རྫོགས་པ་ཆེན་པོ་དེ་བོན་དང་རྙིང་མའི་ཆོས་ཤིག་རེད་དམ།

བོན་ཞེས་པ་དེ་ལ་རིགས་མི་འདྲ་བ་དུ་མ་ཞིག་བྱུང་ཡོད་པར་མ་ཟད།དེའི་ཁོངས་སུ་གཞན་འཚེ་དང་བཅས་པའི་ཆོས་ལུགས་ཀྱང་མང་ཞིག་བྱུང་ཡོད་པ་རེད།གནའ་དུས་སུ།བོན་ཞེས་པ་དེ་ནི་དེང་དུས་ཡོངས་གྲགས་ཀྱི་ཆོས་ལུགས་ཞེས་བརྗོད་པ་དང་འདྲ་བ་སྤྱིར་བཏང་གི་མིང་ཞིག་ཡིན་པར་བརྟེན།བོན་གྱི་མིང་ཆགས་ཚད་ཐམས་ཅད་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པའི་བསྟན་པ་ཞིག་ཏུ་ངོས་འཛིན་པ་དེ་ནི་ནོར་ཚབ་ཧ་ཅང་ཆེན་པོ་ཞིག་རེད།དེང་དུས་ཕྱི་ནང་གི་མཁས་པ་ཕལ་མོ་ཆེས།བོན་ཞེས་ཐོས་པའི་ཚེ།ལམ་སང་གཞན་འཚེ་དང་བཅས་པའི་ཆོས་ལུགས་ཀྱི་གྲངས་སུ་བཞག་ནས་དམའ་འབེབས་གང་ཐུབ་ཐུབ་བྱེད་སྲོལ་ཡོད་འདུག་པ་དེ་ནི་རི་བོང་ཅལ་འདྲོག་གི་དཔེ་དང་འདྲ་ཞིང་།དོན་དུ་བོད་ཀྱི་ཤེས་རིག་ལ་མཐོང་ཆུང་བྱས་པ་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད་པ་དེའི་སྐོར་ནི།ཁོ་བོས་བྲིས་པ་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་ཕྲེང་བ་ལ་གཟིགས་ཞིབ་གནང་ན་མཁྱེན་ཐུབ་པ་ཡོང་གི་རེད།   
 སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས། “བོན་ནང་པ་ནི་ཆོས་མཐུན་པར་འདུག་པས་རང་མལ་དུ་བཞག་མཛོད”ཅེས་རྒྱལ་པོ་ལ་གདམས་པ་དེའང་བོན་གྱི་ནང་དུ་རྫོགས་པ་ཆེན་པོའི་བསྟན་པ་བཞུགས་པའི་རྒྱུ་མཚན་གྱིས་ཡིན་པ་གསལ་པོར་མཁྱེན་ཐུབ་པ་དེ་ག་རེད།བོན་གྱི་ནང་དུ་རྫོགས་ཆེན་གྱི་བསྟན་པ་བཞུགས་པ་ཙམ་དུ་མ་ཟད།བསྟན་པ་དེ་ཉིད་འཛིན་སྤེལ་གསུམ་དང་།ཐོས་བསམ་སྒོམ་གསུམ་སོགས་གནང་བའི་བོན་གྱི་རིག་འཛིན་སྔོན་རྗེས་སུ་བྱོན་པའང་ཤིན་ཏུ་མང་ཞིང་།དེ་དག་གི་སློབ་བརྒྱུད་དང་གསུང་སྐོར་ཡང་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བཞུགས་ཡོད་པས་མཁྱེན་ཐུབ་ཀྱི་ཡོད་པ་རེད། སྔགས་རྙིང་མ་ཞེས་བྱ་བའི་རྒྱུ་མཚན་ནི།ལོ་ཆེན་རིན་ཆེན་བཟང་པོ་བྱོན་པ་ཡན་ཆད་དུ་བསྒྱུར་བའི་སྔགས་ཀྱི་རྒྱུད་སྡེ་རྣམས་ལ་ཟེར་གྱི་ཡོད་སྟབས།ཡོ་གའི་སྐབས་སུ་བཤད་པ་ལྟར་གྱི་ཕྱི་རྒྱུད་སྡེ་གསུམ་དང་།སྔགས་བླ་མེད་ཀྱི་རྒྱུད་སྡེ་རྒྱ་ཆེ་ལ་གྲངས་མང་བ་སོགས་མདོ་སྔགས་རྒྱུད་སྡེ་ཕལ་མོ་ཆེ་རྙིང་མའི་ཁོངས་ནས་མ་བྱུང་བ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། 

ཨོ་རྒྱན་ནས་བོད་དུ་རྫོགས་པ་ཆེན་པོ་སྤྱན་འདྲེན་མཁན་གྱི་རིག་འཛིན་ཆེན་པོ་དེ་རྣམས་ནི་སྔགས་རྙིང་མའི་ཁོངས་ནས་བྱུང་ཞིང་།དེ་དག་གིས་རྫོགས་པ་ཆེན་པོའི་བསྟན་པ་དར་རྒྱས་སུ་མཛས་པར་བརྟེན།རྙིང་མ་བའི་ཁྲོད་དུ་རྫོགས་ཆེན་གྱི་བསྟན་པ་གཙོ་བོར་བཞུགས་ཤིང་།རྙིང་མའི་བསྟན་འཛིན་ཕལ་མོ་ཆེ་ལྷུན་གྲུབ་རྫོགས་པ་ཆེན་པོའི་རིག་འཛིན་དུ་གྱུར་ཡོད་པ་རེད།དེ་ལྟར་ནའང་རྫོགས་པ་ཆེན་པོ་ནི་རྙིང་མ་བའི་སྒེར་ཆོས་ལྟ་བུ་ཞིག་གམ།ཡང་ན་རྙིང་མ་བར་མ་གཏོགས་བོད་ཀྱི་གྲུབ་མཐའ་ཆེན་པོ་གཞན་དག་ཏུ་མེད་པ་འདྲ་ཞིག་ཏུ་བསམ་ན་རྩ་བ་ནས་འགྲིག་གི་མ་རེད། 

དཔལ་ལྡན་ས་སྐྱ་པར་མཚོན་ན།ས་སྐྱའི་གོང་མ་འགྲོ་མགོན་དབང་སྡུད་སྙིང་པོ་དང་།ཚར་པའི་སྙན་བརྒྱུད་ཀྱི་བདག་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང་།ངོར་ཐར་རྩེའི་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རྫོགས་པ་ཆེན་པོའི་རིག་འཛིན་མང་དུ་བྱོན་ཅིང་།དེ་དག་གི་གསུང་ཆོས་རྫོགས་པ་ཆེན་པོའི་སྐོར་དང་།སློབ་བརྒྱུད་དང་ཡང་བརྒྱུད་ད་ལྟའི་བར་དུ་རྒྱུན་པར་བཞུགས་པ་དེ་ག་རེད།བྱས་ཙང་ས་སྐྱའི་ཟབ་ཆོས་ཡིན་ཚད་རྫོགས་ཆེན་དང་།ས་སྐྱ་བ་ཡིན་ཚད་རྫོགས་ཆེན་པ་མིན་ནའང་།ས་སྐྱ་བའི་ཁྲོད་དུ་རྫོགས་ཆེན་གྱི་བསྟན་པ་ཡང་དག་བཞུགས་ཡོད་པ་ནི་མཁྱེན་ཐུབ་ཀྱི་ཡོད་པ་རེད། 

བཀའ་བརྒྱུད་པར་མཚོན་ན།གྲུབ་ཆེན་ཀརྨ་པཀྵི།ཀརྨ་པ་རང་བྱུང་རྡོ་རྗེ་འབྲུག་ཆེན་པདྨ་དཀར་པོ།ཆོས་རྗེ་འབྲི་གུང་བ།མཁས་གྲུབ་ཨ་རཱ་གཕྱིས་བྱོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་མཁས་པ་དང་།གྲུབ་པའི་ཞུ་མཆོག་རྫོགས་ཆེན་གྱི་རིག་འཛིན་ཤིན་ཏུ་མང་པོ་བྱོན་པ་དང་།དེ་དག་གི་གསུང་དང་སློབ་བརྒྱུད་སོགས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བཞུགས་ཡོད་པ་དེ་ག་རེད།བྱས་ཙང་བཀའ་བརྒྱུད་ཡིན་ཚད་རྫོགས་ཆེན་དང་།བཀའ་བརྒྱུད་པའི་བསྟན་འཛིན་ཡིན་ཚད་རྫོགས་ཆེན་པ་ཡིན་པའི་ངེས་པ་མེད་ནའང་།བཀའ་བརྒྱུད་ཀྱི་ནང་དུ་རྫོགས་པ་ཆེན་པོའི་བསྟན་པ་ཡང་དག་བཞུགས་ཡོད་པ་ནི་ངེས་པར་མཁྱེན་ཐུབ་ཀྱི་ཡོད་པ་རེད།  

 དགའ་ལྡན་པར་མཚོན་ན།མཁས་པ་དང་།གྲུབ་པ་ཐམས་ཅད་ཀྱི་གཙུག་རྒྱན་དུ་གྱུར་པ་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དང་།རྒྱལ་མཆོག་དྲུག་པ་ཚངས་དབྱངས་རྒྱ་མཚོ།སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཡོངས་སུ་གྲགས་པའི་རྫོགས་ཆེན་གྱི་རིག་འཛིན་མང་དུ་བྱོན་ཅིང་།དེ་དག་གི་གསུང་དང་སློབ་བརྒྱུད་སོགས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བཞུགས་པས་མཚོན།དགེ་ལུགས་ཡིན་ཚད་རྫོགས་ཆེན་དང་།དགའ་ལྡན་བའི་བསྟན་འཛིན་ཡིན་ཚད་རྫོགས་ཆེན་པ་མིན་ནའང་།དགའ་ལྡན་པའི་ཁྲོད་དུ་རྫོགས་ཆེན་གྱི་བསྟན་པ་ཡང་དག་བཞུགས་ཡོད་པ་གསལ་པོར་མཁྱེན་ཐུབ།དེ་འདྲ་ཡིན་ཙང་བོད་ཀྱི་གྲུབ་མཐའ་ཆེན་པོ་ཁག་ཚང་མའི་ནང་དུ་རྒྱ་ཆེ་ཆུང་ཙམ་མ་གཏོགས།རྫོགས་པ་ཆེན་པོའི་བསྟན་པ་དངོས་མེད་པ་ཞིག་མེད།གྲུབ་མཐའ་ཆེ་ཁག་ཚང་མའི་ནང་དུ་ཡོད་པ་ཡིན་ཙང་།བོན་དང་རྙིང་མའི་སྒེར་ཆོས་འདྲ་པོ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་གི་མེད་པ་དེ་ག་ནས་ཐག་ཆོད་པ་རེད།

 དངོས་དོན་གྱི་དབང་དུ་བྱས་ན།རྫོགས་པ་ཆེན་པོ་དེ་བོན་དང་རྙིང་མའི་སྒེར་ཆོས་འདྲ་པོ་ཞིག་མ་ཡིན་པ་ལྟ་ཅི།ཞང་ཞུང་ནས་བྱུང་བས་བོད་ཀྱི་སྒེར་ཆོས་ལྟ་བུ་ཞིག་གམ།ཨོ་རྒྱན་གྱི་ཡུལ་ནས་བྱུང་བས།ཨོ་རྒྱན་གྱི་སྒེར་ཆོས་ལྟ་བུ་ཞིག་ཏུ་ངོས་འཛིན་ནའང་འགྲིག་གི་ཡོད་པ་མ་རེད།དེར་མ་ཟད།ཤར་ཕྱོགས་པའི་ཡུལ་ནས་བྱུང་བས་ཤར་ཕྱོགས་པའི་སྒེར་ཆོས་ལྟ་བུ་ཞིག་གམ།འགྲོ་བ་མིའི་ཡུལ་ནས་བྱུང་བས་མིའི་སྒེར་ཆོས་ལྟ་བུ་ཞིག་ཏུ་ངོས་འཛིན་ནའང་འགྲིག་གི་ཡོད་པ་མེད།   

གང་ལགས་ཟེར་ན།རྫོགས་པ་ཆེན་པོ་ནི་གཞི་ལམ་འབྲས་གསུམ་གང་གི་ཆ་ནས་ཀྱང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བ།སྐྱེ་འགྲོ་ཐམས་ཅད་ཀྱི་ཡང་དག་པའི་ལམ་གྱི་མཐར་ཐུག་ཅིག་ཡིན་སྟབས།དེ་ལ་ཕྱོགས་དང་རིས་སུ་གཅད་པ་ཡིན་ན་རྫོགས་ཆེན་མ་ཡིན་པ་དེ་ག་རང་ནས་ཐག་ཆོད་ཀྱི་ཡོད་པ་རེད།

 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།