བཀའ་གདམས་པའི་གྲུབ་མཐའི་མིང་གི་བྱུང་ཚུལ།

བཀའ་གདམས་པ་ཞེས་པ་ནི།རྒྱལ་བའི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པར་རང་གི་ཉམས་སུ་བླང་བྱའི་གདམས་ངག་ཏུ་གོ་བས་བཀའ་གདམས་པ་ཞེས་བརྗོད་ལ། དེ་ཡང་བོད་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ༡༠༤༠ལོར། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤསྤྱི་ལོ༩༨༢---༡༠༥༤བོད་གངས་ཅན་གྱི་ལྗོངས་སུ་དཀའ་བ་ཆེན་པོས་སྤྱན་དྲངས་ནས་མངའ་རིས་དང་། ཡེར་པ། སྙེ་ཐང་། འཕན་པོ། ལྷ་ས་བཅས་སུ་ལོ་ངོ་བཅུ་བདུན་གྱི་རིང་ལ་ཆོས་གསུངས་པ་དང་། བསྒྱུར་པ་སོགས་མཛད་དེ་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ཅིང་སློབ་མའང་མང་དུ་བསྐྱངས། སློབ་མའི་མཆོག་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནསསྤྱི་ལོ༡༠༠༤---༡༠༦༤ཀྱིས་རབ་བྱུང་དང་པོའི་མེ་བྱ་སྤྱི་ལོ༡༠༥༧ལོར་རྭ་སྒྲེང་དགོན་བཏབ་པ་དང་། དེ་ནས་དར་སྤེལ་བྱུང་བའི་ཆོས་རྒྱུད་ལ་བཀའ་གདམས་པ་ཞེས་བརྗོད་ཅིང་། ཇོ་བོ་རྗེས་བཀའ་གདམས་གྲུབ་མཐའི་དབུ་བརྙེས་པར་མཛད་པ་དང་། འབྲོམ་སྟོན་པས་སྲོལ་གཏོད། སྐུ་མཆེད་གསུམ་གྱིས་རྒྱས་པར་མཛད་པའི་རྒྱལ་བའི་བཀའ་ལས་ན་གཅིག་ཀྱང་འདོར་དུ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་གོ་བའི་ཆ་ནས་བཀའ་གདམས་པ་ཞེས་བྱའོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།