད། ཡིག་གཟུགས་ཞིབ་འཇུག་དང་སྲུང་སྐྱོང་ཐད་ཡིག་གཟུགས་མཁས་པ་ཚོས་དྲ་རྒྱའི་ཐོག་ཡིག་གཟུགས་འབྲི་སྟངས་བསླབས་ནས་ཁྱབ་གདལ་གཏོང་བཞིན་ཡོད། 2017ལོའི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གཉེར་རྒྱུའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།