ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བ་དཀར་པོའི་གནས་སྒོ་ཕྱེ་བའི་ལེ་ཚན།

  རྩོམ་པ་པོ། : ནག་པོ་སྐལ་བཟང་གིས་དཔེ་རྙིང་འདོན་སྤྲོད་བྱས།   སྤེལ་དུས། : 2016-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

         དེ་ནས་གནས་བདག་གི་སྐུལ་མ་དང་ཡི་དམ་གྱི་ལུང་བསྟན་བྱུང་བར་བརྟེན། གནས་མཆོག་ཁ་བ་དཀར་པོའི་གནས་སྒོ་དབྱེ་ཞིང་འགྲོ་འདུལ་དུས་ལ་བབ་པར་གོ་ནས་ཤེར་བྲག་གི་འཛུལ་ཕུག་གི་གདོང་ནས་བྲག་ཟང་ཐལ་དུ་བརྟོལ་ཏེ།རི་རྩེ་ལྟ་བས་མི་ངོམས་པ་ནས་བྱ་རྒོད་ཕུག་པ་ཞེས་བྱ་བ་ཡོད་པས།དེ་ན་བྱོན་ཏེ་རྨི་ལམ་དང་བཀྲ་ཤིས་ཡང་དག་པར་བརྗོད་ནས་བྱ་ལྡིང་བ་བཞིན་དུ་འཕུར། རྟ་ཤོད་བྱེ་མའི་རི་རྒྱུད་དུ་གཤེགས་སོ།། དེའི་དུས་སུ་ཡུལ་མི་ཐམས་ཅད་ཀྱིས་མཚན་ནག་པོ་དགུང་འཕུར་དུ་གསོལ། བྱེ་མའི་རི་རྒྱུད་དུ་ལ་མཐོ་བ་ཞིག་གི་རྩེར་སླེབས་ནས་བལྟས་ཙ་ན། རི་ཐམས་ཅད་ཁྲ་སྨུག་ཧྲུག་གི་མཐོང་བས་ཉམས་སྐྱོ་ཞིང་ཤར་ཕྱོགས་སུ་གཟིགས་ནས་ཁ་བ་དཀར་པོ་དྲན་པའི་མགུར་འདི་བཞེས་སོ།།ཨེ་མ་ཨེ་མ་ཤར་ཕྱོགས་ཕ་ཀི་ན།།སྤྲིན་དཀར་གངས་རི་བརྩེགས་འདྲའི་འོག་རོལ་དུ།།གནས་ཁ་བ་དཀར་པོ་དེ་ཡིན་ན་སྤྲོ་བ་ལ།། ང་བུ་ཡིས་མཇལ་རྒྱུ་བྱུང་ན་སྐྱིད་པ་ལ།། མཇལ་ནས་སྐོར་བ་གྲུབ་ན་དགའ་བ་ལ།། གངས་རི་ན་བུན་ལྡན་པས་དཔང་མཐོ་བ།། བཀྲ་ཤིས་དུང་གི་རྒྱལ་མཚན་འཕྱར་འདྲ་བ།། ཁ་བ་དཀར་པོ་དེ་ཡིན་ན་སྤྲོ་བ་ལ།། ང་བུ་ཡིས་མཇལ་རྒྱུ་བྱུང་ན་སྐྱིད་པ་ལ།། མཇལ་ནས་སྐོར་བ་གྲུབ་ན་དགའ་བ་ལ།། སྤྲིན་སྨུག་པོ་བླ་བྲེ་ཕུབ་འདྲའི་འོག རི་སྨུག་པོ་དུང་གི་མགུལ་དཀྲིས་ཅན།། ཁ་བ་དཀར་པོ་དེ་ཡིན་ན་སྤྲོ་བ་ལ།། བུ་ང་ཡིས་མཇལ་རྒྱུ་བྱུང་ན་སྐྱིད་པ་ལ།། མཇལ་ནས་སྐོར་བ་གྲུབ་ན་དགའ་བ་ལ།། སྤྲིན་སེར་པོ་གསེར་གདུགས་ཕུབ་འདྲའི་འོག། སྤང་རི་སྔོན་པོ་བྲག་དཀར་གྱི་ཟེ་བ་ཅན།། ཁ་བ་དཀར་པོ་དེ་ཡིན་ན་སྤྲོ་བ་ལ།། ང་བུ་ཡིས་མཇལ་ན་སྐྱིད་པ་ལ།། མཇལ་ནས་སྐོར་བ་གྲུབ་ན་དགའ་བ་ལ།། སྤྲིན་པ་དམར་སེར་ཆོས་གོས་བརྐྱང་འདྲའི་འོག། རི་ཁྲ་བོ་གཟི་ཡི་མཆོད་རྟེན་འདྲ།། མགུལ་དུ་གཡུ་ཡི་ན་བུན་ཅན།། ཁ་བ་དཀར་པོ་དེ་ཡིན་ན་སྤྲོ་བ་ལ།། བུ་ང་ཡིས་མཇལ་ན་སྐྱིད་པ་ལ།། མཇལ་ནས་སྐོར་བ་གྲུབ་ན་དགའ་བ་ལ།། དེ་རིང་ཤར་ཕྱོགས་ཕ་ཀིར་བལྟས་ཙ་ན།། ནམ་མཁའ་སྔོ་ཞིང་ལྷོ་སྤྲིན་རྒྱུན་དུ་ཆགས།། བར་སྣང་ན་བུན་རི་རྣམས་ཁྲོམ་ལྟར་ཚོགས།། དེ་རིང་རྟ་ཤོད་རི་ཡི་ལ་ཁ་འདིར།། རྣམ་འབྱོར་ཕ་མེད་མ་མེད་འཁྱམས་པའི་ཚེ།། རྟོགས་པ་འཕེལ་འགྲིབ་མེད་པའི་སྤྲོ་བ་འཕེལ།། ཤེས་པ་ཡེངས་མེད་འཁྲུལ་མེད་ལྟད་མོ་བལྟ།།མོས་གུས་ཐང་ལྷོད་མེད་པར་གསོལ་བ་ཐོབས།། ཨེ་མ་ཨེ་མ་ནུབ་ཕྱོགས་ཡར་ལ་བལྟས་ཙམ་ན།། ལྷོ་སྤྲིན་རི་བོ་རྫོགས་པའི་མཚམས་རོལ་ན།། རི་བོ་སྨུག་པོ་རྫ་རི་ཟང་ངེ་བ།། ཤེལ་བྲག་ཉི་མ་རྫོང་དེ་ཨེ་ཡིན་ལ།། དེ་ན་ཡོད་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས།། དྲན་མ་ཐག་ནས་ཕྱིན་ན་དགའ་བ་ལ།། ཕྱིན་མ་ཐག་ནས་མཇལ་ན་སྐྱིད་པ་ལ།། དེ་ནས་ལྷོ་ནུབ་ཕྱོགས་ནས་བལྟས་ཙ་ན།། སྟོང་གསལ་ནམ་མཁའ་རྫོགས་པའི་ཕ་མཐའ་ན།། ཨོ་རྒྱན་མཁའ་འགྲོའི་ཡུལ་དེ་ཨེ་ཡིན་ལ།། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ།། འཆི་མེད་པདྨ་འབྱུང་གནས་ཡང་ཡང་དྲན།། དྲན་མ་ཐག་ནས་ཕྱིན་ན་དགའ་བ་ལ།། ང་སྤྲང་བུ་ཁེར་བུར་འགྲོ་བ་ནི།། དམའ་རྒྱ་མཚོའི་འགྲམ་ན་ཕྱིན་ཡང་སྤྲོ།། བར་ལེ་འཕྲང་འགག་ལ་ཕྱིན་ཡང་བདེ།། མི་མེད་པའི་ཡུལ་དུ་ཕྱིན་ཡང་སྐྱིད།། མི་མང་བའི་གསེབ་ཏུ་ཕྱིན་ཡང་དགའ།། ང་སྤྲང་པོ་མ་རེད་རྒྱལ་པོར་གདའ།། སེམས་དོགས་པ་མི་དགོས་དགྲ་ལས་རྒྱལ།། ཀུན་ངོ་སྲུང་མ་དགོས་གཉེན་ལས་རྒྱལ།། ནོར་བོར་དོགས་མི་དགོས་དགྲ་ལས་རྒྱལ།། ལར་གཡེངས་བ་མ་དགོས་ཀུན་ལས་རྒྱལ།། བུ་རྒྱལ་ཞིང་དབེན་རིར་གནས་མཇལ་འགྲོ། ཞེས་གསུངས་ནས་ཕྱིར་ཚ་བ་སྒང་གི་སྒྲོལ་མ་ལྷ་ཁང་ཕྱོགས་སུ་ཕེབས།རི་བུ་ཆུང་ནས་དཀོར་ཆེན་ཐང་ཕྱོགས། ཨོཾ་མུ་ཕྲག་དཀར་བརྒྱུད་ནས་སྨུག་མེ་རི་དང་། རྡོ་རྗེ་དྲིལ་དཀར་སྒྲོ་བྲག་འགག།ལྷོ་ལ་རྟ་མགྲིན་དམར་པོའི་གནས་སོགས་རྟ་གོན་གྱི་གནས་སྲུང་དང།ལུང་བསྟན་ཞལ་གདམས་མགུར་མ་སོགས་དང་ལྷ་སྲིན་སྡེ་བརྒྱད་རིམ་བཞིན་དམ་ལ་བཏགས། ས་འདུལ་གྱི་འཕྲིན་ལས་སོགས་མང་བར་མཛད་པ་གཞན་དུ་གསལ། དེ་ནས་གནས་མདུན་བུལ་ཐོག་སྒང་ཞེས་པར་བྱོན་ནས་གནས་བདག་སོགས་ཀྱི་སྐུལ་མ་ཡང་ཡང་མཛད།དེའི་ཚེ་རྣལ་འབྱོར་ནག་པོ་དགུང་འཕུར་པས་གནས་བསྟོད་ཀྱི་མགུར་མ་འདི་སྨྲས་སོ། ན་མོ་བཛྲ་པ་ནི་ཡེ། སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།། རྣལ་འབྱོར་ཁེར་བུར་འཁྱམས་པའི་སྡུག་མཐའ་ལ།།གནས་མཆོག་ཁ་བ་དཀར་པོ་འདི་མཇལ་བ་ཨེ་བདེན་ཨང་།། བདེན་ན་སྐོར་བ་འགྲུབ་པའི་སྐལ་ཡོད་དམ།། དེ་ཀུན་གྲུབ་ན་ལུང་བསྟན་དྲིན་རེ་ཆེ།། དྲིན་ཆེན་གྲུབ་ན་རྣམ་འབྱོར་ཡིད་རེ་དགའ།། ཡར་མཇལ་སྤྲིན་དཀར་ལྟ་བུའི་ན་བུན་གསེང་།། རི་བོ་དཀར་པོ་སེང་གེ་མཁའ་འཕྱོ་འདྲ།། ལེགས་པར་མཇལ་ན་ཚངས་པའི་ཡུལ་རྩི་འདྲ།། འཁོར་གྱི་རི་ཕྲ་དུང་གི་རྒྱལ་མཚན་འདྲ།། ཐང་དང་མཚོ་རྣམས་གསེར་གཡུའི་མཎྚལ་འདྲ།། ལུང་དང་ཆུ་བོ་དཀྱིལ་འཁོར་སྒོར་མ་འདྲ།། དེ་འདྲའི་གནས་མཆོག་ཡ་མཚན་ཁྱད་འཕགས་འདི།། ལུང་བསྟན་ངེས་པ་རྙེད་ནས་ཕྱོགས་བྲལ་ཕྱིན།། ཁ་བ་དཀར་པོ་བསམ་བཞིན་ལོ་ཟླ་འདས།། རྣམ་འབྱོར་ཕ་མེད་མ་མེད་འགྲོ་བ་འདི།། ཕྱོགས་ཀྱི་གནས་རི་མཇལ་དུ་འགྲོ་བ་སྟེ།། ད་བར་གནས་མཆོག་འདི་རུ་མ་ཕྱིན་པས།། ད་ནི་རྣལ་འབྱོར་བསམ་པའི་གནས་དང་མཇལ།། བླ་མ་བཀའ་དྲིན་ཅན་གྱི་ཐུགས་རྗེ་དང་།། གནས་མཆོག་བྱིན་རླབས་ཅན་གྱི་ངེས་པ་ཡིན།། རྣལ་འབྱོར་བསམ་ཀུན་གྲུབ་པའི་ཤིས་པ་སྩོལ།། ཅེས་གསུངས་ནས་ཤུག་ལ་བརྒྱུད་ནས་འཇུས་ནང་ནས་མཆོད་རྟེན་དཀར་ཆུང་རིམ་བཞིན་གནས་ལམ་ཕྱག་རྗེས་ཞབས་རྗེས་གནས་རྟགས་སོགས་ཁྱད་པར་ཅན་མང་པོ་མཐོང་། རྡོ་སྐས་ལ་དང་བྱ་རོག་གདོང་དང་དངུལ་ཆུ་ལྷ་ཁང་བཅས་ནས་ལ་ལ་མཁའ་ལ་འཕུར། ལ་ལ་ནི་ཕེབས། ལ་ལ་ནི་ཆུར་མི་བྱིངས་བ་མཛད་ནས་ཞབས་ཀྱིས་བཅགས། རྒྱལ་མོ་རྔུལ་ཆུའི་རྒྱུད་འཇའ་ལུང་ཕུའི་ལྷ་ཁང་གི་ཕྱོགས་སུ་ཕེབས་པས། དེ་ཡི་མདོར་གུ་རྟ་རྩེ་ཞེས་པའི་ཤིང་སྡོང་ཆེན་པོ་ཡོད་པར་འདྲེ་སྲིན་མ་རུང་བ་ཐམས་ཅད་ཚོགས་ནས་ཡུལ་དེར་མི་དགེ་བའི་ལྟས་སྣ་ཚོགས་བྱུང་བས།བླ་མ་དེའི་རྩར་ཕེབས་ཏེ་ཉམས་རྟོགས་ཀྱི་མགུར་འདི་སྨྲས་སོ།། ན་མོ་བཛྲ་པ་ཎི་ཡེ། དཔལ་ཕྱག་ན་རྡོ་རྗེའི་ཞབས་ལ་འདུ། ཨ་ཙ་མ་གདོན་བགེགས་འབྱུང་པོ་ཀུན།།སྐྱེ་མེད་བྱང་ཆུབ་སེམས་འདི་མ་རྟོགས་ཤིང་།བདག་འཛིན་གཅོང་རོང་སྦུབས་སུ་རབ་འཐུམ་པས།།ང་བདག་ཡིད་ལུས་ལས་ངན་སྡུག་བསྔལ་གྱིས།།རབ་མནར་གདོན་བགེགས་སྣང་སྲིད་ལྷ་འདྲེའི་ཚོགས།།རྣལ་འབྱོར་སྨོན་པའི་བདེན་ཚིག་གླུ་འདི་ཉོན།། ཁྱོད་འདིར་ཚོགས་ཀྱི་ལྷ་འདྲེ་མ་ལུས་ཀུན།། སྔོན་ཉོན་མོངས་ཀྱི་བག་ཆགས་མ་དག་པས།།ལས་བདེ་སྡུག་ལ་ཆགས་པས་སྡུག་བསྔལ་མྱོང་།། སེམས་བྱང་ཆུབ་ཀྱི་ངོ་སྤྲོད་མ་ཐོབ་པས།། རྒྱུ་མ་རིག་ཏུ་འཁྲུལ་བས་འཁོར་བར་འཁྱམས།། རྐྱེན་ཞེ་སྡང་གི་ཤེས་པ་མ་གྲོལ་བས།། སེམས་ཕྲག་དོག་སོགས་གཞན་ལ་འཚེ་བ་བྱེད།། རྒྱུ་ང་རྒྱལ་དང་ཆགས་པ་མ་གྲོལ་བས།། ཁྱོད་སྣང་གཟུགས་ཀྱི་དངོས་ཡོད་མི་ལ་རློམས།། སྔོན་སྦྱིན་སྟོབས་ཀྱི་འབྱོར་བ་མ་ཐོང་བས།།ད་སྣང་གཟུགས་འདི་བཟའ་བཏུང་གིས་མ་ཚིམས་པར།།ལར་སྐྱེ་འགྲོ་ལ་འཚེ་དང་ཡུལ་འདིར་རློམས།། ཁྱོད་བདེ་སྐྱིད་ཀྱི་སྐལ་བ་ཅི་ནས་དབེན།། ལར་བསམ་བཞིན་བསམ་ན་ཡིད་རེ་འཕྱོ།། ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་གདོན་བགེགས་ཀུན།། ཡར་བདེ་འགྲོའི་མི་ལུས་མ་ཐོབ་ཅིང་།།མར་དམྱལ་ཁམས་ཀྱི་སྡུག་བསྔལ་བགྲང་མཐའ་ཟད།།བར་རི་བྲག་ལ་ང་ཡུལ་བདག་གིར་ཆགས།།ཁྱོད་བདག་སྣང་གི་སྟོང་གཟུགས་ཡིན་པའི་ཕྱིར།།དུས་རྒྱུན་དུ་འཁོར་བའི་གནས་སུ་ལྷུང་།། ད་དུས་སངས་རྒྱས་ཐོབ་པའི་ཕྱིར།། ངས་ཡེ་ཤེས་ཐུགས་རྗེའི་རལ་གྲི་ཡིས།། ཁྱོད་གཟུགས་ཕུང་བསྒྲལ་བའི་དུས་ལ་བབས།། ཞེས་གསུངས་ནས་ཤིང་དེ་རྫུ་འཕྲུལ་གྱིས་བཅད།། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ནས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མར་རྔ་གསུམ་བཟོ་བཅོས་པའི་རྩེ་ལ་གསང་བ་ལྷ་འབོད། བར་ལ་གསང་བ་འབྲུག་སྒྲོགས། རྩ་བར་གསང་བ་དགྲ་འདུལ་རྣམས་ཏེ་སྐུ་གསུམ་གྱི་མཚོན་བྱེད་རྔ་གསུམ་བཟོས། དེ་ནས་ནག་པོ་པས་ན་བཟའ་བེར་ནག་པོ་ཞིག་བཞེས་ནས་སྨྱོན་སྤྱོད་མཛད། ཡུལ་མི་རྣམས་ཀྱིས་མི་གོས་ནག་པོ་གྱོན་པ་ཞིག་དང་བུད་མེད་འགས་ཤིང་གཉན་དེ་བཅད་ནས་རྔ་གསུམ་བཟོ་གི་འདུག་ཟེར། ཕལ་ཆེར་གྱི་དད་པ་ཚད་མེད་པར་སྐྱེས། དེ་ན་ཡོད་པའི་མི་རྣམས་ཀྱིས་རྗེ་ཁྱོད་དང་ཁྱད་པར་མེད་པའི་རྟེན་གསུམ་ཞིག་གནང་དུ་གསོལ་ཞུས་པས། ལྷ་ཁང་དུ་ང་ཡི་སྐུ་འདྲ་ཞིག་བཞེངས། བླ་ཤིང་གི་རྩ་བ་དེར་ཉར་ཚགས་གྱིས་དང་འདྲེ་བདུད་ཀྱི་ཁ་སྣོན་དང་གནས་ཀྱི་ཡོན་ཏན་རྫོགས་པར་འབྱུང་གསུངས། དེ་ཕྱིན་ཕྱི་ནང་གསང་གསུམ་གྱི་བསྐོར་བ་ལན་གསུམ་ནམ་མཁའ་ལ་གཤེགས་ཏེ་མཛད་པས་གནས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་མཇལ། རྒྱ་ནག་ཁྲི་སྒོ་ཡན། བོད་རུ་བཞི་མན། འཛམ་གླིང་ཐམས་ཅད་ལ་གནས་འདི་ཡོངས་གྲགས་སུ་བྱུང་། ལོ་རྒྱུས་དང་གནས་ཡིག་ཕྱི་ནང་གི་ལུང་བསྟན་བཅས་མང་བར་བརྟེན་གཞན་དུ་གསལ། འདི་ནི་བསྡུས་པ་ཆུ་ཐིགས་ཙམ་མོ།། དེ་ཡི་ཕྱི་མར་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། ཀརྨ་པ་དང་རྒྱལ་བ་འབྲི་འབྲུག་ལ་སོགས་པའི་ཕྱོགས་གཞན་གྱི་གྲུབ་ཐོབ་འགའ་ཞིག་ཀྱང་གནས་དེར་ཕེབས་པར་གྲགས་སོ།དེ་ཐམས་ཅད་ཁ་བ་དཀར་པོའི་གནས་ཀྱི་ཞལ་ཕྱེས་པའི་སྐོར་རོ།།།།
          གནས་མཆོག་ཁ་བ་དཀར་པོའི་གནས་ཡིག་བདེ་ཆེན་ཞིང་བགྲོད།
       ན་མོ་གུ་རུ་དེ་བ་ཌ་ཀི་ཡ། ཐབས་ཤེས་ཟུང་འབྲེལ་ཨེ་ཝཾ་གཞི་དང་ལྡན།། བདེ་སྟོང་ཟུང་འཇུག་ཨེ་ཝཾ་ལམ་དག་ནས།།བདེན་གཉིས་མཐའ་དག་ཨེ་ཝཾ་འབྲས་མཆོག་ལྡན།། སྐྱབས་གནས་ཀུན་འདུས་གནས་མཆོག་དམ་པ་འདི།། ཕྱི་ལྟར་གངས་རི་ལྷུན་ཆགས་ལྟ་ན་སྡུག ནང་ལྟར་བཅོལ་ལྡན་འཁོར་ལོ་བདེ་མཆོག་གི། གསང་བ་བདེ་སྟོང་ཟུར་དུ་འཇུག་པའི་མཆོག ས་ལ་འོག་མིག་གནས་མཆོག་ཁ་བ་དཀར།། ཕྱི་ལྟར་གངས་རི་དཀར་པོ་མཆོད་རྟེན་ལྟར།། ནང་ལྟར་ངོ་མཚར་ལྷ་ཡི་ཕོ་བྲང་མཛེས།། སྐལ་བཟང་སངས་རྒྱས་སྟོང་རྩ་དབུས་ན་བཞུགས།།དཔའ་བོ་མཁའ་འགྲོས་འབུམ་ཚོགས་མཐའ་རུ་བསྐོར།། རྨད་བྱུང་དཔལ་གྱི་ཡ་མཚན་ཆེ་བས་རྨད།། དམ་པ་རྣམས་ཀྱིས་མཇལ་ཚེ་མེ་ཏོག་འཐོར།།ལས་ངན་སྡིག་ཅན་རྣམས་ཀྱིས་མཇལ་བར་དཀར།། ཟངས་མདོག་དཔལ་གྱི་རི་བོའི་གནས་མཆོག་དང་།། རྒྱ་གར་རྡོ་རྗེ་གདན་གྱི་གནས་དང་མཚུངས།། ཨོ་རྒྱན་ཡུལ་དང་གཉིས་སུ་མེད་པ་ཡིན།། འདི་ལ་གསོལ་བ་བཏབ་པའི་དད་ཅན་རྣམས།། མི་བརྗེད་པ་ཡི་དྲན་པ་ཐོབ་པ་དང་།། ཚེ་འཕོས་ནས་ཀྱང་བདེ་ཆེན་གནས་སུ་སྐྱེ།། འདི་སྣང་རྐྱེན་དང་བར་ཆད་སེལ་གྱུར་ནས།། གདོན་བགེགས་གནོད་པས་ནམ་ཡང་མི་ཚུགས་སོ།། ཞེས་ཨོ་རྒྱན་པདྨས་ལུང་བསྟན་བྱུང་ཚུལ་སོགས་ལོ་རྒྱུས་འགའི་ནང་འཁོར་ཡོད་པ་དང། གནས་ཆེན་ཁྱད་པར་ཅན་རྒྱ་གར་རྡོ་རྗེ་གདན་དང་། རྒྱ་ནག་རི་བོ་རྩེ་ལྔ། ལི་ཡུལ་ལྕགས་ར་སྨུག་པོ། ཟ་ཧོར་སིང་ར་ཡུལ། ནུབ་ཕྱོགས་ཨོ་རྒྱན་ཡུལ། བྱང་ཤམ་བྷ་ལ། གངས་རི་རྩེ་མོ། ལ་ཕྱི་ཆུ་བར། མཁའ་སྤྱོད་ཙ་རི། བོད་ཡུལ་དིང་རི་དིང་གུང་། བལ་ཡུལ་འཕགས་པ་ཤིང་ཀུན། ཟངས་མདོག་དཔལ་གྱི་རི་བོ་དེ་རྣམས་ཐམས་ཅད་ཀྱི་དོན་རོང་བཙན་ཁ་བ་དཀར་པོ་འདིར་ཚང་། གནས་མཆོག་འདིར་ཕྱག་དང་བསྐོར་བ་བྱས་ན་ཕྱིར་མི་ལྡོག་པའི་གནས་སུ་སྐྱེ་ཞེས་གསུངས་འདུག་པ་གནས་གཟིགས་མནལ་ལམ་དུ་བྱུང་ཚུལ་མདོར་བསྡུས་པའོ།། དངོས་གཞི་ལ་དང་པོ་འབྲས་གཞི་ཐང་གི་གཡས་གཡོན་ལ་སེང་གེའི་རང་བྱོན་ཡོད། ལམ་གྱི་ཁ་ལ་བདེ་མཆོག་གི་ཆིབས་སྒ་ཡོད། གཡོན་ཕྱོགས་ལ་ནད་བརྒྱ་སེལ་བའི་སྨན་ཆུ། དེའི་གོང་སྟོད་ལ་སྒྲོལ་མ་དཀར་མོའི་རང་བྱོན། ལམ་ཁར་གུ་རུ་སྒྲུབ་ཕུག གླང་འབྱོར་གྱི་ལྟག་ལ་སློབ་དཔོན་གྱི་ཕྱག་འཁར་བྲག་ལ་བཙུགས་པ་དང་ཕུར་བུའི་རང་བྱོན་ཡོད། ལའི་རྒྱབ་ལ་བེེ་རོ་ཙ་ནའི་སྒྲུབ་ཆུ་ཡོད། ཆུ་ཤག་གི་འགོ་ལ་རྒྱལ་བ་རིགས་གསུམ་མགོན་པོའི་རང་བྱོན།དེའི་ལམ་ལྟག་ལ་གཤིན་རྗེ་འཇིགས་པའི་ཀ་དུམ་ཡོད། དེའི་ལམ་ལྟག་ལ་བཀའ་འགྱུར་དང་འབུམ་དཔེ་ཆའི་རང་བྱོན། ལམ་འོག་ལ་མཆོད་རྟེན་དང་བུམ་པ་རང་བྱོན། ཨ་གསལ་རྒྱ་ལམ་ལྟག་ལ་བར་དོའི་འཕྲངས་ལམ་ཡོད། ལུང་ནག་ལུང་ཆུའི་ཁ་ལ་ཆོས་སྐྱོང་བྱ་རོག་གདོང་ཅན་དང་། ཡི་དམ་རྡོ་རྗེ་ཕག་མོ་དང་མཁའ་འགྲོའི་སྔགས་ཆས་རང་བྱོན་ཡོད། རྡོ་སྐས་ལའི་གཡས་སུ་སངས་རྒྱས་དཔའ་བོ་རབས་བདུན་གྱི་རང་བྱོན། གཡོན་དུ་མཁའ་འགྲོ་མ་ཚེ་རིང་མཆེད་ལྔ་དང་བརྟན་མ་བཅུ་གཉིས་ཀྱི་རང་བྱོན། མདུན་ངོས་སུ་བཅོམ་ལྡན་རྒྱལ་བ་རིགས་ལྔའི་རང་བྱོན། ཡང་མ་ཁར་རྒྱལ་བ་རིགས་གསུམ་མགོན་པོ་དང་། རྟ་ཕག་ཡབ་ཡུམ་དང་། སྤྱན་རས་གཟིགས་ཁར་ས་པ་ཎི་དང་། རྒྱབ་ཏུ་ཆོས་སྐྱོང་བྱ་རོག་གདོང་ཅན་དང་ལྷ་མོ་དབྱངས་ཅན་མའི་མཚོ་ཡོད། དེ་མཇལ་ན་རྐྱེན་ཕྱི་ནང་གི་བར་ཆད་སེལ། དེ་ཁུལ་འཇམ་དབྱངས་དང་བྱམས་པ་ལ་སོགས་པའི་ཉེ་བའི་སྲས་ཆེན་བརྒྱད་པོ་དེ་ཁྲ་ལྷང་ལྷང་པའི་རང་བྱོན་ཡོད། རྩྭ་སོག་ཐང་གི་གཡས་གཡོན་ཕྱོགས་ལ་བདེ་མཆོག་གི་དཀྱིལ་འཁོར་ཡོད། སྦྲང་ཆད་ལམ་ཁར་སིནྡྷུ་རའི་སྨན་ཆུ། དེ་རྣམས་སྦ་སྨྱུག་རྩི་ཤིང་མེ་ཏོག་ཐམས་ཅད་མཁའ་འགྲོའི་བླ་ཤིང་ཡིན། བྱ་དང་བྱིའུ་རི་དྭགས་གཅན་གཟན་ཐམས་ཅད་དཔའ་བོ་དང་དཔའ་མོའི་སྤྲུལ་པ་དང་ལ་ལ་ནི་སྒོ་ནོར་དང་སྒོ་ཁྱི་ཡིན་པས་དེ་ལ་འཇིགས་སྐྲག་སྐྱེ་མི་ཉན།རྩི་ཤིང་ནགས་ཚལ་ཐམས་ཅད་གདུགས་དང་རྒྱལ་མཚན་བ་དན་བླ་བྲེས་ཀྱི་རང་བྱུང་ཡིན།ལྷོ་འོད་གསལ་གཡས་གཡོན་བར་ན་བདེ་མཆོག་གི་དཀྱིལ་འཁོར་ཁྲ་ལྷང་ལྷང་མཇལ་རྒྱུ་ཡོད། རྣམ་རྒྱལ་མཆོད་རྟེན་དཔག་ཚད་བརྒྱད་ཁྲི་བདག་པོ་ཡོད་པ་དེ་མཇལ་ན་བསམ་ཡས་ལྷ་ཁང་མཇལ་དང་མཚུངས། ལྷོ་རྒྱུད་སྦལ་གྱི་ཕོ་བྲང་དུ་རྗེ་བཙུན་མི་ལའི་སྐུ་རྗེས། མཁའ་འགྲོའི་པི་ལྦང་དང་བཀའ་བསྟན་འགྱུར་དང་སྤྱན་རས་གཟིགས་ཀྱི་ནོར་བུ་ཆ་གཉིས་དང་དུར་ཁྲོད་ལྷུན་གྱིས་གྲུབ་པ་ཡོད། རྩེ་ལ་རྡོ་རྗེ་ཕག་མོའི་བླ་མཚོ་དང་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་རྗེས། ཚེ་བུམ་བདུད་རྩི་དང་བཅས་པ། དེ་བཞིན་སློབ་དཔོན་གྱི་ཀ་པྰ་ལ་བདུད་རྩི་དང་བཅས་པའང་ཡོད། གཞན་ཡང་རང་བྱོན་སྣ་ཚོགས་ཡོད་དེ། དེ་རྣམས་མཇལ་ན་ཚེ་ཆད་པ་ཐམས་ཅད་ཚེ་བསྲིངས་བར་ཐེ་ཚོམ་མེད། ཆུ་སྲིན་མུ་རྟ་སྔོན་པོ། གསེར་ས་སེར་པོ། འཕགས་པ་གནས་བརྟན་བཅུ་དྲུག་གི་ཕོ་བྲང་དང་ཤིང་ཙན་དན་སྡོང་པོ་དྲི་ངད་ལྡང་བ་རྣམས་མཇལ་ན་རྒྱ་གར་བྱ་རྒོད་ཕུང་པོའི་རི་མཇལ་དང་མཚུངས། ཡར་ལ་འཛེགས་པའི་སྐབས་ཆོས་སྐྱོང་བྱ་རོག་གདོང་ཅན་ཡོད། ཆུ་ནག་ཐང་ལ་ཆོས་འབྱུང་གྲུ་གསུམ་དང་དྲག་པོའི་གནམ་ལྕགས་ཕུར་བུའི་རང་བྱོན་གསུམ་ཡོད། ཆུ་བོ་དེས་བདེ་མཆོག་གི་རྩ་སྔགས་ཆོས་སྒྲ་འབུམ་འགྱུར་བགྲང་བ་ཡིན། ལ་ཁ་ལ་རང་བྱོན་མི་འདྲ་བ་སྣ་ཚོགས་ཡོད། ཡང་བདེ་མཆོག་ནས་ཡར་འགྲོ་བའི་སྐབས་སུ་ཆུའི་གཡས་གཡོན་ལ་དམར་ནག་གཤིན་རྗེའི་ཞལ་གདོང་ཡོད་པ་དང་། ལ་ཁར་ཨ་ཝ་གླང་མགོ་ཡང་ཡོད། གཡོན་དུ་བྱ་རྒོད་གཤོག་པ་འདྲ་བ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྗེས་ཞབས་རྗེས་སྣ་ཚོགས། ཉེ་བའི་སྲས་བརྒྱད་དང་བཅོམ་ལྡན་འདས་མར་མེ་མཛད་ཀྱི་སྐུ་རྗེས་ཕྱག་རྗེས་སྣ་ཚོགས། ལམ་ཀར་འབུམ་ཆ་གཅིག ཨོ་རྒྱན་ཁ་ཊམ་ཀ་དང་མགོན་པོ་བེར་ནག་ཅན་གྱིས་དམ་སྲི་དམ་ཉམས་བསྒྲལ་བའི་ཤ་རུས་ཡོད། ཤིང་ཁང་ལ་ཁར་ཀརྨ་པའི་སྒྲུབ་ཆུ་དང་ཆོས་སྐྱོང་ཕག་གི་མགོ་ཅན་གྱི་རང་བྱོན། གནས་བཅུའི་ཆུ་མདོའི་ལྷ་ཁང་ར་བ་ནི་བོད་ཀྱི་ས་གནས་སྲིད་གཞུང་གི་བཀའ་ཕབ་སྟེ་བསྐྲུན་ཅིང་། རྟེན་གཙོ་བྱམས་པ་མགོན་པོ་བཞུགས། ཨོ་རྒྱན་པདྨས་ཕྱག་བཏབ་པའི་འཇང་བོད་ས་མཚམས་གནས་ཆེན་ཁ་བ་དཀར་པོའི་གནས་སྒོ་འཕྲང་ལམ་འགག་སྒོ་ཞིག་དང་། ལྷ་ཁང་གི་ཕར་ཕྱོགས་ལ་ཨོ་རྒྱན་པདྨའི་སྐུ་རྗེས་ཡོད་དེ་མཇལ་ན་ཟངས་མདོག་པད་རི་མཇལ་དང་མཚུངས ཆུ་སྒྲོའི་ལམ་ཁ་ལ་འབུམ་ཆོས་རང་བྱོན་ཡོད། ཐང་ཆེན་མགོ་ལ་མཁར་འགྲོ་མའི་ཚོགས་གཞོང་། གཤིན་རྗེའི་ཁྲོ་ཆུ་དུག་གདོང་དང་བཙན་རྒོད་ཀྱི་རང་བྱོན། སྨད་མཆོག་སྤང་སྒང་ལ་སྨན་རིགས་མཆོག་ཏུ་གྱུར་པ་ཡོད། ཤོ་ལ་གཡས་གཡོན་ཐམས་ཅད་ཆུ་བཙན་དང་དྲག་བཙན་རོལ་བ་སྐྱ་བདུན་དང་སྤང་བཙན་ཀླུ་བཙན་ཡོད། ཡང་མཚོ་དཀར་ཕུག་ལ་འཇིགས་སྐྱོབ་མང་པོ་ཡོད་པས་ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་ནོར་བུ་སྣ་ཚོགས་ཡོད། དམ་ཅན་རྡོ་རྗེ་ལེགས་པ་སོགས་དྲག་པོའི་ལྷ་ཚོགས་ཡོད། དུག་ལུང་ཟམ་ཁར་གནས་བདག་ཁ་བ་དཀར་པོའི་ཞབས་རྗེས་དང་རྟ་རྗེས། ཤྭ་ཆུ་ཁ་ལ་བུམ་པ་བདུད་རྩི་ཁར་ལུད་པའི་རང་བྱོན་དང་དེ་ལ་དད་པ་བྱས་ན་ཡམས་ནད་རིམ་ནད་ཐམས་ཅད་འགོག་ཐུབ། མུ་ཤོད་ཆུའི་གཡོན་ཕྱོགས་ལ་གསང་བདག་ཕྱག་རྡོར་རང་བྱོན། སྡོང་དམའ་རོང་གི་ཆུའི་མདུན་ལ་དྲག་པོའི་གནམ་ལྕགས་ཀྱི་རུ་ཊ་ཧོཾ་ཁུང་ཚ་ཤིང་བཙུགས་པ་ཡོད། རྫ་ལ་སྟེང་གི་བྲག་ལ་ཨོ་རྒྱན་སྒྲུབ་ཕུག་ཡོད་པ་དང་ལམ་ཕ་རོལ་དུ་བེེ་རོ་ཙ་ནའི་སྒྲུབ་ཆུ། ཡ་ཀི་བྲན་ཕུག་ལ་ཨ་དགེ་སྤྲེའུའི་རང་བྱོན་ཡོད། སྡོང་མདའ་རོང་གི་བྲག་རི་ཐམས་ཅད་མཁའ་འགྲོ་མའི་རྒྱན་ཆ་སྣ་ཚོགས་ཡིན། གཡས་སུ་རྟ་མགྲིན་ནག་པོ་ལྕང་རལ་ཅན་དང་བྱ་ཁྱུང་དམར་པོ་དང་བསྟན་སྲུང་གཟའ་བདུད་ཆེན་པོ་བཅས་པ་རང་བྱོན་དུ་ཡོད། དྲག་སྒོ་སྟེང་གི་ཡར་སྣེ་ལ་རྒྱལ་བ་ཡབ་སྲས་གསུམ་གྱི་ཞབས་རྗེས་ཡོད། ཀརྨ་རང་བྱུང་རྡོ་རྗེའི་ཆིབས་རྗེས་དང་ཕ་རོལ་བྲག་ལ་ལྷ་འདྲེ་སྟོང་གི་ཁ་གནོན་མཆོད་རྟེན་ཡོད། འཇུན་བར་རྩེ་གྲོང་གི་གཡས་ཕྱོགས་སུ་ནོར་བུ་དགོས་འདོད་སྤུངས་འཛོམས་ཡོད་པ་དེའི་རྩར་ནད་བརྒྱར་ཕན་པའི་སྨན་ཆུ་ཡོད། ཆུ་རྩི་ཤོད་ཟམ་ཆེན་ཁ་ལ་བདེ་མཆོག་གི་རྟ་ཆབ་ལ་བད་ཀན་འཇོངས་པའི་སྨན་ཆུ་ཡོད། འཇུན་མདའ་དམ་ཅན་བྲག་ལ་རྗེ་བཙུན་སྒྲོལ་མ་སྔོན་མོའི་རང་བྱོན་བཞུགས། སྒང་གཉའ་ལམ་གཡས་ཕྱོགས་ལ་བདེ་མཆོག་གི་ཞབས་ཆབ་ལ་དུལ་ནད་སེལ་བའི་སྨན་ཆུ་ཡོད་པ་དེ་འཐུང་ན་དུག་རིགས་འགོག་ཐུབ། གཡུ་རྩེ་ཡར་ཐང་ལ་བདེ་མཆོག་རྟ་རྗེས་དངོས་སུ་ཡོད། ལ་རྩ་བྲག་ལ་རྟ་ཕྱག་ཁྱུང་གསུམ་རང་བྱོན་དང་། དེའི་ཕ་ཁར་ཆུ་མཚམས་བྲག་ལ་ཨོ་རྒྱན་པད་ཞྭ་རང་བྱོན། ལམ་ཁར་བྱ་ཁྱུང་གི་སྨན་ཆུ་ཡོད་པས་ཀླུ་གཉན་ས་བདག་གི་ནད་འགོག་པར་ཐེ་ཚོམ་མེད་ཅེས་སྨྲས་པ་ལྟར། སྐལ་ལྡན་རྣམས་ཀྱིས་ལན་གཅིག་མཇལ་ན་དག་པའི་ཞིང་མཐོང་། མཆོག་ཐུན་དངོས་གྲུབ་ཐོབ། སྐལ་འབྲིང་རྣམས་ཀྱིས་ཕྱག་བསྐོར་མཆོད་འབུལ་བགྱིས་ན་ཉོན་མོངས་པ་དང་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས་འཇོམས་པར་གྱུར་ཞིང་། སྐོར་བ་བསྐོར་བ་དང་ལམ་བཟོ་བཅོས་ལ་སོགས་པས་ལུས་ཀྱི་སྒྲིབ་པ་སྦྱངས་ཏེ་གནས་སྐབས་བདེ་ཞིང་མཐར་ཐུག་བྱང་ཆུབ་ཐོབ། རྒྱབ་སྐོར་གྱི་ཕན་ཡོན་ནི་མ་ཎི་དུང་གཅིག་ལ་ལོ་གསུམ་མཚམས་ལ་འདུག་ན་མ་གཏོགས་དུང་ཕྱུར་འགྲོ་བ་ངས་མ་མཐོང་། གནས་མཆོག་ཁ་བ་དཀར་པོའི་ཕྱི་སྐོར་གཅིག་གིས་དུང་སྟོང་ཕྲག་གཅིག་དང་བདུན་བརྒྱ་ཉི་ཤུར་མཚུངས་པ་ཡོད། ཞག་ཉི་ཤུའམ་ཟླ་བ་གཅིག་གིས་བསྒྲུབས། ལུས་ངག་ཐ་མའི་ཐབས་ཀྱི་ཨེ་ཡོད་དམ། མ་ཎི་དུང་སྒྲུབ་པའི་ཁ་ལ་འབྲེལ་ཚད་རྣམས་བདེ་ཆེན་ཞིང་དུ་སྐྱེས་པར་རྒྱས་བས་གསུངས་མོད། དུང་སྟོང་ཕྲག་གཅིག་དང་བདུན་བརྒྱ་ཉི་ཤུའི་ཕན་ཡོན་རྒྱལ་བས་ཀྱང་གསུངས་མི་ནུས་པས་སྡིག་ཅན་བཤན་པས་མི་བརྒྱ་བསད་པ་ཡིན་ཡང་ཕྱག་སྐོར་སྙིང་ནས་གནོང་འགྱོད་དང་ཐོལ་ལོ་བཤགས་ན་སྡིག་པ་བྱང་ཞིང་བདེ་ཆེན་ཞིང་དུ་འགྲོ འདི་ནི་བསླུ་མེད་རྒྱལ་བའི་བཀའ་ལས་གསུངས།།ཐུགས་ལ་ཞོག་ཅིག་སྐལ་ལྡན་ཕོ་མོ་རྣམས།། ཞེས་རྒྱལ་ཁམས་ཀུན་གྱི་རྣ་བར་གོ་བ་གྱིས་ཤིག་ཅེས་སློབ་དཔོན་བདྨ་འབྱུང་གནས་ཀྱི་དང་བླང་བཀའ་བབ་མཁའ་འགྲོའི་ལུང་བསྟན་ཐོབ་པའི་དཔལ་ཁྲག་འཐུང་ལས་རབ་རྡོ་རྗེས་བྲིས་པ་དགེའོ།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།