ས་སྐྱ་པའི་གྲུབ་མཐའི་མིང་གི་བྱུང་ཚུལ།

ས་སྐྱ་པ་ཞེས་ཡོངས་སུ་གྲགས་པ་ནི་འཁོན་དཀོན་མཆོག་རྒྱལ་པོའི་དུས་ནས་བྱུང་བ་ཞིག་ཡིན་ལ་སྤྱིར་ས་སྐྱ་ཞེས་པ་དེ་ནི་ས་ཆའི་མིང་ཡིན་ཞིང་ས་ཆའི་མིང་དེ་དགོན་པར་བཏགས་པ་ཡིན་ལ་དགོན་པ་དེ་ཆགས་སའི་ས་ཆའི་ཁ་དོག་སྐྱ་བོ་ཡིན་པའི་ཆ་ནས་མིང་ལ་ས་སྐྱ་དགོན་པ་ཞེས་ཟེར། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོ་ནི་ཐོག་མར་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས་ཤིང་། ཕྱིས་སུ་གསར་མ་སྦྱངས། རྒྱ་བོད་ཀྱི་བླ་མ་གྲགས་ཅན་མང་པོ་བསྟེན། དབོན་པོ་རི་གླང་པོ་ཆེ་ཉལ་བ་ལྟ་བུའི་མཁལ་ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་སོགས་ས་བཟང་བར་གཟིགས་སྟེ་དེར་བོད་རབ་བྱུང་དང་པོའི་ཆུ་གླང﹙སྤྱི་ལོ༡༠༧༣﹚ལོར་དགོན་པ་ཕྱག་བཏབ་ནས་གནས་གཞི་བཟུང་ཞིང་། འཁོན་གྱི་གདུང་རྒྱུད་ས་ཆེན་ཀུན་དགའ་སྙིང་པོ་སོགས་རིམ་པར་བྱོན་ཏེ་ས་སྐྱ་པའི་གྲུབ་མཐའ་དར་རྒྱས་བྱུང་ལ་མིང་ལ་ས་སྐྱ་པའི་གྲུབ་མཐའ་ཞེས་ཐོགས་པ་ཡིན། ས་སྐྱ་པའི་ཆོས་རྒྱུད་འཛིན་པའི་དགོན་ཕྲན་ཀྱང་ངོར་ཨེ་ཝཾ་ཆོས་སྡེ། གོང་དཀར་རྡོ་རྗེ་གདན། འཕན་པོ་ནཱ་ལེནྡྲ། རྟ་ནག་ཐུབ་བསྟན་རྣམ་རྒྱལ། སྐྱེད་ཚལ་གོང་འོག་གཉན་ཡོད་བྱ་གཤོ། ཐུབ་བསྟན་ར་བ་སྨད། རྣམ་རབ་དྭགས་པོ་གྲ་ཚང་། བཞད་ཐུབ་བསྟན་ཡང་ཅན། ཆོས་སྐོར་ལྷུན་པོ།  ཨ་མདོ་དྷི༚ དགོན་སོགས་རྒྱ་ཆེར་དར་རོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།