ཅི་ཞིག་ལ་རྫོགས་པ་ཆེན་པོ་ཟེར།


རྫོགས་པ་ཆེན་པོ་ཞེས་པ་ནི།གཞི་དང་།ལམ།འབྲས་བུ་གསུམ་ཀ་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་ཀློང་དུ་ཡོངས་རྫོགས་པ་ཞིག་ལ་ཟེར་གྱི་ཡོད་པ་རེད།རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་ཞིག་ཡིན་ཕྱིན་ཆད་གཞིའི་གནས་ལུགས་སྙིང་པོ་བྱང་ཆུབ་ཀྱི་སེམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་ཤེས་མཁན་ཞིག་ཡིན་དགོས།དེ་ཡང་《ཀྱེ་རྡོར》ལས། “སེམས་ཅན་རྣམས་ནི་སངས་རྒྱས་ཉིད།།འོན་ཀྱང་གློ་བུར་དྲི་མས་བསྒྲིབས།།དྲི་མ་དེ་བསལ་སངས་རྒྱས་དངོས།།” ཞེས་གསུངས་པ་ལྟར།གཞིའི་གནས་ལུགས་རང་བཞིན་རྣམ་དག་ཅིག་ཡིན་ནའང་།གློ་བུར་དྲི་བྲལ་གྱི་རྣམ་དག་ཅིག་ཡིན་གྱི་མ་རེད།དེའི་ཚུལ་ནི《ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད》ལས། “སྣང་སྲིད་འཁོར་འདས་ཐམས་ཅད་ཀུན།།གཞི་གཅིག་ལམ་གཉིས་འབྲས་བུ་གཉིས།།རིག་དང་མ་རིག་ཆོ་འཕྲུལ་ཏེ།།” ཞེས་པ་ལྟར།ཀུན་གྱི་གཞིའི་གནས་ལུགས་རང་བཞིན་རྣམ་པར་དག་པ་གཅིག་པ་ཡིན་ནའང་།ལམ་དུས་སུ་རིག་པ་དང་།མ་རིག་པ་གཉིས་ལ་བརྟེན་ནས།འབྲས་བུ་ཞི་བ་ཐར་པ་དང་།སྲིད་པ་འཁོར་བ་གཉིས་སུ་སྣང་བ་འདི་བྱུང་བ་རེད།  

 རྫོགས་པ་ཆེན་པོའི་ལམ་གྱི་གནད་ཀ་བསྡུ་ན།ལྟ་བ་དང་།སྒོམ་པ་དང་།སྤྱོད་པ་གསུམ་གྱི་ཁོངས་སུ་མ་འདུས་པ་ཡོད་པ་མ་རེད།རྫོགས་ཆེན་གྱི་ལྟ་བའི་མཐར་ཐུག་ནི།《སྒྲ་ཐལ་འགྱུར་རྩ་བའི་རྒྱུད》ལས། “ཕྱོགས་སུ་མ་ལྷུང་ལྟ་བའི་དོན།།”ཞེས་དང་།སློབ་དཔོན་ཆེན་པོ་ཤྲཱི་སེང་ཧས། “ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ།།”ཞེས་གསུང་པ་ལྟར།ཡོད་མེད་དང་།ཡིན་མིན་སོགས་གང་གི་ཕྱོགས་སུ་མ་ལྷུང་བ་སྟེ།རིག་འཛིན་འཇིགས་མེད་གླིང་པས། “གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པ་ནི།།《དབུ་མ་ཐལ་འགྱུར》ལས། ‘ང་ལ་ཁས་ལེན་མེད་པས་ན།།ང་ནི་སྐྱོན་མེད་ཁོ་ན་ཡིན’།།ཞེས་པའི་ཐོག་ཏུ་སླེབས་ཤིང་།སླེབས་ཚུལ་ཡང་དེང་སང་གྲུབ་པའི་མཐའ་འདི་ཉིད་འཛིན་པར་རློམས་པ་རྣམས་ལྟར་ཡིད་དཔྱོད་ཀྱི་བློས་བཞག་པ་ཙམ་མ་ཡིན་པར།རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་དོན་མཐོང་བས་སླེབས་པ་ཡིན་ཞེས་བདག་ཉིད་སྨྲའོ།།”ཞེས་གསུངས་པ་ལྟར།ལྟ་བའི་དོན་རང་རྒྱུད་དུ་འཁྲུངས་པ་དེ་ལ་རྫོགས་པ་ཆེན་པོའི་ལྟ་བ་ཞེས་ཟེར་གྱི་ཡོད་པ་རེད། དེའི་ཚུལ་ནི།《རྒྱ་མཚོ་མཐའ་ཡས》〔VOL.I 186 B.L.5〕ལས། “ཨ་ཏི་ཕྱོགས་རིས་མེད་པ་ལ།།བལྟས་ཀྱང་སྐྱོན་མེད་རང་བྱུང་ཡིན།།མ་བལྟས་མཚན་མ་རང་སར་གྲོལ།།གཉིས་མེད་རང་གྲོལ་དབྱིངས་སུ་ལྟ།།ལྟ་བ་ཕྱོགས་སུ་འཛིན་པའི་བདུད།། རོལ་པ་འགག་མེད་དབྱིབས་སུ་གྲོལ།།” ཞེས་གསལ་བར་བསྟན་པས་ཀྱང་ཤེས་ཐུབ་པ་ཡིན།ལྟ་བ་དེ་ཡིད་དཔྱོད་ཀྱིས་གཏན་ལ་འབེབས་པ་ལ།ང་ཚོའི་དབང་ཤེས་སུ་ནུས་ཚོད་ཀྱི་རིགཔ་དང་ཐ་སྙད་ལ་བརྟེན་ནས་གཏན་ལ་དབབ་དགོས་ཤིང་།ཇི་ལྟར་གཏན་ལ་འབེབས་པའི་ཚུལ་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་དབུ་མ་ཐལ་འགྱུར་གྱི་ལུགས་ཏེ།དེ་ལས་ལྷག་པའི་ལྟ་བ་གཏན་ལ་འབེབས་ལུགས་ཤིག་མེད་པ་ནི།དཔལ་ས་སྐྱ་པཎ་ཊི་ཏས། “དབུ་མ་ལས་ལྷག་ལྟ་ཡོད་ན།།ལྟ་དེ་སྤྲོས་པ་ཅན་དུ་འགྱུར།།”ཞེས་གསུངས་པ་དེ་ག་རེད།  

རྫོགས་པ་ཆེན་པོའི་སྒོམ་པ་ནི།《རྡོར་སེམས་སྙིང་གི་མེ་ལོང་》ལས། “གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན།།” ཞེས་དང་།ཤྲཱི་སེང་ཧས། “སྒོམ་པ་ཉག་གཅིག་བཏང་བཞག་འགྲོ་འོང་མེད།།”ཅེས་དང་།རིག་འཛིན་འཇིགས་མེད་གླིང་པས། “སྒོམ་པ་ཤུགས་འབྱུང་རང་གསལ་འདིས།།བློས་བྱས་ཀྱི་ལྟ་སྒོམ་ཟིལ་གྱིས་གནོན།།ལྷུན་གྲུབ་རྫོགས་ཆེན་གྱི་དགོངས་པ་ཡིན།།” ཞེས་གསུངས་པ་ལྟར།བཏང་བཞག་འགྲོ་འོང་དང་བྲལ་བ།རང་གསལ་རྟོག་པ་མེད་པ་དེ་རྫོགས་པ་ཆེན་པོའི་སྒོམ་པའི་མཐར་ཐུག་རེད། དེའི་ཚུལ་ནི།《རྒྱ་མཚོ་མཐའ་ཡས》〔VOL.I.P.186 .L.6〕ལས། “ཨ་ཏི་ཏིང་འཛིན་དམིགས་གཏད་མེད།།བསྒོམས་ཀྱང་སྐྱོན་མེད་རང་གྲོལ་ཡིན།།མ་བསྒོམས་སྐྱོན་མེད་རང་སར་གྲོལ།།རང་གྲོལ་གཉིས་མེད་རང་གྲོལ་གྱིས།།ཏིང་འཛིན་ཕྱོགས་སུ་བསྒོམས་པའི་བདུད།།བྱར་མེད་བདེ་ཆེན་དབྱིངས་སུ་གྲོལ།།” ཞེས་གསུངས་པས་ཀྱང་གསལ་བར་བསྟན་པ་ཡིན།དེ་ལྟར་ནའང་གཉིས་འཛིན་གྱིས་རྟོག་པས་བཅིངས་པའི་སྐྱེ་བོ་ལས་དང་པོ་བས།འདུ་ཤེས་སྔོན་སོང་མ་བྱས་པར་སྒོམ་ལ་འཇུག་པའི་ཐབས་མེད།ཇི་སྲིད་མཉམ་བཞག་ལ་འཇུག་ཏུ་ཡོད་པ་དེ་སྲིད་དུ་རྗེས་ཐོབ་ཀྱི་སྣང་བ་མི་འབྱུང་བའི་ཐབས་མེད་པས།བྱུང་གནས་འགྲོ་གསུམ་སོགས་སེམས་སྦྱོང་གི་རིམ་པ་ནས་བརྩམས་ཏེ།ཅོག་བཞག་རྣམ་པ་བཞིའི་སྒོ་ནས་ཁྲེགས་ཆོད་དང་།ལྷུན་གྲུབ་འོད་གསལ་ཐམས་ཅད་རྒལ་གྱི་ལམ་དངོས་ལ་འཇུག་གི་ཡོད། 

རྫོགས་པ་ཆེན་པོའི་སྤྱོད་པ་ནི། རྫོགས་ཆེན་པ་ཞིག་གཉིས་འཛིན་གྱི་མཐའ་ལས་འདས་པའི་མཉམ་གཞག་གི་ངང་དུ་གནས་པའི་ཚེའམ།ཡང་ན་ལྟ་སྤྱོད་ཡ་མ་བྲལ་ཞིང་།མཉམ་རྗེས་གཉིས་མེད་ཀྱི་རྟོགས་པ་མངོན་དུ་གྱུར་པའི་ཚེ་ན།《རྡོར་སེམས་སྙིང་གི་མེ་ལོང་》ལས། “རང་བྱུང་བཅོས་པ་མེད་པས་སྤྱོད་པའི་ཚད་དང་ལྡན།།” ཞེས་དང་།རིག་འཛིན་ཤྲཱི་སེང་ཧས། “སྤྱོད་པ་ཉག་གཅིག་རྩོལ་སྒྲུབ་མཐའ་དང་བྲལ།།” ཞེས་དང་།འཇིགས་མེད་གླིང་པས། “སྤྱོད་པ་གཏད་མེད་རང་གྲོལ་འདིས།།རྐྱེན་ངན་དང་བདེ་སྡུག་ཟིལ་གྱིས་གནོན།།”ཞེས་གསུངས་པ་ལྟར།དེ་ལ་དགེ་བས་ཕན་མི་འདོགས།སྡིག་པས་གནོད་མི་བསྐྱལ།དགེ་སྡིག་ཅེས་པ་དེའང་བློས་ཕར་བཞག་པ་ཙམ་ལས་ཡུལ་གྱི་སྟེང་ནས་ཚུར་གྲུབ་པ་ཞིག་གང་ཡང་མེད་པས།དགེ་སྡིག་ལ་བཟང་ངན་སྤང་བླང་སོགས་ཀྱི་མཐའ་དང་ཡོངས་སུ་བྲལ་བ་རང་ཤར་རང་གྲོལ་དུ་སྤྱོད་པ་དེ་རྫོགས་པ་ཆེན་པའི་སྤྱོད་པའི་དངོས་གཞི་རེད།འོན་ཀྱང་སྤྱོད་པ་གཏད་མེད་རང་གྲོལ་ཞེས་པ་དེའི་དོན་ལ་གོ་ལོག་མ་ཐེབས་པ་ཞིག་དགོས།སྤྱོད་པ་གཏད་མེད་རང་གྲོལ་ཞེས་པ་དེ་རྫོགས་ཆེན་པ་རྣམས་ཀྱིས་གང་བྱུང་མ་བྱུང་དགེ་མེད་སྡིག་མེད་བྱེད་ཆོག་ཅེས་པའི་དོན་ཞིག་རྩ་བ་ནས་མ་རེད།སློབ་དཔོན་ཀླུ་སྒྲུབ་ཀྱིས། “ཇི་སྲིད་ཕུང་པོ་འཛིན་ཡོད་པ།།དེ་སྲིད་དེ་ལ་རང་འཛིན་ཡོད།།ངར་འཛིན་ཡོད་ན་ཡང་ལས་ཏེ།།དེ་ལས་ཡང་ནི་སྐྱེ་བ་འབྱུང་།།”ཞེས་གསུངས་པ་ལྟར།ཇི་སྲིད་དུ་རྫོགས་ཆེན་པ་དེ་ལ་རྗེས་ཐོབ་ཀྱི་ལས་སྣང་འདི་ཡོད་ཕྱིན་ཆད་གཉིས་འཛིན་གྱིས་བསྐྱེད་པའི་འཁོར་བའི་ལས་སྣང་འདིར་མི་འཇུག་པའི་ཐབས་མེད་ཅིང་།ལས་སྣང་དུ་འཇུག་དགོས་ཕྱིན་ཆད།།མི་ལ་ཐུན་མོང་མིའི་ལས་སྣང་ཚད་མས་གྲུབ་པ་དང་།འདྲེ་ལ་ཐུན་མོང་འདྲེའི་ལས་སྣང་ཚད་མས་གྲུབ་ངེས་པས།ལས་བཟང་ངན་གྱི་རྗེས་སུ་མི་འབྲང་ཐབས་མེད་ཅིག་ཆགས་ཡོང་གི་ཡོད་པ་རེད།ལས་བཟང་ངན་གྱི་རྗེས་སུ་འབྲང་དགོས་ཕྱིན་ཆད་ལས་བཟང་པོ་བསགས་པ་དང་།ལས་ངན་པ་འདོར་བའི་བླང་དོར་གྱི་གནས་ལ་འཇུག་དགོས་སྟབས།ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་བསྲུང་བརྩི་བྱ་དགོས་ཀྱི་ཡོད་པ་རེད།དེ་ཡང་གྲུབ་ཆེན་ས་ར་ཧས། “སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ།།དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ།།གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་།།འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི།། ”ཞེས་གསུངས་པ་ལྟར་གནས་ལུགས་ཟབ་མོའི་དོན་མངོན་དུ་གྱུར་བ་དེ་སྙིང་རྗེའི་སྙིང་པོ་ཅན་ཞིག་ཡིན་དགོས་ཀྱི་ཡོད་པ་རེད།ང་ཚོས་སྐྱེ་འགྲོ་ཐམས་ཅད་ཀྱི་གནས་ལུགས་ཟབ་མོའི་དོན་ནི་མ་རྟོགས་ཤིང་།མ་རིག་པའི་རྒྱུས་གཉིས་འཛིན་ཆེས་ཆེར་བསྐྱེད་དེ་ལས་དང་བག་ཆགས་མང་དུ་བསགས།ལས་དང་བག་ཆགས་ཀྱི་དྲི་མས་ཡང་དག་པའི་གནས་ལུགས་ཡོངས་སུ་བསྒྲིབས་ནས་རང་དབང་མེད་པར་འཁོར་བ་མཐའ་མེད་དུ་འཁྱམས་ཀྱི་ཡོད་པའི་རྒྱུ་རྐྱེན་ཚང་མ་ཤེས་ཀྱི་ཡོད་སྟབས།དེ་དག་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སྙིང་རྗེ་ཚད་མེད་པ་ཞིག་མི་སྐྱེ་ཐབས་མེད།སྟོང་གསལ་གཉིས་མེད་ཀྱི་གནས་ལུགས་ཟབ་མོ་དེ་རྟོགས་ན།བསོད་ནམས་ཀྱི་དགེ་ཚོགས་ཐམས་ཅད་ཀྱང་ངང་གིས་འདུས་ཏེ།དཔལ་ལྡན་ཨ་ཏི་ཤས། “ལམ་གྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ།སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན།ཕྱི་ནང་གི་དངོས་པོ་མཐའ་དག་ལ་ཞེ་འདོད་འཛིན་ཆགས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པ་ཡོད།འཛིན་ཆགས་མེད་པ་ལ་མི་དགེ་བའི་དྲི་མས་མི་གོས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད།དེ་ལ་ང་དང་ང་ཡིར་འཛིན་པའི་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་རྟོགས་པའི་དོན་ལ་སེམས་མངོན་པར་སྤྲོ་བ་དང་ལྡན་པས་བརྩོམ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད།དེ་ལ་དངོས་པོར་འཛིན་པའི་གཡེང་བ་དང་བྲལ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད།གང་ལའང་འཁོར་གསུམ་དུ་རྟོག་པའི་ཡིད་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད།”ཅེས་གསུངས་པ་དེ་ག་རེད། 

སྤྱོད་པ་སྤྱད་ཚུལ་གྱི་དབང་དུ་བྱས་ན།རྫོགས་པ་ཆེན་པོ་ནི་ལྟ་སྒོམ་སྤྱོད་འབྲས་གང་གི་ཆ་ནས་ཀྱང་།ལྷུན་གྲུབ་དང་།རང་གྲོལ་ཞེས་བྱ་བ་དེ་རེད།དེའི་དོན་ཐ་མལ་བའི་ཚིག་གིས་བརྗོད་ན།ཡང་དག་པའི་རང་དབང་ངམ།གཞན་དབང་དུ་མ་གྱུར་པ་ཞིག་ལ་ལྷུན་གྲུབ་དང་།རང་གྲོལ་ཞེས་གཞག་དགོས་ཀྱི་ཡོད་པ་རེད།གང་ལགས་ཟེར་ན།གཞན་དབང་གིས་ཐག་བཅད་པའི་མཐའ་རྒྱའམ།ཕྱི་ཡུལ་གྱི་སྟེང་ནས་ཚུར་བཞག་པའི་རྒྱ་ཞིག་ཕྱིན་ཆད་མཐའ་གང་རུང་ཞིག་ཏུ་མི་ལྷུང་བའི་ཐབས་མེད།མཐའ་གང་རུང་ཞིག་ལྷུང་ཕྱིན་ཆད་གཉིས་འཛིན་གྱི་སྒྲོག་ལས་གྲོལ་བའི་སྐབས་མེད།དེས་ན《རྒྱུད་རང་ཤར》〔རྒྱུད་བཅུ་བདུན་p.424 l.5〕ལས། “སྤྱོད་ལམ་གཞན་དང་མཐུན་པར་སྤྱོད།།”ཅེས་དང་།〔P.409 L.1〕“ཆགས་ལ་ཞེན་མེད་སྤྱོད་པ་ནི།།རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ།།” ཞེས་གསུངས་པ་ལྟར།རྫོགས་ཆེན་པ་རང་ཉིད་ཀྱིས་ལེགས་ཉེས་དང་ཕན་གནོད་སོགས་ཀྱི་གོ་རྟོགས་ནང་ནས་རྙེད་དེ་སྤྱོད་པ་མི་དང་བསྟུན་ནས་སྤྱད་དགོས་ཤིང་།དེ་འདྲ་བྱས་ན་རྗེས་སྣང་གི་སྤྱོད་པའི་སྐབས་སུའང་རྫོགས་པ་ཆེན་པོའི་ལྟ་སྤྱོད་ཡ་བྲལ་དུ་མ་སོང་བ་ཞིག་ཡོང་ཐུབ་ཀྱི་ཡོད་པ་རེད།《རྒྱ་མཚོ་མཐའ་ཡས》〔VOL.I.P.186 L.7〕ལས། “ཨ་ཏིའི་སྤྱོད་པ་བླང་དོར་མེད།།སྤྱད་ཀྱང་སྐྱོན་མེད་རང་བྱུང་ཡིན།།མ་སྤྱད་སྐྱོན་མེད་རང་བྱུང་ཡིན།།རང་གྲོལ་རང་བྱུང་སྤྱོད་པ་ཡིས།།ཆེད་དུ་སྤྱོད་པའི་བདུད་ལས་གྲོལ།།” ཞེས་གསུངས་པས་ཀྱང་ཤེས་ཐུབ།སྤྱོད་པའི་རྒྱས་ཕྱི་ལོགས་ནས་ཚུར་བཅིངས་པ་དེ་རིགས་ཀྱིས།སྐྱེ་བོ་བློ་གྲོས་ཤིན་ཏུ་དམན་པ་འགའ་ལ་དགེ་བའི་ས་བོན་འཇོག་པ་དང་།ལུས་ངག་གི་ཉེས་སྤྱོད་བསྡོམ་པ་སོགས་ཀྱི་ཕན་པ་ངེས་པར་འབྱུང་སྲིད་ནའང་།སྐབས་མཚུངས་སུ།ཡུལ་དུས་གནས་སྐབས་སོགས་ཀྱི་ཆ་རྐྱེན་མི་འདྲ་བ་མང་ཞིག་ལ་བརྟེན་ཏེ།ཚུལ་དང་མི་མཐུན་པ་མང་པོ་ཞིག་ཀྱང་ཡོང་གི་ཡོད་པ་རེད།ཡུལ་གྱི་སྒོ་ནས་དཔྱད་ན།རྒྱ་གར་དང་།བོད་ཡུལ་སོགས་སུ་ཆོས་སྤྱོད་དུ་བརྩིས་པའི་བྱ་བ་མང་པོ་ཞིག་ཡུལ་གཞན་དག་ཏུ་ཉེས་སྤྱོད་དམ་མི་མཛེས་པའི་སྤྱོད་པ་ཞིག་ཏུ་མཐོང་སྲིད།དུས་ཀྱི་དབང་དུ་བྱས་ན།གནའ་དུས་མི་རྣམས་ཞི་དལ་གྱིས་འཚོ་བའི་སྐབས་ཀྱི་བྱ་སྤྱོད་མང་པོ་ཞིག་དེང་དུས་མི་རྣམས་འཁོར་ལོའི་བྱེད་རྩོལ་གྱི་བྲེལ་ཟིང་གི་ནང་དུ་ཚུད་པའི་སྐབས་འདིར་བྱེད་པའི་ལོང་ཁོམས་མེད་པ་དང་།འདས་པའི་དུས་ཀྱི་མི་ཚོའི་བསམ་མནོ་དང་།དེང་དུས་ཀྱི་མི་ཚོའི་བསམ་མནོ་གཏོང་ཕྱོགས་མི་འདྲ་བས།དུས་ཀྱི་འགྱུར་བ་སྣ་ཚོགས་པ་ལ་བརྟེན་ཏེ།མི་རྣམས་ཡུལ་གྱི་སྟེང་ནས་ཚུར་བཞག་པའི་ཁྲིམས་ཀྱིས་འཆིང་བར་མི་འདོད་ནས།སྙིང་པོའི་དོན་ལས་རིང་དུ་ཕྱོགས་པའམ།མང་ཞིག་གིས་རྩ་བ་ནས་འདོར་བའི་ཉེན་ཁ་འདི་དག་ཡོང་གི་ཡོད་པ་རེད།དངོས་ཀྱི་གནས་ལུགས་སྟེང་ནས་ཀྱང་།གྲུབ་རྗེ་འབྲུག་པ་ཀུན་ལེགས་ལ་འགའ་ཞིག་གིས། “དེང་དུས་འདུལ་བ་དང་སུ་མཐུན།”།ཞེས་བཀའ་འདྲི་ཞུས་པའི་ལན་དུ། “བཅོམ་ལྡན་འདས་དང་།རྒྱན་དྲུག་མཆོག་གཉིས་མཐུན་ལས་ཆེ།གཞན་དུ་ན་ཡི་གེར་བྲིས་པའི་སྣག་ཚ་དང་ཤོག་བུ་མཐུན་ཡོང་།” །ཞེས་གསུངས་དགོས་བྱུང་བ་དེ་འདྲའི་གནས་ཚུལ་ཆགས་ཡོང་གི་ཡོད་པ་རེད།རྫོགས་པ་ཆེན་པོའི་བསྟན་འབྱུང་རྣམས་ནས།རྫོགས་ཆེན་གྱི་བསྟན་པ་ནི་སྙིགས་མའི་དུས་སུ་ཇི་ཟབ་དང་ཇི་རྒྱས་སུ་འགྱུར་ཞིང་།མ་འོངས་པ་ཚེ་ལོ་བཅུ་པའི་བར་དུ་བསྟན་པ་གནས་པར་བཤད་པ་དེའི་རྒྱུ་མཚན་གཙོ་བོའང་རྫོགས་ཆེན་ནི་ལྟ་སྤྱོད་ཡ་མ་བྲལ་བ་རང་གྲོལ་གྱི་ལམ་ཟབ་མོ་ཞིག་ཡིན་པ་དེ་ལས་གཞན་པའི་རྒྱུ་མཚན་ཡོད་པ་མ་རེད། 

དེ་ལྟ་བུའི་སྤྱོད་པ་དམ་པ་དེ་མདོ་ཧྲིལ་གྱིས་དྲིལ་བ།བཅོམ་ལྡན་འདས་ཀྱིས། “རང་དབང་ཐམས་ཅད་བདེ་བ་ཡིན།།གཞན་དབང་ཐམས་ཅད་སྡུག་བསྔལ་ལོ།།”  །ཞེས་གསུངས་པས་གཞིར་གཟུང་།ཞི་བ་ལྷས། “འཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་བདེ་འདོད་ལས་བྱུང་།།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཀུན་བདག་བདེ་འདོད་ལས་བྱུང་།།” ཞེས་གསུངས་པས་བློ་སྦྱང་།རིག་འཛིན་འཇིགས་མེད་གླིང་པས། “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།བསམ་པ་ངན་ན་ས་དང་ལམ་ཡང་ངན།།ཐམས་ཅད་བསམ་པ་དག་ལ་རག་ལས་པས།།ཀུན་ཏུ་བསམ་པ་བཟང་ལ་བརྩོམ་པར་བགྱི།།” ཞེས་གསུངས་པ་ལྟར་གཞན་ཕན་གྱི་བསམ་པ་བཟང་པོའི་རྩིས་ཟིན་པ་ཞིག་བྱས་པ་ཡིན་ན་སྤྱོད་པ་ཀུན་དང་མི་མཐུན་པ་ཞིག་ཡོང་ཐབས་ཡོད་པ་མ་རེད། 

རྫོགས་ཆེན་པའི་འབྲས་བུ་ནི།《རྒྱ་མཚོ་མཐའ་ཡས》〔VOL.186 AL.1〕ལས། “རྫོགས་ཆེན་འབྲས་བུ་སྤངས་ཐོབ་མེད།།བསྒྲུབས་ཀྱང་སྐྱོན་མེད་ཡེ་སངས་རྒྱས།།མ་བསྒྲུབས་སྐྱོན་མེད་རང་ས་ཟིན།།རང་གྲོལ་ལྷུན་གྲུབ་རྫོགས་སངས་རྒྱས།།འབྲས་བུ་གཞན་ནས་རེ་བའི་འདུད།།རེ་དོགས་མེད་པས་ཀུན་བཟང་ཀློང་།།བདེ་འབྱམས་རོལ་པའི་དབྱིངས་སུ་རྒྱལ།།” ཞེས་དང་།《རྒྱ་མཚོ་མཐའ་ཡས》〔ཀ 187 ཤ 109 ན༣=VOL.I 189 AL.3.〕ལས། “རྒྱུ་རྫོགས་ལམ་རྫོགས་འབྲས་བུ་རྫོགས།།ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི།།ཡེ་ནས་རྫོགས་ཤིང་བྱེ་བྲག་མེད།།” ཅེས་པ་ལྟར་ཡེ་ནས་ཡོངས་སུ་རྫོགས་པ་དེ་ཉིད།ཀུན་མཁྱེན་ཀློང་ཆེན་པས། “མཁའ་དབྱིངས་ཉི་ཟླའི་དཀྱིལ་འཁོར་འོད་གསལ་ཡང་།།མ་རྟོགས་སྤྲིན་ཆེན་སྙིང་པོས་ཡོངས་བསྒྲིབས་པས།།མི་སྣང་བྱང་ཆུབ་རང་ལ་ཡོད་པའི་ཚུལ།།སྤྲིན་ཆེན་དབྱིངས་སུ་བཞག་པས་རང་དེངས་ལྟར།།འབད་བརྩོམ་མེད་པས་རྒྱུ་འབྲས་སྤྲིན་བྲལ་ནས།།མཁའ་དབྱིངས་བྱང་ཆུབ་སྙིང་པོ་རང་ལས་འཆར།།”ཞེས་གསུངས་པ་ལྟར།གློ་བུར་དྲི་བྲལ་གྱི་བྱང་ཆུང་སྙིང་པོ་མངོན་དུ་གྱུར་ཏེ།སྐུ་གསུམ་ལྷུན་གྱིས་གྲུབ་པའི་གདོད་མའི་སར་གཤེགས་པ་སྟེ།དེ་ཡང་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་།ལྷུན་གྲུབ་ཐོད་རྒལ་གྱི་རྟོགས་པ་ཤར་གྲོལ་དུས་མཉམ་པས།འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་ཏེ་སྲིད་པ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པ།རྫོགས་ཆེན་གྱི་སྟོན་པ་དགའ་རབ་རྡོ་རྗེ་དང་།འཇམ་དཔལ་བཤེས་གཉེན།གོ་མ་དེ་བེ།ཤྲཱི་སེང་ཧ།ཛཱ་ན་པུ་ཏྲ།བཱི་མ་ལ་མི་ཏྲ།པདྨ་སཾ་བྷ་ཝ།བཻ་ན་ནོ་ཙཱ་ན།ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་ལྟ་བུའམ།ཡང་ན་ལྷག་མེད་མྱ་ངན་ལས་འདས་ཤིང་མངོན་པར་རྫོགས་པར་སངས་རྒྱས་ཏེ།འགྲོ་དོན་དུ་གདུང་དང་རིང་བསྲེལ་མང་དུ་བྱོན་པ།སྔོན་གྱི་གྲུབ་ཐོབ་ཆེན་པོ་སྤྱི་དང་།ཁྱད་པར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས།རིག་འཛིན་འཇིགས་མེད་གླིང་པ་ལྟ་བུ་རྣམས་དང་།ཡང་ན་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་སྣང་བཞི་མཐར་ཕྱིན་ནས་ཁམས་ཀྱི་སྙིགས་མ་སྐྲ་དང་སེན་མོ་ཙམ་ལས།ཟག་བཅས་ཀྱི་ཕུང་པོ་ལྷག་མེད་འཇའ་ལུས་སུ་གྲུབ་པ།མངའ་བདག་ཏིང་འཛིན་བཟང་པོ།ལྕེ་བཙུན་སེང་གེ་དབང་ཕྱུགརྗེ་བཙུན་མ་ཚེ་དབང་སྒྲོལ་མ་རྣམས་དང་།དུས་ཕྱིས་སུ་མདོ་ཁམས་སྒའི་ཡུལ་གྱི་རྣལ་འབྱོར་པ་གཙང་པ་གྲུབ་ཆེན་གྱི་ཞག་སློབ་ཀུན་དགའ་ཉི་མ་དང་།དེ་ལས་ལོ་གསུམ་ཕྱི་བ་འདས་ལོ་༢༤༩༦(ཕྱི་ལོ་༡༩༥༢)ལ།མདོ་ཁམས་སྡེ་དགེ་ཡིད་ལྷུང་མ་ཎི་སྐས་མགོར་ཐུན་མོང་གི་སྣང་ངོར་འབྲོག་མི་རྒན་པོ་ལྟ་བུའི་རྫོགས་ཆེན་གྱི་རྣལ་འབྱོར་པ་པདྨ་རིན་གྲོལ་འཇའ་ལུས་སུ་ཕེབས་པ་རྒྱ་བོད་མི་སྣ་སྟོང་ཕྲག་བརྒལ་བའི་མཐོང་སྣང་མངོན་སུམ་ཚད་གྲུབ་བྱུང་བ་དང་།ངའི་བླ་མ་བཀའ་དྲིན་ཅན་བྱང་ཆུབ་རྡོ་རྗེའི་བླ་མ་པདྨ་བདུད་འདུལ།ཉེ་ཆར་ངའི་ཁུ་བོ་རྟོགས་ལྡན་ཨོ་རྒྱན་བསྟན་འཛིན་འཇའ་ལུས་སུ་ཕེབས་པ་དེ་འདྲ་ཡོང་གི་ཡོད་པ་རེད།དབང་པོ་འབྲིང་རྣམས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་མངོན་འཚང་རྒྱ་བ་དང་།དབང་པོ་ཐ་མ་རྣམས་ཀྱང་རང་བཞིན་སྤྲུལ་པའི་ཞིང་སྣང་དུ་དབུགས་འབྱིན་ཐོབ་ནས་རིམ་གྱིས་གནས་ལུགས་ཟབ་མོའི་དོན་མངོན་དུ་འགྱུར་ཏེ་འཚང་རྒྱ་གི་ཡོད་པ་རེད།   

 མདོར་ན།དེ་ལྟ་བུའི་གཞི་ལམ་འབྲས་གསུམ་གྱི་གནད་དེ་ལ་རྫོགས་པ་ཆེན་པོ་ཞེས་བྱ་ཞིང་།གནད་དེ་གསུམ་གང་ཟག་སུ་ཡང་རུང་བ་ཞིག་གི་རང་རྒྱུད་ལ་ཚང་བ་དེ་ལ་རྫོགས་ཆེན་པ་ཟེར་གྱི་ཡོད་པ་རེད།གནད་འདི་གསུམ་ཞིབ་རྒྱས་མཁྱེན་འདོད་པ་རྣམས་ནས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྒྱུད་ལུང་ལ་ཐོས་བསམ་གནང་དགོས་ཤིང་།དེ་ཙམ་མི་ནུས་ན།དེ་དག་གི་དགོངས་པ་གཅིག་ཏུ་དྲིལ་བ།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་མཛོད་ཆེན་རྣམས་སམ།དེ་ཙམ་ཡང་མི་ནུས་ན།ཁོ་བོས་བྲིས་པ་ཀློང་གི་སྙིང་པོ་ཙམ་ལ་ཞིབ་གཟིགས་གནང་ན།རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྐོར་མཁྱེན་ཐུབ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།