ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྔ་གཞུག་གི་བདེ་འཇགས་ལ་དོ་སྣང་བྱེད་པའི་གལ་ཆེན་རང་བཞིན།

    སྤེལ་དུས། : 2016-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

           དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལའང་། མིག་རྡེབ་དབང་ཙམ་གྱིས་ལོ་འཁོར་མོ་ཞིག་ཕར་ལ་རྫོགས་ཏེ་ལོ་གསར་བ་ཞིག་གི་མགོ་རྩོམ་ལ་ཉེ་ཞིང་། ངེད་ཅག་དགེ་རྒན་རྣམས་ལ་མཚོན་ནའང་སློབ་སྐབས་འདིར་སློབ་མ་ཚོའི་རྒྱུད་ལ་ཤེས་བྱ་ཅི་ཞིག་འབྱོར་ཡོད་མེད་ལ་དཔྱད་འཇོག་ཅིག་བྱེད་ཆེད་དང་། སློབ་མ་ཚོས་སློབ་སྐབས་འདིར་ཤེས་བྱ་ཅི་ཞིག་སྦྱངས་པ་དང་། སྦྱངས་ཚུལ་ག་འདྲ་ཡིན་པ་རྒྱ་མར་འཇལ་བའི་ཆེད་དུ། ཉིན་འདི་འགར་སློབ་མར་རྒྱུགས་རྩལ་བཏང་ནས་མཇུག་རྫོགས་པ་ཙམ་ཡིན་ཞིང་། ད་ནི་ཉིན་མཚན་དབྱེར་མེད་དུ་སློབ་ལ་འབད་པའི་སློབ་མ་ཚོས་ཕ་མར་ངོམ་རུང་བ་དང་རང་ཉིད་དགའ་འོས་པའི་རྒྱུགས་འབྲས་བཟང་པོ་རེ་ཁྱེར་ནས་ཕ་ཡུལ་ལ་ལོག་པའི་སྟ་གོན་བགྱི་བཞིན་ཡོད་ལ། ང་ལྟ་བུའི་ཕ་ཡུལ་དང་བར་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་པའི་དགེ་རྒན་ཚོས་ཀྱང་ཕ་ཡུལ་དྲན་པའི་སྣང་བ་འགོག་མེད་དུ་སྐྱེས་ཏེ།མྱུར་བ་མྱུར་དུ་ཕ་ཡུལ་ལ་ལོག་པའི་སྟ་གོན་བགྱི་བའི་སྐབས་འདིར།ངས་རང་གི་དགེ་གྲོགས་ཡོངས་དང་སློབ་མ་ཚོར་ལོ་གཅིག་གི་ལོ་གསར་བ་ཐོན་ལ་ཉེ་བས།ཁྱོད་ཚོས་དགུན་གནང་དང་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པར་སྨོན་འདུན་ཞུ་བ་དང་ཆབས་ཅིག ལོ་སར་སྔ་གཞུག་གི་བདེ་འཇགས་ལ་དོ་སྣང་བྱེད་པའི་ཐད་རང་གི་མཐོང་ཐོས་མྱོང་གསུམ་ཅི་རིགས་ཡང་བསྐྱར་ཁྱེད་ཅག་གི་རྣ་ལམ་དུ་འབུལ་རྒྱུ་ཡིན་ལ། ང་ཚོ་ལྟ་བུའི་ཡུལ་མི་ལྷན་འཛོམས་ལ་བྲེལ་བའི་སྐྱེ་བོ་ཡོངས་ལ་སྨན་པའི་རྟགས་སུ་འགྱུར་བར་སྨོན།

              དེ་ཡང་བདེ་འཇགས་ངང་ཡུལ་ལ་ཐོན་རྒྱུ་ནི་བདེ་སྐྱིད་ཀུན་གྱི་གཞི་མ་ཡིན།རེད་དེ། རྒྱ་ལོ་ཚེས་གཅིག་མ་གཏོགས་ཟས་མི་ཟ།། དྲུག་པའི་ཀླུ་རོལ་མ་གཏོགས་གོས་མི་གོན།། ཞེས་པ་བཞིན་ལོ་གཅིག་གི་ལོ་སར་ནི་ང་ཚོ་མགོ་ནག་མི་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་དུས་ཆེན་ཞིག་ཡིན་པ་སྨོས་མ་དགོས་ལ། ད་ནི་དུས་ཆེན་དེ་ཐོན་ལ་ཉེ་བས། སྟོད་དབུས་གཙང་དང་སྨད་རྒྱ་ནག་ན་ཡོད་རུང་ཡུལ་ལ་ཐོན་ཐབས་བྱེད་པ་རེད། འོ་ན་ཐོག་མར་གླེང་དགོས་པ་ནི།འགྲིམ་འགྲུལ་ཡོ་བྱད་ཅི་ཞིག་སྤྱད་དེ་འགྲོ་མཁན་སུ་ཡིན་རུང་། རང་ཉིད་བདེ་འཇགས་ངང་ཡུལ་ལ་ཐོན་རྒྱུ་ནི་ལོ་ཟླ་མཛུབ་མོས་གུག་ནས་ཁྱོད་ཀྱི་བསླེབས་འབྱོར་ལ་སྒུག་པའི་ཕ་མ་དང་གཉེན་ཉེ་སུར་མཚོན་ནའང་གལ་ཆེན་ནང་གི་འགངས་ཆེན་ཡིན། དེ་བས་ཉེ་དུས་ནི་ཁྲམ་པ་མགོ་བསྐོར་མཁན་དང་ཁྲེལ་མེད་རྐུ་འཕྲོག་མཁན་རྣམས་ཀྱིས་ཀྱང་གླགས་འདི་བཙལ་ཏེ་གཡོ་ལེན་དང་རྐུ་འཕྲོག་གང་ཐུབ་བྱེད་ཀྱིན་པའི་སྒང་ཡིན་པས། མེ་འཁོར་ས་ཚིགས་དང་རླངས་འཁོར་ས་ཚིགས་རྒྱུ་བའི་སྐུ་མགྲོན་ཚོས་རང་ཉིད་གནས་དེ་རུ་གཡོ་འོག་ཏུ་མི་ཚུད་པ་དང་བོར་བརླག་མི་ཐེབས་པར་ཡིད་འཇོག་གང་ལེགས་བྱ་དགོས། འོ་ན་ཡིད་འཇོག་ཇི་ལྟར་བྱ་དགོས་སམ་ཞེ་ན།མེ་འཁོར་དང་རླངས་འཁོར་སོགས་ཀྱི་པ་སེ་སྔ་མོ་ནས་ཉོ་དགོས།དེ་ནི་མི་ལ་ལས་ཕ་ཡུལ་ལ་ལོག་པའི་དུས་ཚོད་ཐོན་ཡང་པ་སེ་ལག་ཏུ་མ་རེག་པས། སེམས་པ་རྟབ་རྟབ་པོར་གྱུར་ཅིང་། མྱུར་དུ་པ་སེ་ཞིག་རེག་འདོད་ཀྱིས་མེ་འཁོར་འབབ་ཚིགས་སོགས་སུ་བསྐྱོད་པ་ན། མགོ་བསྐོར་གཏོང་མཁན་ཁ་ཤས་ཀྱིས་ཁྱོད་ལ་པ་སེ་ལག་ཏུ་རེག་ཐུབ་མོད།འོན་ཀྱང་པ་སེའི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ནས་བཙོངས་ཟེར་བ་རེད། སྐབས་འགར་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་དེ་ལྟར་བྱ་དགོས་དུས་ཀྱང་ཡོད་འདུག གཞན་ཡང་མེ་འཁོར་འབབ་ཚིགས་སོགས་སུ་རྐུན་འཕྲོག་མཁན་མང་བས། རབ་ཡིན་ན་ལམ་བར་དུ་རང་ཉིད་ལ་མཁོ་བའི་ཅ་དངོས་དང་སྒོར་མོ་ཉུང་ཤས་ལས་མི་འཛིན་པར། ལག་དངུལ་ཚང་མ་འཛིན་བྱང་དུ་བཅུག་ཚེ། གཅིག་ཡིན་ན་རང་ཉིད་རྐུ་ལ་ཨེ་ཤོར་འགྲོ་བའི་སེམས་ཁྲལ་མེད་པ་དང་། གཉིས་ན་རང་ཉིད་ཀྱི་བདེ་འཇགས་ལའང་ཕན་པ་ཡོད། དེ་དག་ནི་ཡུལ་ལ་ལོག་ཁར་དོ་སྣང་བྱ་དགོས་པའི་གནད་གལ་ཆེན་ཞིག་རེད། གཞན་ཡང་། རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་ཕ་ཡུལ་ལ་ལོག་མཁན་ཚོར་མཚོན་ན།ཐོག་མར། ཆེད་ལས་མི་སྣ་བཙལ་ནས་རླངས་འཁོར་ལ་སྐྱོན་ཡོད་མེད་ཞིབ་བཤེར་ཞིབ་མོ་བྱ་རྒྱུ་ནི་ཁ་ལོ་བ་རྣམས་ལ་བཤད་མི་དགོས་པའི་ཐོག་མའི་རྩ་དོན་ཡིན། ཡིན་ཡང་། ད་ནི་ང་ཚོ་མཚོ་བོད་མཐོ་སྒང་དུ་ཁ་ཆར་བུ་ཡུག་འཚུབ་པའི་དགུན་གཞུང་ལ་འཁེལ་བས། གཞུང་ལམ་དུ་ཁ་བ་མཐུག་པོ་ཆགས་པ་དང་གངས་ཤུད་བྱས་པའི་ལམ་མཚམས་ཀྱང་མང་དུ་ཡོད། རབ་ཡིན་ན་ཁ་ལོ་བ་རྣམས་ཉིན་ཞག་མཚན་མེད་དུ་ཧམ་རྒྱུག་མི་བྱེད་པ་དང་། ཐང་ཆད་དྲགས་ཚེ་ངལ་གསོ་བྱེད་སའི་མགྲོན་ཁང་བཙལ་ནས་ངལ་གསོ་ལེགས་པོ་བྱ་རྒྱུ་ནི་རང་བཟའ་མི་གང་བོ་བདེ་འཇགས་ངང་ཕ་ཡུལ་ལ་ཐོན་རྒྱུའི་གཞི་རྩའི་ཆ་རྐྱེན་ཡིན་པས་ཡིད་ལ་འཇགས་པར་འཚལ།

            ལོ་སར་སྐབས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཡིད་འཇོག་གང་ལེགས་བྱ་རྒྱུ་ནི་ཀུན་གྱིས་ལོ་སར་སྐྱིད་པོ་ཞིག་རོལ་བ་མ་བཤད་རང་ཤེས་སུ་འགྲོ་དགོས། འོ་ན་ཕྱོགས་གང་དག་ནས་ཡིད་འཇོག་བྱ་དགོས་སམ་ཞེ་ན། དེང་སྐབས་ལོ་གསར་བ་ཚེས་པའི་མགོ་མ།རྟགས་རྟེན་འབྲེལ་ཀུན་གྱི་ཐོག་མར། ས་ཆ་གང་ནས་ཀྱང་བར་སྣང་ཧྲིལ་བོར་དུ་སྨུག་འཁྱིལ་བའི་ཚོན་ལྡན་གྱི་ཤོག་སྦག་སྣ་ཚོགས་བཀད་དེ་རྟེན་འབྲེལ་ཞུ་བ་ཡིན་ལ། སྐབས་དེར་ཆེ་རྒན་པ་ནས་ཆུང་བྱིས་པ་ཚང་མ་དགའ་བ་འབུམ་གྱིས་མྱོས་ཏེ་ཤོག་སྦག་གི་མེ་སྟག་སྒོ་རའི་རྩྭ་ར་ནང་མཆེད་པར་ཡང་མཉམ་འཇོག་མ་བྱས་པར་མེ་དུ་ལང་ལོང་དུ་འཁྲིགས་སྐབས་ད་གཟོད་མི་རྣམས་བརྒྱུགས་ནས་མེ་གསོད་ཀྱིན་པའི་དོན་དག་རེ་གཉིས་ཀྱང་ང་ཚོའི་སྡེ་བར་བྱུང་མྱོང་བ་དང་། ད་དུང་ཚོན་ལྡན་ཤོག་སྦག་དེ་ཐང་བདེ་སར་མ་བཞག་སྟབས་ཤོག་སྦག་གས་པའི་ཁྲོད་བྱིས་པ་ཚོར་རྨས་སྐྱོན་བཟོ་བའང་རེ་གཉིས་ཐོས་རྒྱུ་ཡོད། དེ་ལྟར་དགའ་ཞིང་སྐྱིད་པའི་ཉིན་མོར་དེ་ལྟ་བུའི་དོན་དག་བྱུང་ན་ནི་མི་སུ་ཡིན་ཡང་སེམས་པ་སྐྱིད་ཐབས་བྲལ་བ་ཞིག་ཡིན་པས། འདིར་ངེད་སློབ་ཕྲུག་ཚོ་དང་འདྲ་བའི་གྲོགས་པོ་ཆུང་ཆུང་ཡོངས་ལ་ལོ་སར་གྱི་སྐབས་སུ་ཤོག་སྦག་གས་པར་ངེས་པར་གཟབ་གཟབ་བྱ་དགོས་པའི་རེ་བ་བཏོན་པ་ལགས། དེ་ལས་ཀྱང་ལོ་སར་ནི་དུས་རྒྱུན་དང་མི་འདྲ་བར་ཟང་ཟིང་ལང་ལོང་གིས་ཁེངས་ཤིང་། མི་རྣམས་ཀྱིས་ཀྱང་རྟགས་དང་རྟེན་འབྲེལ་བསྒྲིགས་ནས་བག་མ་བསུ་བ་དང་གཉེན་སྟོན་བྱེད་པ། བུ་སྟོན་དང་ཁང་སྟོན་སོགས་དགའ་བའི་སྟོན་མོ་སྣ་ཚོགས་ལོ་སར་གྱི་དུས་ཆེན་བཟང་པོ་འདིར་འཇོག་པ་རེད། དེ་ནི་ང་ཚོ་སུར་མཚོན་ནའང་དགའ་འོས་པ་ཞིག་ཡིན་མོད། འོན་ཀྱང་དེའི་སྐབས་ཀྱི་བདེ་འཇགས་སྐོར་ཞིག་ཀྱང་ངེས་པར་སེམས་ལ་འཛིན་དགོས་ཏེ། ཅི་ཡིན་ཟེར་ན། ལོ་གཅིག་གི་ལོ་སར་ཞེས་ག་ས་ཀུན་ཏུ་ལོ་གསར་བའི་ནང་ཆེ་རྒན་པར་བརྩི་བཀུར་དང་ཆུང་བྱིས་པར་བྱམས་སྐྱོང་བཟང་པོ་གནང་བ་དང་། ལོ་སར་གནམ་གང་གི་དགོང་མོར་ནམ་མ་གསལ་བར་སྡེ་བའི་ནང་གི་ལོ་ལོན་རྒན་པར་ཕག་འཚལ་དུ་འགྲོ་བ་དང་། དེ་ནས་ས་ཆ་གཞན་པར་རང་གི་ཕ་མ་དང་གཉེན་ཉེར་སྐོར་རྒྱག་ཏུ་འགྲོ་བའང་ཡོད།ཡུལ་ཐག་ཅུང་རིང་བར་ཚང་མས་འཕྲུལ་རྟ་དང་རླངས་འཁོར་སོགས་བསྐོར་ཏེ་འགྲོ་བས། ལམ་བར་གྱི་བདེ་འཇགས་ལ་སེམས་ཆུང་ཡང་ཆུང་བྱ་དགོས། གཞན་ཡང་ལོ་སར་གྱི་སྐབས་སུ་ཆང་འཐུང་བར་དགའ་བའི་སྐྱེས་པ་ཚོས་ཆང་བག་མེད་དུ་འཐུང་མི་རུང་ལ། ཆང་འཐུངས་ནས་བཟི་རྗེས་གང་སར་མི་ཉུལ་བ་ནི་སེམས་ལ་འཛིན་དགོས་ཏེ། རྒྱུ་མཚན་ནི་ཆང་འཐུང་ལ་ལ་ཆང་འཐུངས་ནས་བཟི་རྗེས་གཞན་ཡུལ་ནས་རང་གཅིག་པུ་ཡུལ་ལ་ལོག་པ་དང་། བཟི་དྲགས་པའི་རྐྱེན་གྱིས་ལམ་བར་དུ་ལུས་པོས་མ་ལྕོགས་པར་ཐང་ལ་འགྱེལ་རྗེས།ཡང་བསྐྱར་ལངས་མ་ཐུབ་པར་དགུན་འཁྱག་བ་མོའི་ནང་འཁྱགས་ཤི་རུ་སོང་བའི་གཏམ་ཡང་རེ་གཉིས་ཐོས་མྱོང་བས། ལོ་སར་གྱི་སྐབས་སུ་དེ་འདྲའི་གནས་ཚུལ་མི་འབྱུང་ཆེད། ཆང་འཐུང་ཤེས་ན་བདུད་རྩི་སྨན་དང་འཐུང་མ་ཤེས་ཆང་འདྲེ་དུག་ཟེར་བ་བཞིན།ཆང་འཐུང་རྣམས་ཀྱིས་ཀྱང་ཆང་འཐུང་ཤེས་བྱ་རྒྱུ་ནི་བཟའ་མི་གང་བོའི་བདེ་སྐྱིད་ཀྱི་གཞི་མ་ཡིན།

            དགའ་བའི་བྲོ་འཁྲབ་ཅིང་སྐྱིད་པའི་གླུ་བླངས་ནས་ལོ་གཅིག་གི་ལོ་སར་ལ་བཟའ་མི་ལྷན་འཛོམས་བྱུང་སྟེ།དགའ་དགའ་སྐྱིད་སྐྱིད་ངང་རོལ་ཚར་རྗེས། མི་རྣམས་ཀྱིས་ཡང་བསྐྱར་ལོ་གསར་བའི་ནང་རེ་བ་གསར་བ་དང་ཕུགས་འདུན་གསར་བ་འཁྱེར་ནས་རང་རང་གི་ལམ་ལ་ཆས་དགོས་ཤིང་། དེ་དུས་ཀྱང་སོ་སོས་གོང་བཞིན་རང་གི་འགྲུལ་བཞུད་ཀྱི་ལམ་དུ་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ནི་གོང་དུ་བཤད་ཚར་བས། འདིར་ཚིག་ཚོགས་སྤུངས་དགོས་དོན་མི་འདུག་སྙམ་མུར། བོད་ཁ་བ་རི་བོའི་སྤུན་ཟླ་ཡོངས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་ལོ་གསར་སྐྱིད་པོ་ཞིག་རོལ་བར་སྔ་མོ་ནས་སྨོན་འདུན་སྙིང་ནས་ཞུས་པ་ལགས།།

             ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་སློབ་འབྲིང་།བསོད་ནམས་སྒྲོལ་མ།
   མཚོ་སྔོན་བོད་ཡིག་གསར་འགྱུར།2015·01·02། པར་ངོས17པ།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།