རྙིང་མ་པའི་བསྟན་བཅོས་གྲགས་ཅན།

1.ཀློང་ཆེན་མཛོད་བདུན།

གཞུང་འདི་ནི་དུས་རབས་བཅུ་བཞི་བའི་སྐབས་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཀློང་ཆེན་རབ་འབྱམས་པས་མཛད་པ་ཡིན། ཀློན་ཆེན་མཛོད་བདུན་ཞེས་པ་ནི་བསྟན་བཅོས་མི་འདྲ་བ་བདུན་གྱི་སྤྱི་མིང་སྟེ། དེ་དག་ནི་གྲུབ་མཐའ་མཛོད》《ཐེག་མཆོག་མཛོད》《ཡིད་བཞིན་མཛོད》《མན་ངག་མཛོད》《ཆོས་དབྱིངས་མཛོད》《གནས་ལུགས་མཛོད》《ཚིག་དོན་མཛོདབཅས་ཡིན། གཞུང་དེ་དག་ནི་གསང་སྔགས་རྙིང་མ་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་སོགས་གཏན་ལ་འབེབས་སའི་གཞི་གཙོ་བོ་ཡིན་ལ། མདོར་ནམཁས་པ་དགྱེས་པའི་ཚིག་གི་སྡེབ་སྦྱོར། སྐལ་ལྡན་གྲོལ་པའི་དོན་གྱི་ཟབ་གནད། རྗེས་འཇུག་ཚིམ་པའི་རྟོགས་པའི་འདྲ་འབག བླང་དོར་སྟོན་པའི་དགེ་བའི་བཤེས་གཉེན། གཞན་རྒོལ་ཟིལ་གནོན་སེང་གེའི་སྒྲ་དབྱངས། རྒྱལ་བསྟན་གསལ་བྱེད་ཉི་ཟླའི་སྒྲོན་མེ། བསྟན་པ་ཡོངས་རྫོགས་རིན་ཆེན་བང་མཛོད། ཐེག་པའི་ཡང་རྩེ་ནོར་བུའི་ཏོག་གིས་བརྒྱན་པཞེས་རྫ་དཔལ་སྤྲུལ་གྱིས་གསུངས་པ་ལྟར་ཁྱད་ཆོས་དུ་མ་དང་ལྡན་ནོ།།

2.ཀུན་བཟུང་བླ་མའི་ཞལ་ལུང་།

གཞུང་འདི་ནི་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས༡༨༠༨--༡༨༨༧མཛད། བསྟན་བཅོས་འདིའི་བརྗོད་བྱ་ནི་བོད་ཀྱི་དམ་པ་གོང་མ་རྣམས་ལས་རིམ་བཞིན་བརྒྱུད་པའི་ལམ་གྱི་རིམ་པའི་མན་ངག་སྤྱི་དང་། ཁྱད་པར་དུ་གསང་སྔགས་རྙིང་མ་པའི་དམ་པ་གོང་མ་རྣམས་ལས་རིམ་བཞིན་བརྒྱུད་པའི་ལམ་གྱི་རིམ་པའི་མན་ངག་གི་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་དེ་ཡིན། རྗོད་བྱེད་ཚིག་གི་ཆ་ནས་སྡེབ་སྦྱོར་ལེགས་ཤིང་བོད་རོང་འབྲོག་ས་ཁུལ་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆ་བཀོལ་སྤྱོད་བྱས་པ་མང་པས་སུས་ཀྱང་གོ་ཐུབ་པ་སོགས་མདོར་ན། མཁས་པས་བརྟགས་ན་དོན་བཟང་པ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུས་ལ་འཛིན་བདེ་བ། དོན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་དང་ལྡན་པ། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་པས་མཁས་རྨོངས་བར་མའི་སྐྱེས་བོ་མཐའ་དག་གི་ཡིད་འཕྲོག་པ་ཡོདཅེས་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མས་གསུངས་པ་ལྟར་རོ།།

༣.ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར།

གཞུང་འདི་ནི་ཀུན་མཁྱེན་འཇིགས་མེད་གླིང་བས༡༧༢༩--༡༧༩༨བརྩམས་ཤིང་། སྔ་འགྱུར་བསྟན་པའི་སྲོག་རྩ་ལྟ་བུའི་བསྟན་བཅོས་གྲགས་ཅན་ཞིག་ཡིན། བསྟན་བཅོས་འདིརི་བསྡོམས་པས་ལེའུ་བཅུ་གསུམ་ཡོད་ལ། ལེའུ་དང་པོ་ནས་དགུ་པའི་བར་དུ་མདོ་ལམ་གྱི་དགོངས་པ་འགྲེལ་ཡོད་པ་དང་། ལེའུ་བཞི་པ་ནས་བཅུ་གསུམ་བར་དུ་གསང་སྔགས་སྤྱི་དང་ཁྱད་པར་དུ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་དོན་མ་ལུས་པ་གཏ་ལ་ཕབ་ཡོད། བསྟན་བཅོས་འདི་རུ་སྔ་འགྱུར་རྙིང་མའི་དམ་པ་གོང་པ་རྣམས་ཀྱི་མན་ངག་གི་བཅུད་ཡོངས་སུ་འདུས་ཤིང་། མདོ་སྔགས་གྱིས་མཚོན་པའི་གཞུང་དོན་ཆ་ཚང་ཞིང་ཉམས་ལེན་གྱི་གོ་རིམ་ལྟར་བརྩམས་འདུག་པས་སྔ་འགྱུར་རྙིང་མའི་མཁས་པས་བརྩམས་པའི་བསྟན་བཅོས་གཞན་ལས་ཁྱད་དུ་འཕགས་ཤིང་། ཚིགས་བཅད་རྐྱང་བའི་ལམ་ནས་བརྩམས་ཡོད་པས་ཚིག་ཉུང་ཞིང་བློ་ལ་འཛིན་བདེ་བ། དཔེ་བརྗོད་རྣམས་དམངས་ཁྲོད་ཀྱི་འཚོ་བ་དང་ཤིན་ཏུ་ཐག་ཉེ་བའི་ཁྱད་ཆོས་ལྡན་ནོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།