ཀྲུང་གོ་བོད་ཀྱི་དྲ་བ།

སྔ་རབས་བོད་སྤྱོད་རོལ་ཆའི་སྐོར་མདོ་ཙམ་བརྗོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ   སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པོ་ཏ་ལའི་ལྡེབས་རིས་སུ་བཀོད་པའི་རོལ་ཆ་འབུད་དཀྲོལ་གྱི་རྣམ་པ།

རང་རེ་ཁ་བ་ཅན་ལ་མཚོན་ན་གནའ་སྔ་མོ་ནས་ཡུལ་གྲུ་གང་སར་གླུ་གར་རྩེད་འཇོ་སོགས་ཀྱི་རོལ་མོར་ལོངས་སུ་སྤྱོད་པའི་སྲོལ་མང་པོ་ཞིག་དར་ཁྱབ་བྱུང་ཡོད་པས། རོལ་ཆ་ནི་གནའ་བོའི་དུས་ནས་བཟུང་ཆོས་སྲིད་གཉིས་ཀྱིས་བེད་སྤྱོད་བཏང་ནས་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་། དེ་དག་གི་བཟོ་རྩལ་དང་སྤྱོད་ཚུལ་གྱིས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་དང་རིགས་དབྱེ། བྱེད་ནུས། སྤྱོད་སྟངས་ལ་སོགས་ཕྱོགས་གང་ཐད་ནས་དར་རྒྱས་ཆེན་པོ་བྱུང་སྟེ་རིག་གནས་ཀྱི་མཚོན་དོན་ཟབ་མོ་རེ་གྲུབ་ཡོད་པ་མ་ཟད། ཁ་བ་རི་བོའི་ཁོ་ར་ཁོར་ཡུག་གི་མི་རིགས་བར་འབྲེལ་འདྲིས་བྱུང་ཞིང་ཕན་ཚུན་བར་རིག་གནས་བརྗེ་རེས་ཀྱི་བརྒྱུད་རིམ་ནང་རོལ་ཆའི་རིག་གནས་དེ་ཡང་རིག་གནས་ཀྱི་སྣང་ཚུལ་གཞན་དག་དང་འདྲ་བར་རྒྱ་དཀར་ནག་བལ་བོ་སོགས་གནའ་བོའི་ཞང་བོད་ཀྱི་ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་བར་ཕན་ཚུན་ཤན་ཞུགས་ཐེབས་ཡོད་པ་ནི་བསྙོན་དུ་མེད་མོད། ཡིན་ནའང་བརྟག་དཔྱད་བྱས་པ་ལྟར་ན་བོད་ལྗོངས་ཀྱི་ས་འོག་ནས་བུད་པའི་རིག་དངོས་ནང་རྫ་བཟོས་སྤྱོད་ཆས་མང་པོ་བྱུང་ཞིང་། ངོས་གཅིག་ཅན་གྱི་རྫ་རྔ་བྱུང་བའི་ལོ་རབས་ནི་རྡོ་ཆས་གསར་མའི་དུས་སྐབས་ཡིན་པ་བདེན་དཔང་བྱས་ཡོད། དེ་མིན་བོན་གྱི་ཡིག་ཆ《མདོ་དྲི་མེད་གཟི་བརྗིད》ལས་སྟོན་པ་གཤེན་རབ་སྐུ་འཁྲུངས་སྐབས་རྒྱལ་བཞད་མས་རྒྱལ་བུ་མདུན་བསུ་བར་རོལ་མོ་དང་མཆོད་པ་འབུལ་བའི་གྲབས་གྱིས་ཤིག་ཅེས་པའི་བཀའ་ལུང་ལྟར་འོལ་མོ་ལུང་རིང་གི་མི་རྣམས་འདུས་ནས“ལ་ལས་ནི་ལྷ་ཕྱག་བཙལ་ལོ།། ལ་ལས་ནི་སྐོར་བ་བྱེད་དོ།། ལ་ལས་ནི་དར་ཕྱར་རོ།། ལ་ལས་ནི་དུང་བུད་དོ།། ལ་ལས་ནི་རྔ་བརྡུང་ངོ་།། ལ་ལས་ནི་གཤང་འཁྲོལ་ལོ།། ལ་ལས་ནི་བཅག་པར་བརྡེབ་བོ།། ལ་ལས་ནི་གླིང་བུ་འབུད་དོ།། ལ་ལས་ནི་པི་ཝང་བསྐྲོལ(དཀྲོལ)ལོ།། ལ་ལས་ནི་སྒོང་བསྒྱུར་རོ།། ལ་ལས་ནི་སྒོང་སྤོར་རོ།། ལ་ལས་ནི་འོ་མི་ཤག་འདེབས་སོ།། ལ་ལས་ནི་ཅོང་ཆེན་བརྡུང་ངོ་།། ལ་ལས་ནི་ཅིང་ཆེན་བསྒྲིལ་ལོ།། ལ་ལས་ནི་ཅིང་ཆེན་འདེག་གོ། ......”ཞེས་རོལ་ཆའི་རྣམ་གྲངས་མི་ཉུང་བ་ཞིག་བཀོད་ཡོད་པས་རོལ་ཆ་གང་མང་ཞིག་འབུད་བརྡུང་དཀྲོལ་གསུམ་བྱེད་པའི་ཚུལ་ནི་དཔེ་ཆ་དེའི་ནང་མང་དུ་འབྱུང་བ་དེ་ལས་སྟོན་པ་གཤེན་རབ་ཀྱི་སྐབས་ཐོག་དེ་ནས་རོལ་ཆའི་རིགས་ནི་ཤིན་ཏུ་དར་ཡོད་པ་མཚོན་ཐུབ་པ་མ་ཟད། དེའི་སྔ་རོལ་ནས་བྱུང་ཡོད་པ་གསལ་བཤད་བྱས་ཡོད། དེ་བས་ཀྱང་དུང་དཀར་ནི་དེང་དུས་ཇོ་མོ་གླང་མའི་རི་ནས་གཏེར་རྡོར་གྱུར་པའི་དུང་གི་དངོས་པོ་འབེལ་པོ་རྙེད་རྒྱུ་ཡོད་པས་གནའ་བོའི་རོལ་ཆ་གང་མང་ཞིག་གི་འབྱུང་ཁུངས་བོད་རང་ནས་བྱུང་མྱོང་བ་ཚང་མས་ཤེས་གསལ་རེད།  《དག་ཡིག་གསར་བསྒྲིགས》ལས། རོལ་ཆ་ནི་རོལ་མོའི་སྒྲ་འབྱིན་ཞིང་རོལ་དབྱངས་ལ་ཉེར་མཁོའི་ཡོ་བྱད་ཀྱི་མིང་ཞེས་འགྲེལ་ཡོད་པ་དང་། དེ་མིན་ས་པཎ་གྱིས། རོལ་མོའི་ཆ་ལ་མཁས་གྱུར་ན།། ཚོགས་ཀྱི་ནང་ནས་རྒྱན་ལྟར་མཛེས།། ཞེས་གསུངས་པ་ལྟར། རང་ཅག་བོད་རིགས་ལ་སྔོན་ཐོན་གྱི་མི་རིགས་གཞན་དག་དང་འདྲ་བར་གནའ་རབས་ནས་རང་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་སྲོལ་རྒྱུན་གྱི་རོལ་ཆ་གྱ་ནོམ་པ་ཞིག་ཡོད་དེ། དཔེར་ན། འབུད་པའི་རོལ་མོ་དུང་དཀར། རག་དུང་ངམ་དུང་ཆེན། རྫ་དུང་། གླིང་བུ། རྐང་གླིང་། རྒྱ་གླིང་སོགས་དང་། བརྡུང་བའི་རོལ་མོ་རྫ་རྔ་དང་། ལག་རྔ། མཆོད་རྔ། མཁར་རྔ། ཌ་མ་རུ། ཅོང་། ཆ་ལང་། ཕེག་རྡོབ། སིལ་སྙན། ཏིང་ཤགས། རྡོར་དྲིལ་སོགས་དང་། དེ་བཞིན་དཀྲོལ་བའི་རོལ་མོ་དྲིལ་བུ། གཡེར་ཁ། པི་ཝང་སོགས་མང་པོ་ཡོད་པར་གྲགས། གཞན་ད་རུང་ངོས་མི་ཟིན་ཞིང་མིང་མི་ཐོགས་པ་འགའ་རེ་མཆིས་ཤིང་།  སྤྱིར་བཤད་ན་སྔ་རབས་བོད་སྤྱོད་རོལ་ཆའི་ལོ་རྒྱུས་བྱ་བ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ། རྣམ་གྲངས་མང་བ་ཅན་ཞིག་ཡིན་པ་མ་ཟད། རོལ་ཆར་ཞིབ་འཇུག་བྱ་རྒྱུ་ནི་རོལ་དབྱངས་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ཕྱིར།     དེར་ཞིབ་འཇུག་བྱེད་རྒྱུ་ནི་མིག་སྔར་མུ་མཐུད་ཤུགས་སྣོན་ཆེས་ཆེར་རྒྱག་དགོས་པའི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། དེ་འབྲེལ་གྱི་ཞིབ་འཇུག་བགྱིས་པ་ཡང་ངེས་པར་དུ་བོད་ཀྱི་རིག་གནས་རྒྱབ་ལྗོངས་དང་རིག་གནས་ཁོར་ཡུག་ཁྲོད་བཞག་ནས་དཔྱད་གཞི་བཙལ་འཚོལ་དང་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་ལས། གང་བྱུང་འོལ་ཚོད་ཀྱིས་ཁ་ཚོན་གཅོད་ཐལ་མི་འོས་ཤིང་། དེ་བས་རེ་རེ་བཞིན་རྒྱས་སྤྲོས་ནི་ཁོ་བོས་མི་ནུས་པས། གཤམ་ནས་སྔ་རབས་བོད་སྤྱོད་རོལ་ཆ་འགའི་རྒྱུན་ཤེས་སྐོར་གྱི་སྤྱི་དོན་ཙམ་ཞིག་གླེང་བར་བྱའོ། །

4.jpg

དགོན་པའི་རྟེན་གྱི་གཙོ་བོར་གྱུར་པའི་ཆོས་དུང་།

1.དུང་དཀར།

དུང་དཀར་ནི་འབུད་པའི་རོལ་མོའི་བྱེ་བྲག་ཅིག་སྟེ། གནའ་སྔ་མོ་ནས་བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ཞིང་། མེད་དུ་མི་རུང་བའི་རོལ་མོའི་བྱེ་བྲག་ཅིག་ཡིན། སྤྱིར་བཤད་ན་དུང་ནི་རྒྱ་མཚོའི་ནང་གི་རུས་པ་མེད་པའི་སྲོག་ཆགས་ཕྱི་ཤུན་སྲ་ཞིང་དཀར་ལ། འཁྱིལ་བའི་རི་མོ་ཡོད་པ་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་ཧིན་རྡུའི་སི་ལེ་ལན་ཁ་དང་ལྷོ་ཤར་ཁུལ་གྱི་མཚོ་གཏིང་མི་ཟབ་པ་དག་ན་གནས་ཡོད། སྲོག་ཆགས་དུང་ཤི་རྗེས་ཀྱི་ཕྱི་ཤུན་དེ་མཚོ་འགྲམ་དང་ས་འོག་ཏུ་ལུས་ཏེ་དུས་ཡུན་རིང་པོ་སོང་རྗེས་སྐོགས་རིམ་སྐམ་ནས་འོ་མདོག་གི་དུང་སྐོགས་ཕྱིར་མངོན་པས། དུང་དཀར་ཞེས་ཀྱང་འབོད། དེའི་འཁྱིལ་རིས་ཀྱི་ཁ་ཕྱོགས་མི་འདྲ་བའི་ཆ་ནས་དུང་དཀར་གཡས་འཁྱིལ་དང་གཡོན་འཁྱིལ་ཞེས་གཉིས་སུ་དབྱེ་སྲོལ་ཡོད། བོན་གྱི་ཡིག་ཆ་ལ་ལར་དུང་དཀར་གཡས་འཁྱིལ་ལ་ཨུན་ཆེན་གཡས་འཁྱིལ་ཞེས་ཀྱང་ཟེར། བོད་ཀྱི་དམངས་ཁྲོད་འཚོ་བའི་ནང་ཡོངས་ཁྱབ་ཀྱིས་སྤྱོད་བཞིན་པའི་དུང་ལ་རྒྱ་གར་ཞ་དུང་ཞེས་བརྗོད།

སྤྱིར་དུང་ལ་རིགས་ལྔ་སྟེ། མཆོག་དམན་བར་གསུམ་དུ་ཕྱེས་ན། དཀྵི་ཎ་ཝརྟ་ཤཾ་ཁ་ཞེས་པ་དུང་དཀར་གཡས་འཁྱིལ་འདི་ནི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་བ་ཡིན་པ་གང་ལ་ཞིག་ཁ་དོག་ཀུནྡ་ལྟར་རབ་ཏུ་དཀར་ཞིང་བཀྲ་ཤིས་པའི་རྫས་སུ་རུང་བ་ཞིག་དང་། གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ་གང་ཞིག་ཁ་དོག་གཟི་སེར་ཁྲ་འདྲ་བ་ཞིག སི་ཏ་ཤཾ་ཁའམ་ཤཾ་ཁ་ཝརྟ་ཞེས་དུང་དཀར་རམ་འཁྱིལ་བ་སྟེ་ཡོངས་གྲགས་ཀྱི་དུང་དཀར། ཀཎྜ་ཤཾ་ཁ་ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཏེ་ཕྱི་ལ་གཟུགས་མོའི་བྱི་ཐུར་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག རཀྟ་ཤཾ་ཁ་ཞེས་པ་དུང་དམར་ཏེ་སིནྡྷུ་རའི་མདོག་འདྲ་བ་ཞིག་བཅས་སོ། །དེ་རྣམས་ལས་སྔ་མ་སྔ་མ་ལེགས་ཤིང་ཕྱི་མ་ཕྱི་མ་ཞན་པ་ཡིན་ལ། སྔར་གཡས་འཁྱིལ་ལ་གསེར་སྒོར་བརྗེ་བྱེད་པ་དང་། ཕྱི་མ་བཞི་ལ་དངུལ་སྲང་གང་དང་དེ་ལས་རིམ་པས་ཞོ་དོ་རེ་འབྲི་བའི་རིན་ཐང་གི་ཤེས་སོ།

9.jpg

ཀན་སུའུ་ཝུའུ་ཝེའི་ལྷོ་ཕྱོགས་དབང་གི་སྡེའི་དགོན་པའི་རྟེན་གཙོ་བོ་སྔོན་སེ་ཆེན་རྒྱལ་པོས་ས་པཎ་ལ་དབང་ཡོན་དུ་ཕུལ་བར་གྲགས་པའི་དུང་དཀར།

རང་རེའི་བོད་ཡུལ་འདིར་རོལ་མོའི་བྱེ་བྲག་ཏུ་གྱུར་བའི་དུང་དཀར་ནམ་བྱུང་ཞེ་ན། ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་ཡོད་པར་ངེས་ཏེ། 《ཐང་ཡིག་རྙིང་མ》ལས་རྩེད་མོར་ཤོ་དང་མིག་མངས་རྩེ། རོལ་མོ་ནི་དུང་འབུད་རྔ་བརྡུང་ཞེས་བྱུང་བ་དང་། སྔོན་སྟོན་པ་གཤེན་རབ་མི་བོ་ཆེ་ཞལ་བཞུགས་པའི་སྐབས་ནས་ཀྱང་བོན་པོ་རྣམས་ཀྱིས་དུང་དཀར་དེ་ཉིད་མཆོད་པའི་རོལ་མོའི་རྣམ་གྲངས་སུ་བྱས་ཏེ་འབོད་སྲོལ་ཡོད་དེ། 《དུས་གསུམ་ནུབ་པ་མེད་པའི་མཚན་ཡོངས་སུ་གྲགས་པ》ཞེས་པ་ལས། དེ་ནས་འཁོར་དུ་གཏོགས་པ་རྣམས་ཀྱིས་སྟོན་པ་ལ། བླ་ན་མེད་པའི་མཆོད་སྤྲིན་གྱིས་རྒྱན་ཞེས་བྱ་བ་ལ་བཤམས་ནས་ཕུལ་ཏེ། ཡང་ལ་ལ་ཞིག་ནི་དར་ཕྱར་རོ། །ལ་ལ་ཞིག་ནི་དུང་འབུད་དོ། །ཞེས་དང་།    དེ་མིན་དེང་དུས་ཇོ་མོ་གླང་མའི་རི་ནས་གཏེར་རྡོར་གྱུར་པའི་དུང་གི་དངོས་པོ་འབེལ་པོ་རྙེད་རྒྱུ་ཡོད་པས་འབྱུང་ཁུངས་བོད་ལའང་ཡོད་མྱོང་བ་ཤ་སྟག་ཡིན་ལ། བོན་གྱི་བརྡ་རྙིང་དུ་དུང་དཀར་གྱི་ཐ་སྙད་ཁྱད་ཆོས་བཅས་ཡོད་པས་སྔ་མོ་ནས་རིན་ཐང་ཅན་དུ་བརྩི་བཞིན་ཡོད་པ་དང་། ནང་བསྟན་བོད་ལ་དར་ཚུན་ནས་ཆོས་ཀྱི་དུང་དང་བཀྲ་ཤིས་པའི་རྫས་སུ་བརྩིས་ནས་གཙིགས་སུ་བཟུང་ཞིང་སྤྱོད་སྒོ་རྒྱ་ཆེར་ཕྱིན་ཐོག་དུང་དཀར་གཤོག་པ་ཅན་ཞེས། དུང་དཀར་ལ་གསེར་དངུལ་ཚགས་དཀྲོལ་ཅན་ལ་རིན་པོ་ཆེའི་ཕྲ་རྒྱན་དང་དར་སྣ་ལྔའི་སྙན་ཤལ་ལམ་འཕན་གྱིས་མཛེས་པར་སྤྲས་པའི་བོད་ཀྱི་ལག་ཤེས་ལས་བྱུང་བའི་རོལ་མོའི་བྱེ་བྲག་ཁྱད་ཆོས་ཅན་ཞིག་ཏུ་གྱུར་ཏོ།

ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་ལ་དར་རྗེས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་རྣམས་སུ་དུང་དཀར་ལ་ཆོས་དུང་ངམ་ཚོགས་དུང་ཞེས་གཙིགས་སུ་བཟུང་ནས་ཡོངས་ཁྱབ་བེད་སྤྱོད་བྱེད་ཅིང་། ཚོགས་དུང་ཞེས་དགེ་འདུན་རྣམས་ཚོགས་ལ་སྡུད་སྐབས་དུང་དཀར་གྱིས་བརྡ་གཏོང་པ་དང་། ཆོས་དུང་ཞེས་མཆོད་པའམ་ཞི་བའི་ཆོ་གའི་སྐབས་སིལ་སྙན་དང་ལྷན་དུ་འབུད་སྲོལ་ཡོད་པར་མ་ཟད། སྨིན་གླིང་སོགས་སུ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གི་ཆོ་སྡེབ་གཅིག་ཏུ་གཏོང་སྐབས་ཞི་བའི་དུང་དཀར་ཆ་དང་། རྒྱས་པས་དུང་ཆེན་ཆ། དབང་གིས་རྒྱ་གླིང་ཆ། དྲག་པོས་རྐང་གླིང་བཅས་སྤྱོད་སྲོལ་ཡོད་པ་དང་། འབྲུག་པ་བཀའ་བརྒྱུད་ལས་ལྷོ་ཁ་གྲ་ནང་སྡིང་པོ་ཆེ་དགོན་སོགས་སུ་དམིགས་བསལ་གྱི་ཤི་དུང་ཞེས་གཤིན་པོ་དུར་ཁྲོད་དུ་སླེབས་སོང་ཟེར་དུས་དུང་བརྡ་གཏོང་སྲོལ་ཡོད་ལ། དེ་བཞིན་དམངས་ཁྲོད་བླ་མ་རྣམས་མ་ཎི་བ་ཚོས་ཀྱང་མི་ཚོགས་སྡུད་སྐབས་དུང་བརྡ་གཏོང་སྲོལ་ཡོད་པ་དུང་དཀར་འདི་བཞིན་ཡོངས་ཁྱབ་བེད་སྤྱོད་མང་པས། གཞན་ཡང་ཉིས་དུང་ངམ་ཉེ་དུང་ཞེས་དུང་དཀར་ལ་རག་གཤོག་དང་དངུལ་གཤོག་བྱས་པ་དེ་དག་ནི་གོང་གསལ་ཆོས་དུང་ལས་ལོགས་སུ་དགར་བ་ཡིན་ཏེ། དུང་དཀར་གཤོག་པ་ཅན་དེ་རིགས་སྤྱིར་བཏང་སེར་སྦྲེངས་དང་གཙུག་ལག་ཁང་གི་ཡང་སྟེང་རི་དྭགས་ཆོས་འཁོར་ཡོད་སའི་མཚམས་ནས་གཉིས་ཁ་སྤྲོད་དུ་འབུད་སྲོལ་ཡོད་ལ། ཁ་ཅིག་གིས་ཉིས་དུང་ཞེས་གཉིས་ལྷན་དུ་འབུད་པར་བྱེད་ལ། ལ་ལས་ཉེ་བའི་སར་སྤྱན་འདྲེན་གྱི་ཚུལ་དུ་འབུད་པས་ཉེ་དུང་ཞེས་བཏགས་པར་འདོད་ལ། གང་ལྟར་དུང་དཀར་གཤོག་པ་ཅན་འདི་རིགས་ནི་སེར་སྦྲེངས་གཙུག་ལག་ཁང་གི་ཡང་སྟེང་དུ་དགེ་འདུན་རྣམས་ཉེ་བར་སྤྱན་འདྲེན་ཕྱིར་གཉིས་ཁ་སྤྲོད་དུ་ལངས་ནས་འབུད་དགོས་པ་ཞིག་ཡིན་འདུག  གཞི་རྐང་དགོན་སྡེ་སོ་སོའི་རྒྱུ་སྟོབས་དང་དང་དོད་མི་འདྲ་བའི་དབང་གིས་དགོན་སྡེ་ལ་ལར་དུང་དཀར་རག་གཤོག་མ་གཡུ་ཕྲ་ཅན་དང་། ལ་ལར་དུང་དཀར་དངུལ་གཤོག་མ་གསེར་ཚགས་ཅན། འགའ་ཞིག་ཏུ་ཟངས་ཀྱི་གཤོག་པ་ལ་ནོར་སྣས་བརྒྱན་པ་དེ་འདྲའང་ཡོད་འདུག་པས་གཅིག་ཏུ་མ་ངེས། མ་གཞི་དུང་དཀར་གྱི་སྐད་ནི་རྒྱ་གླིང་ལྟར་སྙན་འཇེབས་ལྡན་པ་ཞིག་མིན་ཡང་། མཆོག་གི་རོལ་མོ་འདི་ལས་ཁྱབ་ཆེ་བ་ཡོད་པ་མ་ཡིན་ཏེ། 《སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག》ཅེས་པ་ལས། ཁ་དོག་དྲི་མེད་དཀར་བ་ནི། །དཀར་ཕྱོགས་དབུ་འཕང་སྟོད་པའི་བརྡ། །ཞེས་སོགས་དུང་དཀར་གྱི་བླ་ན་འཕགས་པའི་ཡོན་ཏན་གྱི་ཁྱད་ཆོས་དུ་མ་བརྗོད་ཡོད་དོ།།

དུང་དཀར་ནི་རིམ་བཞིན་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་སྤྱན་འདྲེན་པའི་ཡོ་བྱད་ཞིག་ཏུ་གྱུར་པས་བོད་ཀྱི་དགོན་སྡེ་མང་ཆེ་བར་དར་སྲོལ་ཆེན་པོ་ཡོད།  དེའང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ལྟ་སྤྱོད་གཙང་མའི་རྒྱུད་པ་སྤེལ་བའི་ཕྱིར།  ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ།  ཆོས་དུང་གནས་ཤིང་ལུང་བསྟན་བདེན་པའི་མཐུས།  བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག་ཅེས་གསུངས་པ་ལྟར་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་རྟེན་འབྲེལ་གྱི་གནས་ཁྱད་པར་ཅན་ཡིན་པ་དགོངས་ཏེ་ཆོས་དུང་དཀར་པོ་འགོག་པ་རི་ལ་གཏེར་དུ་སྦས།  དེ་ཉིད་ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་ཁྱོད་ཀྱི་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་དགོན་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་གསུངས་ནས་ཆོས་དུང་དེ་བཞིན་འགོག་པ་རི་ནས་གཏེར་དུ་བཞེས་ཏེ་རྟེན་སྐལ་དུ་གནང་བ་དང་དེང་སྐབས་དཔལ་ལྡན་འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོའི་སྐུ་མདུན་དུ་མཇལ་རྒྱུ་ཡོད་པས་ཆོས་དུང་དཀར་པོ་དེ་ཡིན།  གཞན་ཡང་གོང་མ་སེ་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་བསྐུར་གྱི་ཡོན་དུ་ཆོས་དུང་གྱང་གྲགས་མ་ཞིག་ཀྱང་ཡོད། །

2.jpg

དུང་དཀར་གསེར་དང་དངུལ་གྱི་གཤོག་པར་རིན་པོའི་ཆེའི་ཕྲ་ཅན།

གང་ལྟར་བོད་མི་དམངས་ཀྱིས་དུས་ཆེན་ཆེ་མ་ཆུང་གསུམ་དང་མི་ཚེའི་ཆོ་ག་ཅི་རིགས་ཀྱི་སྐབས་སུ་དུང་དཀར་སྤྱོད་པ་མ་ཟད། ཐ་ན་ཕྲུ་གུ་བཙས་མ་ཐག་དང་བགྲེས་སོང་གྲོངས་ནས་འདས་མཆོད་བྱེད་སྐབས་སུའང་དུང་བརྡ་གཏོང་སྲོལ་ཡོད། བོད་མི་རིགས་ནི་གདོད་མ་ཉིད་ནས་ཁ་དོག་དཀར་པོ་ལ་དད་མོས་དང་བརྩི་མཐོང་ཤིན་ཏུ་ཆེ་བའི་མི་རིགས་ཤིག་ཡིན་ཞིང་། དུང་དཀར་ནི་བོད་མིའི་སེམས་ཁམས་དང་མཐུན་པའི་དམངས་སྲོལ་རིག་གནས་ཤིག་ཏུ་གྱུར་ཡོད་ཕྱིར། དེས་བོད་མི་དམངས་ལ་འཕྲུལ་སྣང་གི་འཇིག་རྟེན་གྱི་གསང་བར་ཤེས་རྟོགས་བྱེད་པར་རམ་འདེགས་དང་། རང་བྱུང་ཁམས་དང་འཐབ་རྩོད་བྱེད་དུས་བློ་སྤོབས་དང་ཡིད་ཆེས་གང་མང་བསྩལ་ཡོད་པ་གོར་མ་ཆག །

2. རྔ།

རྔ་ནི་རང་རེ་བོད་ཙམ་མ་ཟད་མི་རིགས་གང་མང་ཞིག་ལ་དར་མྱོང་ཞིང་དེའི་བྱུང་རབས་ཀྱང་མི་རིགས་དེ་དག་གི་ལོ་རྒྱུས་དང་བསྡུར་ནས་བལྟས་ན་རྔ་ནི་གནའ་མི་དག་གི་འཚོ་བ་ནས་གསར་གཏོད་བྱས་ཏེ་རིམ་བཞིན་འཕེལ་འགྱུར་བྱུང་བ་ནི་གདོན་མི་ཟ་སྟེ། ཐོན་སྐྱེད་ངལ་རྩོལ་གྱི་ཁྲོད་ནས་སྤྲོ་དགའི་དབང་གིས་རྡོ་དང་རྡོ་བརྡབས་པའམ་ཤིང་ཐུར་དང་ཤིང་ཐུར་བརྡབས་པ་སོགས་རྡེབ་སྟངས་མི་འདྲ་བ་ལས་སྒྲ་སྣ་ཚོགས་གྲགས་པ་ལས་རིམ་བཞིན་ཤིང་རྔ་དང་དེ་ནས་རྫ་རྔ་འཁར་རྔ་སོགས་བྱུང་བ་ཡིན་སྲིད། གང་ལྟར་ཀྱང་བོད་ལ་རྔ་བྱུང་སྔ་བ་ནི་དོན་གྱིས་གྲུབ་སྟེ། བརྟག་དཔྱད་བྱས་པ་ལྟར་ན་བོད་ལྗོངས་ཀྱི་ས་འོག་ནས་བུད་པའི་རིག་དངོས་ནང་རྫ་བཟོས་སྤྱོད་ཆས་མང་པོ་བྱུང་ཞིང་། ངོས་གཅིག་ཅན་གྱི་རྫ་རྔ་བྱུང་བའི་ལོ་རབས་ནི་རྡོ་ཆས་གསར་མའི་དུས་སྐབས་ཡིན་པ་བདེན་དཔང་བྱས་ཡོད།  རིམ་བཞིན་ཐོན་སྐྱེད་འཚོ་བར་འཕེལ་རྒྱས་བྱུང་སྟེ་ལྷའི་འདུ་ཤེས་ལས་མཆོད་འབུལ་སོགས་ཀྱི་བྱ་སྤྱོད་དུ་བེད་སྤྱད་དེ་རྗེས་སུ་གདོད་བོན་དང་བཙན་བོན། གཡུང་དྲུང་གི་བོན་སོགས་སུ་རྔ་སྤྱོད་པ་ཤུགས་ཆེར་སོང་བ་མ་ཟད། བོན་གྱི་ལོ་རྒྱུས་སུ་སྔ་རབས་བོན་གཤེན་དུ་མ་རྔ་ལ་བཞོན་ནས་ནམ་མཁའ་ལ་འགྲོ་བའི་ལོ་རྒྱུས་ཀྱང་བཀོད་ཡོད་དོ།

5.jpg

བཟོ་བཀོད་ཁྱད་དུ་འཕགས་པའི་རྔ་བོ་ཆེ།

རྔ་ནི་བརྡུང་བའི་རོལ་མོའི་བྱེ་བྲག་ཅིག་སྟེ། དབྱིབས་ཀྱི་ཆ་ནས་ཟླུམ་པོ་དང་གྲུ་བཞི། ཟླ་གམ། ཟུར་གསུམ་སོགས་ཡོད་པ་དང་། རིགས་ཀྱི་ཆ་ནས་རྔ་བོ་ཆེ་དང་སྒྲིག་རྔ། རྔ་ཆུང། སྔ་རབས་བོན་གྱི་རོལ་ཆ་ཕྱེད་རྔ་ཞེས་རྔ་ངོས་ཡ་མ་དང་།  རལ་པ་འཆམ་སྐབས་རྐེད་པར་འདོགས་བྱའི་རྐེད་རྔ། དེ་མིན་རྒྱུ་ཁྱད་པར་ཅན་གྱི་འཁར་རྔ་དང་།  རྫ་རྔ།  རྡོ་རྔ་སོགས་རིགས་དུ་མ་ཡོད། མདོག་གི་ཆ་ནས་དཀར་པོ་དང་སེར་པོ། དམར་པོ། སྔོན་པོའམ་མཐིང་ནག་སོགས་ཡོད་པ། དེ་བཞིན་རྔ་ཤིང་ལ་ཙན་དན་ཤུག་པ་ཨ་དཀར་སྦ་སྨྱུག་སོགས་ཤིང་སྣ་མི་འདྲ་བ་སྣ་ཚོགས་ཀྱིས་བཞེངས་སྲོལ་ཡོད་པ་དཔེར་ན《སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་གྱི་རྔ་རབས》ཞེས་པ་ལས་རྔ་བཞེངས་ཚུལ་གྱི་བྱུང་རིམ་གསལ་བོ་ཞིག་བྲིས་ཡོད་པ་ལྟར་དང་། དེ་བཞིན་རྔ་པགས་ལའང་སེང་གེ་དང་འབྲོང་། བ་གླང་ཆུ་གླང་གི་པགས་པ། རྟ་དང་རའི་པགས་པ། ཐ་ན་མི་ཡི་པགས་པ་ལ་སོགས་ཀྱིས་གཡོགས་པའི་སྲོལ་མཆིས་ཚུལ་བན་བོན་གཉིས་ཀའི་གཏམ་ལ་གྲགས་ཤིང་སྔོན་གྱི་དུས་ལ་ཡོད་སྲིད་ཀྱང་ད་ལྟ་རྒྱུ་ཆ་དེ་རིགས་ལག་སོན་དཀའ་འདུག དབྱིབས་སྣ་ཚོགས་དེ་རིགས་ཀྱང་བཟོ་རྩལ་དཀའ་སླའི་དབང་གིས་སམ་ཡང་ན་རྒྱུ་རྐྱེན་གཞན་པས་དབྱིབས་ཟླུམ་པོ་ལས་གཞན་གྲུ་བཞི་དང་ཟླ་གམ། ཟུར་གསུམ་ལ་སོགས་པ་ནི་ཤིན་ཏུ་མཐོང་དཀོན་པར་གྱུར་འདུག མདོར་ན་སྔོན་གྱི་དུས་སུ་རྔའི་རིགས་ལ“རིན་ཆེན་སྣ་བདུན་དཔག་བསམ་ཤིང་། །རྫ་རྔ་ཅང་ཏེ་རྔ་བོ་ཆེ། །ཙན་དན་བརྗིད་ལྡན་རྒྱུས་མང་རྔ། །བསམ་ཡས་མ་ཊཾ་བསྒྲལ་བའི་རྔ། །དཔེ་ཆེན་གསང་བའི་རྔ་ཆེན་འདིས། །བྷནྷ་ལྟག་སྤྲོད་རུ་ཏྲ་བསྒྲལ་བའི་རྔ། །” ཞེས་འབྱུང་བའི་རྔའི་རྣམ་གྲངས་དེ་རིགས་དེང་གི་དུས་སུ་སྦྱར་ནས་གླེང་ན། བོན་ཕྱོགས་སུ་དགོན་པ་དང་སྔགས་འཆིང་གི་སྡེ་ནས་སྤྱོད་པའི་རྔ་ལ་རིགས་དབྱེ་མང་པོ་མི་སྣང་ཞིང་རྒྱུགས་ཆེ་བ་དག་ནི་གཤམ་གསལ་འདི་དག་ཡིན།

6.jpg

སྔ་རབས་ཀྱི་རྔ།

རྔ། སྤྱིར་རྔ་ཞེས་ན་སྤྱི་མང་དུ་འཇུག་དགོས་ཀྱང་ཡོངས་གྲགས་སུ་བྱེ་བྲག་ཅིག་ཏུ་ངོས་འཛིན་བཞིན་ཡོད་དེ། མདོ་རྒྱུད་དག་ནའང་རྔ་དང་འཁར་རྔ་བརྡུང་ཞེས་ལྷན་དུ་འབྱུང་བས་སོ། །འདིར་བཤད་པའི་རྔ་ནི་དབྱིབས་ཟླུམ་པོ་ལ་ངོས་གཉིས་པགས་པས་གཡོགས་པའི་རྔ་སྟེ། ཆེ་ཆུང་ནི་ཚངས་ཐིག་ལ་ལི་སྨི༦༠ཡས་མས། རྒྱུན་དུ་མདུན་ངོས་སུ་རྒྱུན་ཐག་གིས་གནམ་ལ་བཏགས་ནས་ཡོད་ཅིང་། བརྡུང་དུས་ལག་གཡས་པས་རྔ་དབྱུག་བཟུང་ནས་ངོས་གང་རུང་ལ་བརྡུང་བ་ཡིན། གོང་ནས་རྔའི་བཤད་པ་མང་དུ་འབྱུང་བ་དག་དང་གཞུང་སོ་སོ་ནས་བྱུང་བའི་རྔ་རབས་སྐོར་ཡང་འདི་ལ་སྦྱར་ནས་གླེང་བ་ཡིན།  

ལག་རྔ། ལག་རྔ་ནི་གཙོ་བོ་དགོན་པ་ནས་བེད་སྤྱོད་གཏོང་བ་སྟེ། ངོས་གཉིས་ཅན་གྱི་རྔ་ལ་ལག་པས་འཛིན་བྱེད་ཀྱི་ཡུ་བ་ཡོད་པ་ཞིག་སྟེ། ཆེ་ཆུང་ཚངས་ཐིག་ལ་ལི་སྨི༥༠ནས༦༠ཡས་མས། བརྡུང་དུས་ལག་གཡོན་པས་རྔ་ཡུ་ནས་དམ་པོར་བཟུང་སྟེ་གཡས་པས་རྔ་དབྱུག་གིས་བརྡུང་བ་ཞིག་ཡིན། སྟབས་བདེའི་དབང་གིས་ཡུ་བ་ཙམ་ཡོད་པ་མ་གཏོགས་གོང་གི་རྔ་དང་ཁྱད་ཡེ་མེད།

7.jpg

བོད་ཀྱི་རོལ་ཆ་འཁར་རྔ།

འཁར་རྔ། འཁར་རྔ་ནི་ཡོངས་ཁྱབ་ཏུ་རྒྱུ་འཁར་བ་ལས་གྲུབ་ཅིང་། དབྱིབས་ཟླུམ་པོ། ཆེ་ཆུང་ནི་རྒྱུན་པར་ཚངས་ཐིག་ལ་ལི་སྨི༤༠ཡས་མས། ཐ་གུས་ཟུར་གཉིས་ནས་དྲངས་ཏེ་ལག་གཡོན་པར་བཟུང་སྟེ་ལག་གཡས་པས་རྔ་དབྱུག་གིས་བསྣུན་པ་ཞིག་ཡིན། འཁར་རྔ་ནི་སྒྲ་གྲགས་ཚད་ཆེ་བས་རྔ་དང་ལག་རྔར་བསྡུར་ན་བེད་སྤྱོད་གཏོང་ཚད་ཅུང་ཉུང་སྟེ། གཙོ་བོ་དགོན་པ་ཡིན་ན་ཚོགས་ཞུགས་ཀྱི་བརྡ་གཏོང་བྱེད་དུ་བརྡུང་བ་དང་། དེ་མིན་མདོ་ཕྱོགས་སུ་སིལ་རོལ་དང་གཡང་འགུག་སོགས་ཀྱི་སྐབས་གཏོང་བ་དང་། སྔགས་ཕྱོགས་སུ་ལྷ་སོགས་སྤྱན་འདྲེན་དང་རོལ་མོ་སོགས་ཀྱི་སྐབས་སྤྱོད་བཞིན་ཡོད། 

དེ་མིན་རྔ་བོ་ཆེ་ནི་དགེ་འདུན་འདུས་ཚོགས་ཆེན་མོ་དང་ཁྲིམས་ལུགས་ཁྱབ་བསྒྲགས། ཕོ་བྲང་ཆེན་པོའི་སྒོ་འབྱེད། དབྱར་འཆམ་ཆེན་མོའི་སོགས་ཀྱི་སྐབས་སུ་རོལ་མོ་ཁང་གི་གཡས་གཡོན་ནས་བརྡུང་བ་དང་། སྐེད་རྔ་ནི་ཀོང་བྲོ་སོགས་འཁྲབ་སྐབས་སྐེད་པར་བཏགས་ཏེ་བརྡུང་བ། རྡོ་རྔ་ནི་རྡོ་རྒྱུ་སྲ་བས་ལྕགས་སྐད་འབྱུང་བའི་རྡོ་ལེབ་སྟེ། སྔར་རི་ཁྲོད་པ་དང་འཚམས་པ་བ་ལ་བརྡ་གཏོང་བྱེད་ཙམ་ཡིན་ནོ།

དེ་བཞིན་དམངས་ཁྲོད་ནའང་རྔའི་སྤྱོད་ཚུལ་ཁྱབ་ཆེ་ཞིང་། རིགས་དང་རྣམ་པའང་མང་བ། རྔའི་སྒྱུ་རྩལ་གྱིས་མཚོན་པའི་གླུ་གར་བྲོ་འཆམ་སོགས་མང་དུ་སྣང་བ་ཡང་སྙོན་མེད་ཡིན་མོད། འདིར་རྔའི་བརྡུང་ཚུལ་སྐོར་ཅུང་ཙམ་སྤྲོས་ན། རྔ་པ་ཞིག་ཡིན་ཚེ་ཐོག་མར་རྔ་ཡི་སྐད་གནས་ལ་བྱང་བར་སློབ་དགོས་ལ། བརྡུང་པའི་ཚེ་ན་ཡང་། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུག ། རི་རབ་གླིང་བཞིའི་མཐའ་མི་བསྐོར། ། རི་ཐང་མཚམས་ཀྱི་བྲག་མི་བཤག ། རི་དྭགས་རྒྱལ་པོའི་གདོང་མི་བསྣུན། ། ཞེས་གསུངས་པ་ལྟར། མཐའ་དང་དཀྱིལ་གཉིས་སུ་མ་ཡིན་པར་སུམ་གཉིས་ཡར་ཕུད་པའི་སར་བསྣུན་ཚེ་སྐད་ལེགས་པར་ཐོན་ལ། ལག་པའི་ཤུགས་གང་ཡོད་ཀྱིས་བརྡུངས་ན་སྒྲ་ཕྱིར་འགྱེད་ཀྱི་སྒྲ་རླངས་ལ་གནོད་སྐྱོན་ཡོད་པས་རྔ་གཡོག་ཀྱང་འཕྲུལ་ཡང་ལྷོད་གསུམ་གྱི་སྒོ་ནས་བསྣུན་ཚེ། སྐད་ཀྱང་གསང་ཞིང་ཁྱབ་འགྱེད་ཆེ་ལ་སྙན་པ་ཞིག་འབྱུང་བ་ཡིན། རྒྱུ་མཚན་དེའི་ཕྱིར་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས་ཀྱང་། དེས་ན་གང་དུ་བརྡུངས་པ་ནི། །ཡུ་བའི་ཐད་ཀྱི་རྔ་རི་ནས། །སོར་མོ་དྲུག་བདུན་གང་རུང་ཉིད། །གཞལ་བའི་མཚམས་སུ་བརྡུངས་པ་ན། །འདོད་དོན་ཐམས་ཅད་འགྲུབ་པ་ཡིན། །ཞེས་གསུངས་པ་སོགས་རྔ་རྡུང་གི་བསྟན་བཅོས་དང་ལག་ལེན་དངོས་ལས་ཤེས་པར་བྱའོ།།

3.རག་དུང་ངམ་དུང་ཆེན། 

དུང་ཆེན་ནི་འབུད་པའི་རོལ་མོའི་རྣམ་གྲངས་ཤིག་སྟེ། རག་དུང་ངམ་དུང་ཆེན་དང་དེ་འབུད་སྟངས་ཀྱི་དབྱངས་རྟའི་རི་མོ་འདི་དང་ཚུལ་བཞིན་འབུད་པའི་སྲོལ་འདི་ཡང་སྒྲ་ཡངས་འཇུག་གིས་བཤད་ན་དགོན་པའི་དབྱངས་ཀྱི་རིག་གནས་བྱེ་བྲག་པ་ཞིག་ཡིན། དང་པོ་ནས་བོད་རང་གིས་བཟོས་པའི་རོལ་ཆ་ཞིག་ཡིན་འདུག་སྟེ་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་པདྨ་འབྱུང་གནས་རྣམ་གཉིས་བོད་ལ་སྤྱན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་པའི་རབ་གནས་དགའ་སྟོན་སྐབས། ཟངས་དུང་ཆ་ལང་མཁར་རྔ་གླིང་བུ་དང་༔  རྫ་རྔ་པི་ཝང་ཕེག་རྡོབ་རོལ་མོའི་ཚོགས༔  ཞེས་འབྱུང་བས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རང་རེའི་ཡུལ་འདིར་རྒྱུ་ཟངས་ལས་བྱས་པའི་ཟངས་དུང་ཡོད་པར་ངེས་ཤིང་། དེ་རྗེས་སུ་མངའ་རིས་སུ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་འདྲེན་སྐབས་རྒྱུ་རག་ལས་ཆེད་དུ་བཟོས་པས། ལོ་པན་སྤྱན་འདྲེན་རག་དུང་ཞེས་མིང་བཏགས་པ་དང་། དེ་ནས་ཆོས་ལུགས་ཡོ་ཆས་སམ་མཆོད་རྫས་གྲས་སུ་གཏོགས་པར་གྲགས། གཉིས་པ་རག་དུང་གི་མིང་འདོགས་ཚུལ། ཕྱིས་དགོན་པའི་གྲྭ་པ་ཚོས་དུང་དམར་ཞེས་པ་འབོད་སྲོལ་འདི་ཡང་རྒྱུ་ཆ་ཟངས་ལ་བཟོས་པའི་ཆ་དང་ཁ་དོག་དམར་བའི་ཆ་ནས་བཏགས་ཤིང་ཟངས་དུང་འབོད་པ་ཡང་དོན་དུ་གཅིག་ཡིན། རག་དུང་ནི་རྒྱུ་བ་རག་གི་བཟོས་པའི་དུང་ཆེན་ཞེས་ཚིག་མཛོད་སོགས་ལས་གསལ།

30.jpg

རག་དུང་གསེར་གྱི་པ་ཏྲས་བརྒྱན་པ།

རག་དུང་གི་རྒྱུ་ཆ། དགོན་པ་སོ་སོས་ད་ལྟ་གསེར་དངུལ་བཀྲ་མ་དང་། སྟོང་རག་བཀྲ་མ། ཟངས་རག་བཀྲ་མ་སོགས་ཀྱིས་བཟོས་ཏེ། རོལ་མོ་འདི་དགོན་པའི་རོལ་ཆ་ཀུན་ལས་རིང་ཤོས་དེ་ཡིན།

དུང་ཆེན་གྱི་དབྱིབས་ནི་སྲིད་དུ་རིང་ཐུང་ཇི་ལྟར་བྱུང་ཡང་རྩ་མདའ་ཐེ་བའི་ལྷུ་བཞི་ལས་གྲུབ་ཅིང་། སྟོད་ནས་རིམ་བཞིན་ཇེ་སྦོམ་དུ་སོང་བའི་སྨད་མཐར་ཁ་བོ་ཆེ་རྒྱ་གླིང་གི་ཁ་ལྟར་གཡེར་བ་དང་། ལྷུ་སོ་སོའི་བར་ན་ཡང་ལྦ་ཚིགས་ཚགས་དཀྲོལ་གྱི་པ་ཏྲས་མཛེས་པ་མགྲིན་པའི་གྱེན་ལ་རིམ་བཞིན་ཕྲ་བའི་སྟེང་དུ་སྦུ་གུ་དང་སྤྲད་པའི་ཁ་ཡི་མེ་ཏོག་གམ་ཏིང་ཤགས་ཞེས་མཆུ་རྟེན་སྦུབས་ཅན་ཁ་ཕྱིར་ལོག་པའི་རྣམ་པ་ཅན།  མགྲིན་པའི་སྦུ་གུའི་ཕྱོགས་གསུམ་སྒྲོ་འདབ་ཅེས་ཟངས་ཀྱི་ཐུར་མ་གསུམ་གྱི་པྲ་ཆོས་བྱས་པ་ཞིག་ཡིན། 

12.jpg

དུང་ཆེན།

ཆེ་ཆུང་གི་ཚད་ནི་དགོན་པ་སོ་སོའི་རྒྱུ་སྟོབས་དང་སྤྱོད་ཡུལ་སོགས་ལས་གཅིག་ཏུ་མ་ངེས་ཏེ།  ཆེ་ཚད་ལ་མི་གཅིག་གིས་ཐེག་ཙམ་དང་ཆུང་ཚད་ལ་ཕྲ་དུང་ཞེས་འཁྱེར་བདེ་བ་དང་འབུད་བདེ་བ་སྣ་ཚོགས་འདུག་ཀྱང་།  རྩ་བའི་མཚན་ཉིད་ཀུན་ལ་ཚང་བར་མ་ཟད་རྩ་བའི་སྐད་སྣའང་ཕྲ་སྦོམ་འབྲིང་གསུམ་སྟེ།  ཕྲ་བ་ཏིར་དང་སྦོམ་པ་འདོར། འབྲིང་བ་བརྒྱངས་ཞེས་པ་ལྟ་བུ་ཡིན་ཞིང་དེ་ཡང་འདོར་ནི་རྔ་ལྤགས་སྟེང་སྲན་མ་གཏོར་བ་ལྟར་དང་། བརྒྱངས་ནི་རྒོད་ཀྱིས་ནམ་འཕང་གཅོད་པ་ལྟ་བུ། ཏིར་ནི་གླང་པོ་ཆེའི་ངུར་སྐད་དང་ཕྱོགས་མཐུན་པར་དགོས་ཞེས་གྲགས་ལ།  གཞི་རྩའི་འབུད་སྟངས་ལ་ཡང་འདོར།  བསུ་མ།  བརྒྱངས།  རྦད་བཅད།  ཏིར་ཕབ།  ཏིར་ཆེན།  བརྒྱངས་ཕྲུག་གམ་འཛར་ཞེས་པ།  དགོན་སྡེ་སོ་སོའི་ཕྱག་སྲོལ་དུང་ཚིགས་དབྱངས་རིས་དཔེ་གཟུགས་འདྲ་མིན་སྣ་ཚོགས་ཡོད། །

4.གླིང་བུ།

གླིང་བུ་ནི་འབུད་གཏོང་རོལ་མོའི་བྱེ་བྲག་ཤིག་སྟེ། བོད་ཀྱི་ཡིག་ཚང་ལྟར་ན། ཐོག་རྗེ་ཐོག་བཙན་སྐུ་རིང་ལ་དར་ཚུལ་སྔོན་གྱི་ཡིག་ཚང་དུ་འཁོད་ཡོད།

སྤྱིར་རང་རེའི་བོད་དུ་དར་བའི་གླིང་བུ་ལ་འཕྲེད་གླིང་དང་གཞུང་གླིང་གཉིས་ཙམ་དུ་ངེས་ཀྱང་། རྒྱུ་མི་འདྲ་བའི་ཆ་ནས་སྨྱུག་གླིང་དང་། ཤིང་གླིང་། ལྕགས་གླིང་། འདག་གླིང་། རྫ་གླིང་། རྐང་གླིང་། རུས་གླིང་། རྒོད་གླིང་སོགས་ཡོད།

37.jpg

བོད་ཀྱི་རོལ་ཆ་གླིང་བུ།

རང་རེ་བོད་ལ་འཕྲེད་གླིང་གི་སྤྱོད་ཁུངས་ཀྱང་ཁྱབ་ཆེ་བ་སྟེ། དམངས་ཁྲོད་ཀྱི་སྟོད་གཞས་ནང་མ་ནས་མཆོད་སྤྲིན་གར་འཆམ་གྱི་ནང་ལའང་བེད་སྤྱོད་ཅིང་། དེ་ཡང་སྟོད་གཞས་ནང་མའི་སྐབས་མངའ་རིས་ཀྱི་སྒྲ་སྙན་དང་ཡང་ཆིན་འཕྲེད་གླིང་སོགས་བརྩམས་ནས་གཏོང་བའི་ཐོག་མའི་སྲོལ་འཛུགས་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་ཡིན་ཏེ།  《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཞེས་བྱ་བ་ལས་ཤེས་ཐུབ། དེ་བཞིན་དམངས་གཞས་དང་ཁྲོམ་སྐོར་གྲལ་སྟར་སོགས་ཀྱི་ནང་འཕྲེད་གླིང་ཁེར་གཏོང་དང་སྡེབ་གཏོང་བྱེད་པའང་ཡོད་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ངམ་མཛེས་ཤིང་ཡིད་དུ་འོང་བའི་གར་སྟེགས་ཐོག་འཕྲེད་གླིང་རྐྱང་གཏོང་བྱེད་པའང་ཡོད་པས། དེ་ནི་བཟོ་བདེ། འཁྱེར་བདེ། གཏོང་བདེའི་རོལ་མོ་ཁྱད་པར་ཅན་ཞིག་ཀྱང་ཡིན་པའོ།

གཞུང་གླིང་ནི་རྒྱུ་ཤིང་ལས་གྲུབ་ཅིང་རོལ་ཆ་དེའི་མགོ་སྦོམ་པ་དང་བར་མཇུག་རིམ་བཞིན་ཕྲ་བར་བྱུང་བ་ཞིག་ལ། མགོ་བོའི་ཕུ་འདེབས་པའི་བུ་ག་ཕུད་འཐེབ་ཀྱི་བུ་ག་ལྔ་ཡོད་པ་དང་གླིང་བུ་དེ་གཞུང་དུ་འཁྱེར་ནས་གཏོང་དགོས་སྟབས་མིང་ལའང་གཞུང་གླིང་ཞེས་བྱུང་བ་ཡིན།

དེ་ལས་སྨྱུག་གླིང་ནི་རྒྱུ་སྨྱུག་མ་ལས་གྲུབ་པ་ཞིག་ཡིན་པས། ལེགས་ཉེས་བརྟག་སྐབས་སྨྱུག་གཤིས་དང་མགོ་མཇུག་སྦོམ་ཕྲ་མཉམ་མིན་ལ་བལྟས་ནས། སྨྱུག་གསར་དང་མགོ་མཇུག་སྦོམ་ཕྲ་མི་མཉམ་པའི་རིགས་དག་སྤོངས་དགོས།
       ཤིང་གླིང་ནི་རྒྱུ་ཤིང་ལས་གྲུབ་པའི་གླིང་བུ་ཞིག་སྟེ། དེ་ནི་སྨྱུག་གླིང་དང་མི་འདྲ་བར་མགོ་སྦོམ་མཇུག་ཕྲ་བ་ཞིག་ཡིན་ལ། སྤྱིར་ཤིང་གླིང་ཡིན་ན་གཞུང་གླིང་རང་དུ་ངེས་ཤིང་། དེ་ལ་ཡང་མཐེབ་མིག་ལྔ་ལྡན་དང་མཐེབ་མིག་བདུན་ལྡན་གཉིས་སུ་ཡོད།
      ལྕགས་གླིང་ནི་རྒྱུ་ལྕགས་ལས་གྲུབ་པའི་གླིང་བུ་ཞིག་སྟེ། དེ་ཡིས་ནམ་རྒྱུན་གཞས་དང་ཞབས་བྲོར་རམ་འདེགས་བྱེད་པ་དཀོན་ཡང་བྱིས་པ་རྣམས་ཀྱིས་རྩེད་འཇོར་རོལ་སྐབས་རང་དགར་གཏོང་སྲོལ་མང་། མཐེབ་མིག་བདུན་ལྡན་གྱི་ལྕགས་གླིང་ནམ་བྱུང་སྐོར་གྱི་ལོ་རྒྱུས་གསལ་བར་མི་ཤེས་མོད། དེ་ནི་གཞི་རྐང་འཕྲེད་གླིང་མཐེབ་དྲུག་མ་ཡིན་པར་དབུགས་བུག་དང་མཐེབ་མིག་བར་དུ་འདམ་སྤྲི་འབྱར་སའི་བུ་ག་མེད་སྟབས། སྐད་སྦོམ་ཞིང་མི་གསལ་བ་ཞིག་ཡིན་ཀྱང་། འཕྲེད་གླིང་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་པ་ཞིག་ཡིན་པ་གོར་མ་ཆག
       རྫ་གླིང་ནི་རྒྱུ་རྫ་ལས་གྲུབ་པའི་གླིང་བུ་ཞིག་སྟེ། སྤྱིར་རོལ་མོའི་བྱེ་བྲག་ཅིག་ཏུ་བྱས་ནས་གཏོང་སྲོལ་མེད་ཀྱང་། རྫ་མཁན་རྣམས་ཀྱིས་རྫ་ཆས་དང་མཉམ་དུ་བཙོངས་ལ། གདོད་མའི་དུས་རབས་སུ་བྱུང་བའི་རོལ་ཆ་རྫ་གླིང་དང་འདག་གླིང་ལ་སྒོང་གཟུགས་དང་བྱིའུ་གཟུགས་གཉིས་ཡོད་པ་དང་། རོལ་ཆའི་མིང་ནི་དེའི་གཟུགས་དབྱིབས་ལ་གཞིགས་ནས་བྱུང་བའམ་དེའི་བཟོ་རྒྱུར་གཞིགས་ནས་བྱུང་བ་སོགས་ཀྱི་ཁྱད་པར་ཡོད་སྟབས། འདག་པ་ཚི་ཅན་གྱིས་བཟོས་པའི་རོལ་ཆ་དེར་དེའི་བཟོ་རྒྱུར་གཞིགས་ཏེ་འདག་གླིང་ཞེས་པ་དང་། རྫ་མཁན་གྱི་མེར་བསྲེགས་ཏེ་རྫ་བཏང་བའི་རོལ་ཆ་དེར་རྫ་གླིང་ཞེས་བྱུང་། ལྟོ་བའི་སྟེང་དུ་མཐེབ་མིག་གཉིས་གསུམ་བཞི་སོགས་གང་རུང་ཡོད་ལ། གཏོང་ཚུལ་ནི་གཞུང་གླིང་ལྟ་བུར་སྟེང་ནས་གཏོང་དགོས་པ་ཞིག་ཡིན།

35.jpg

རུས་གླིང་།

རྐང་གླིང་ནི་མིའི་བརླ་རུས་ལས་བཟོས་པའི་གླིང་བུ་ཞིག་སྟེ། དེ་ཡང་སྔོན་འཕགས་ཡུལ་གྱི་གྲུབ་ཐོབ་རྣམས་ཀྱིས་རང་ཉིད་བྱ་བྲལ་གྱི་སྤྱོད་པར་གཤེགས་ཏེ་གནས་ངེས་མེད་དུར་ཁྲོད་སོགས་སུ་གསང་སྔགས་ཀྱི་ཆོ་ག་མཛད་སྐབས་རང་ཉིད་མི་རྟག་པ་སྒོམ་པ་ལ་གྲོགས་བྱེད་པའི་ཆེད།  དུར་ཁྲོད་ནས་མི་ཤི་བའི་བརླ་རྐང་རུས་ལ་གླིང་བུ་མཛད་པ་ན་རྐང་གླིང་ཞེས་གྲགས།

 བོན་གྱི་རོལ་མོའི་བྱུང་རབས་སུ“ཞང་ཞུང་དབལ་གྱི་བྱེ་བྲག་ཕུག་རོང་ཆེན་དུ། །དབལ་བོན་ཆེན་པོ་སྟག་ལ་མེ་འབར་གྱིས། །སྲིན་པོ་ཕོ་མོ་བསྒྲལ་བའི་བརླ་རྐང་ལ། །བསྟན་པའི་དགྲ་དཔུང་བཤིག་པའི་རྐང་གླིང་བཟོ”ཞེས་འཁོད་པ་དེས་རོལ་ཆ་དེ་ནི་མི་ཤི་བའི་རྐང་དུང་ལས་བཟོས་པ་ཤིག་ཡིན་པ་ཤེས་ཐུབ། །            
        རྒོད་གླིང་ནི་བོན་པོ་བ་རྣམས་ཀྱིས“བོན་ཉིད་ནམ་མཁའི་ཀློང་ནས་སྐྱེད་པའི་ལྷ། རྒོད་གསས་ཁམས་པ་ལ་ཕྱག་འཚལ་ལོ། བོན་ཉིད་རྣམ་མཁའི་ཀློང་ནས་སྐྱེད་པའི་ལྷ། རྒོད་བུ་འཕར་དྲག་ལ་ཕྱག་འཚལ་ལོ”ཞེས་ལྟར་ངོས་འཛིན་པའི་གླག་རྒོད་ཀྱི་གཤོག་རུས་ལས་བཟོས་པ་ཞིག་ཡིན། ནག་ཆུ་ས་ཁུལ་འོམ་བུ་ནི་སྔར་ནས་ད་བར་བོན་ཆོས་ལ་དད་པ་རྒྱུན་འཛིན་བྱེད་མཁན་གྱི་ས་གནས་ཤིག་ཡིན་འདུག་པ་དེའི་རོལ་མོ་བ་རྒན་གྲས་ཚོས་ཡུལ་དེའི་མདོ་བརྡ་མའི་རོལ་དབྱངས་ནི་སྔར་ཞང་ཞུང་རྒྱལ་རབས་སྐབས་ནས་མི་ཉམས་རྒྱུན་འཛིན་གྱིས་ད་བར་དར་ཡོད་ཅེས་གསུངས་པ་དང་། རོལ་དབྱངས་དེའི་ནང་འབུད་པའི་རོལ་ཆ་ནི་རྒོད་གླིང་ཡིན་པ་དེའི་ཐོག་ནས་ཀྱང་རོལ་ཆ་དེ་སྐབས་དེ་དུས་ནས་ལག་ལེན་ཡོད་པ་ཤུགས་ཀྱི་མཚོན་ཐུབ། གླག་རྒོད་ཀྱི་དུང་རུས་ལས་བཟོས་པའི་རྒོད་གླིང་ལ། བོད་ཀྱི་ས་ཆ་འགར་དུང་རུས་གླིང་བུའམ་རུས་གླིང་ཞེས་ཀྱང་འབོད། དེ་ཡང་གླག་རྒོད་ཀྱི་གཤོག་པའི་དུང་རུས་ཀྱི་མགོ་མཇུག་གཉིས་སྦོམ་ཞིང་དཀྱིལ་གཞུང་ཕྲ་བ་མ་ཟད། དུང་རུས་ལ་ཕྲ་སྦོམ་རིང་ཐུང་སོགས་ཀྱི་ཁྱད་པར་བྱུང་བའི་དབང་གིས་རྒོད་གླིང་ཡང་མཐེབ་མིག་གསུམ་ལྡན་དང་བཞི་ལྡན། ལྔ་ལྡན། དྲུག་ལྡན་བཅས་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་རིགས་ཀྱི་སྒྲ་དབྱངས་ཀྱང་སྙན་པོ་ཡོད་པ་དང་། གཏོང་ཚུལ་ནི་གཞུང་གླིང་ལྟར་ཡིན། ། 
        སྤྱིར་གླིང་བུའི་སྐད་རིང་ཐུང་དྲག་ཞན་སྦོམ་ཕྲ་སྙན་མི་སྙན་ཚང་མ་དབུགས་དང་མཐེབ་ཀྱི་བྱེད་ལས་ལ་རག་ལས་པ་ཞིག་ཡིན་གཤིས། གང་གླིང་བུ་དོན་དུ་གཉེར་བ་དག་གིས་གཅིག་ནས་དབུགས་དབྱུང་བའི་གནས་དང་བྱེད་རྩོལ་རྣམས་ཤེས་དགོས་པ་དང་། གཉིས་ནས་མཐེབ་ཀྱི་གནས་ལུགས་ཡང་དག་པར་རྟོགས་དགོས་ལ། གསུམ་ནས་མཐེབ་དབུགས་ལྷན་སྡེབ་ཀྱི་རྩལ་ལ་བྱང་ཆུབ་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

5.རྐང་གླིང་ངམ་རྐང་དུང་།

རྐང་གླིང་ནི་སྔགས་ཀྱི་མཆོད་རྫས་བྱེ་བྲག་མིའི་བརླ་རུས་ལས་བཟོས་པའི་གླིང་བུ་ཞིག་སྟེ། དེའི་མིང་གི་རྣམ་གྲངས་ལ་རྐང་དུང་ཞེས་ཀྱང་འབོད། 《དུང་དཀར་ཚིག་མཛོད》ལས། དཔའ་བོ་དམག་ཐོག་ཏུ་ཤི་བའམ། སྐྱེས་པའམ་བུད་མེད་གཙང་མ་རང་བཞིན་གྱིས་ཤི་བའི་རྐང་རུས་ལས་བཟོས་པའི་གླིང་བུ་སྟེ། རྐང་གླིང་བཟོ་རྒྱུའི་ཆེད་དུ་མི་བསད་ནས་བཟོས་པའི་ལུགས་སྲོལ་དེ་འདྲ་ནང་བསྟན་ཆོས་ལུགས་ལ་གཏན་ནས་མེད། ཞེས་གསུངས་པ་དང་། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཐོབ་རྣམས་ཀྱིས་དུར་ཁྲོད་སོགས་སུ་གསང་སྔགས་ཀྱི་ཆོ་ག་མཛད་སྐབས་མི་རྟག་པ་སྒོམ་པ་ལ་གྲོགས་བྱེད་པའི་ཆེད་དུ་དུར་ཁྲོད་ནས་མི་ཤི་བའི་བརླ་རྐང་རུས་ལ་གླིང་བུ་མཛད་སྲོལ་ལས་བྱུང་བའོ།

8.jpg

དངུལ་གྱི་ནང་མཆོད་རྐང་དུང་ཟངས་གསེར་གྱི་རྒྱན་ཅན།

 རང་རེའི་ཡུལ་དུ་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་ཕ་དམ་པ་སངས་རྒྱས་དང་། མ་ཅིག་ལབ་སྒྲོན་སོགས་བརྒྱུད་པའི་ཞི་བྱེད་གཅོས་ཀྱི་ལུགས་ཞེས་ཕུང་པོ་གཟན་བསྒྱུར་གྱིས་དུར་ཁྲོད་སོགས་སུ་གཅོད་གཏོང་བའི་ཆོ་ག་སྤེལ་ཚུལ་དར་བ་ནས་རིམ་བཞིན་ཁྱབ་གདལ་ཕྱིན་པའོ།

འདི་ལ་སྔགས་འཆང་རྒྱན་གྱི་མེ་ཏོག་ལས། རྐང་གླིང་ནི། སྤྱིར་མི་རྐང་གི་གླིང་བུ་ཞེས་པ་ཙམ་ནི་རྒྱུད་རྒྱ་གཞུང་ཀུན་ནས་འབྱུང་ཞིང་ཁུངས་ཡང་ཆེ་མོད། གཞན་དུ་སྐྱེས་པ་དར་མ་གྲིར་ཤི་བའི་བརླ་གཡོན་པ་རྐྱང་ཕྲ་བའི་ཕྱོགས་ནས་སོར་བཅུ་གཉིས་ཀྱི་ཚད་བཅད་པ་ནི་དུང་ཆེན་གྱི་གླིང་བུའམ། གསང་བའི་གླིང་བུ་སྟེ་མཁའ་འགྲོ་འབོད་པའི་རྟེན་དང་། བུད་མེད་དར་མ་གྲིར་ཤི་བའི་རྐང་ནི་དཔའ་བོ་འབོད་པའི་རྟེན་སོགས་དང་། འདི་དག་ལ་འབོད་ཚིག་སོ་སོར་ཡོད་པར་གྲགས་ལ་གཞན་དུ་ནི་དེང་སྐབས་སུ་བོད་ཡུལ་སོགས་སུ་ནི་རྐང་གླིང་གི་རྒྱུ་ལ་ཨ་ཙ་ར་ཤི་བའི་རྐང་དེ་ཕྲ་ལ་རིང་བ་སྐད་ལེགས་པར་འོང་འདུག་ཅེས་ཨ་ཙ་རའི་རྐང་ལ་རྐང་གླིང་བྱས་པ་ཕལ་ཆེར་རྟོགས་ལྡན་ཚོས་ཀྱང་དེ་འདྲ་ཐོགས་པ་མང་ལ་གཅོད་ཡུལ་སོགས་སུ་རྐང་བཅད་ལུགས་དང་རུས་པ་ལ་གད་དར་དང་རྟེན་འབྲེལ་བྱ་ལུགས་སོགས་རྒྱས་པར་གྲགས་ཤེས་འདོད་རྣམས་ཀྱིས་དེར་གཟིགས་མཛོད། ཁམས་ཕྱོགས་འདིར་ཐུན་དུང་ཞེས་གྲྭ་ས་རྣམས་ལ་ཐུན་ཚད་ལ་རྐང་དུང་འབུད་པའི་ཕྱག་སྲོལ་སྣང་བ་ལ་ནི་རྐང་ངམ་གཞན་ཤིང་དུང་རྭ་དུང་སོགས་ཀྱིས་ཆོག་པར་མངོན་ལ། རྭ་དུང་ལའང་ཁྲི་གཉན་རྭ་དུང་སོགས་འབྱོར་ན་ནི་ཤིན་ཏུ་རང་ལེགས་ཏེ། རྒྱུ་མཚན་རི་དྭགས་འདི་སྔོན་བྱང་ཆུབ་སེམས་དཔའ་གང་ཞིག་སྟོང་ཉིད་ཀྱིས་རྩིས་མ་ཟིན་པས་སྙིང་རྗེ་ཁ་སྐྱེང་དུ་གོལ་བས་ཕྱི་མ་འདིར་སྐྱེས་པ་ཡིན་ལ། རི་དྭགས་ཕལ་པའི་རྭ་དང་ལར་འདྲ་བར་མ་བཤད་ཀྱང་རྭ་དུང་འདིའི་སྐད་ཐོས་པས་སེམས་ལ་སྙིང་རྗེ་སྐྱེ་བར་བཤད་དེ། སྔོན་དགེ་བསྙེན་པོ་ཏོ་བ་སོགས་བཀའ་གདམས་པའི་དགེ་བཤེས་མང་པོས་བསྣམས་ཞིང་ཕྱིས་སུའང་རྩེ་ལེ་སྣ་ཚོགས་རང་གྲོལ་སོགས་ཀྱིས་རྔོན་པ་དང་ཉ་པ་སོགས་ལིང་ལ་འོང་སྐབས་ཁོང་གི་ཁྲི་གཉན་རྭ་དུང་བུས་པས་རྔོན་པའི་ཁྱི་ཡིས་རི་དྭགས་མི་གསོད་པ་དང་། ཉ་པས་ཉ་མི་གསོད་པ་སོགས་ངེས་ཤེས་འདྲོངས་པ་བྱུང་ཞེས་གསུངས་སོ། །

རྐང་གླིང་འབུད་ཚིག་ཐད་གཅོད་རྐང་ལ་དམིགས་བསལ་གྱི་འབུད་ཚིག་ཇི་འདྲ་ཡོད་མིན་མ་ཤེས་ནའང་། དགོན་སྡེ་སོ་སོའི་ཆོ་གའི་སྐབས་གཏོང་བའི་རྐང་གླིང་ལ་རང་རང་སོ་སོའི་ཕྱག་བཞེས་རྩ་ཚིག་འདྲ་མིན་ཡོད་པ་སྟེ། དཔེར་ན། དགེ་ལུགས་ལས་ཀུན་བདེ་གླིང་དགོན་ལ་ནི། བསྐང་གསོའི་སྐབས་སུམ་རྡུང་ཡིན་ཛག་རིང་ཛག་ཐུང་དང་། མགོན་པོ་ཞལ་གྱི་བསྐང་གསོའི་སྐབས་མ་ཧཱ་ཀཱ་ལ། ལྕམ་སྲིང་གི་བསྐང་གསོར་རྟ་སྐད། ལིངྒ་བསྒྲལ་ཆོག་དང་གཏོར་རྒྱག་སྐབས་སྣོལ་རྐང་བཅས་འབོད་ཚིག་སྣ་ཚོགས་ཡོད་ལ། དེ་བཞིན་སྐྱ་དགོན་ལ་ཡང་བསུ་རིང་བསུ་ཐུང་དང་། རཀྟ་དམར་ཆེམ་མ། རྐང་གླིང་སྙན་པའི་རོལ་མོའི་སྒྲ། སྤྱང་ཀིའི་ངུར་སྐད་སོགས་སྣ་ཚོགས་པ་ཞིག་ཡོད་པ་བཅས་སོ། །

ཐུན་དུང་གི་འབུད་ཚུལ་ནི་བཀའ་བརྒྱུད་པ་རྣམས་དགུ་འབུད་ཟེར་བ་བདེ་མཆོག་རྩ་སྔགས་ཡི་གེ་བདུན་མའི་བརྡའ་ཚིག་ཏུ་གྲགས་། གཞན་རྙིང་ལུགས་ལ་ཁམས་ཀཿཐོག་གི་བླ་མ་དམ་གཙང་བྱམས་གསུམ་སོགས་ཀྱི་ཕྱག་སྲོལ་ལ། ཐོག་མར་མཆོད་མཆོད་ཅེས་རིང་ཐུང་གཉིས། བླ་མ་བླ་མ་ཞེས་རིང་པོ་གཉིས། བླ་མ་མཁྱེན་མཁྱེན་མཁྱེན་མཁྱེན། ཞེས་རིང་ལ་ལྡེམ་འགྱུར་ཅན། ཕཊ་ཕཊཿཞེས་རིང་ལ་རྗེས་མ་རྦད་ཀྱིས་བཅད་པ་བཅས་ཤིན་ཏུ་ངོ་མཚར་ཆེ་བ་ཡོད་པས་རྒྱས་པ་རང་རང་གི་ཕྱག་བཞེས་དང་བསྟུན།

6.རྒྱ་གླིང་།

རྒྱ་གླིང་ནི་འབུད་པའི་རོལ་མོའི་རྣམ་གྲངས་ཤིག་སྟེ། དང་པོ་རྒྱ་གླིང་འདི་བྱུང་སྟངས་ཐད་ནས་བཤད་ཚུལ་འདྲ་མིན་ཅི་རིགས་མཆིས། མཁས་པ་ཁ་ཅིག་གིས་ཕལ་ཆེར་རྒྱ་རོང་ནས་བྱུང་བའི་སྟབས་ཀྱིས་རྒྱ་གླིང་ཞེས་གྲགས་པར་འདོད་པ་དང་།  རྒྱ་ནག་ནས་བྱུང་བས་རྒྱ་གླིང་དུ་གྲགས་པར་འདོད་པ་དང་།  ཡང་ཁ་ཅིག་གིས་གཞི་གླིང་བུ་རིགས་སུ་གཏོགས་པའི་རོལ་མོ་ལས་ཁ་རྒྱ་ཆེ་བས་རྒྱ་གླིང་ཞེས་འདོད་པ་སོགས་སྣ་ཚོགས་འབྱུང་ལ།  དེང་དུས་བོད་ཀྱི་རྒྱ་གླིང་ནི་སྔར་རྒྱ་ནག་ནས་དར་བའི་སུ་ཎྰ་དང་མི་འདྲ་ཞིང་།  ལ་དྭགས་ཕྱོགས་ནས་དར་བའི་སུར་ཎ་དང་ཁྱད་པར་ཆེ་བ་ཞིག་སྟེ།  སྔར་རྒྱ་ནག་ནས་བྱུང་བ་ལ་རང་རིགས་ཀྱི་བློ་གྲོས་ལག་རྩལ་བརྟེན་ནས་འཕེལ་རྒྱས་བྱུང་བ་མིན་ནམ་ཞེས་དཔྱད་དོ།  །

24.jpg

བོད་ལུགས་ཀྱི་གསེར་དངུལ་བཀྲ་མའི་རྒྱ་གླིང་།

དེ་བཞིན་རྒྱ་གླིང་གི་དབྱིབས་དང་བཟོ་བཀོད་ཇི་ལྟར་ཡོད་ཅེ་ན།  ད་ལྟ་རང་རེ་རྣམས་ཀྱི་མཐོང་ཆོས་སུ་གྱུར་པའི་རྒྱ་གླིང་འདི་བཞིན་དབྱིབས་ཕལ་ཆེར་སུར་ཎ་དང་འདྲ་བ།  ཁ་བོ་ཆེ་དང་།  མདའ།  ཁྲི་སྐྱེ།  ཕུ་སྟེགས།  པི་ཟངས།  འདམ་པི་བཅས་ཆ་ཤས་དྲུག་ཙམ་ལས་གྲུབ་པ་ཞིག་ཡིན་ཞིང་།  དེ་ཡང་ཁ་བོ་ཆེ་ནི་དུང་ཆེན་གྱི་ཁ་འདྲ་བ་གཡེར་ཞིང་དངུལ་སོགས་ལ་གསེར་ཚགས་སོགས་ཀྱི་པ་ཊས་མཛེས་པ་དང་།  མདའ་ནི་སྟར་ཤིང་། ཙན་དན་དམར་པོ། སེང་ལྡེང་སོགས་ལས་བྱས་པ། མདུན་དུ་མཐེབ་མིག་བདུན་དང་ལྟག་ཏུ་མཐེབ་མིག་གཅིག  །    མཐེབ་མིག་སོ་སོའི་བར་ན་གསེར་དངུལ་སོགས་ཀྱི་ཚིགས་དཀྲིས་གཡུ་ཁྲ་ཅན་དང་། ཁྲི་སྐེ་ནི། གསེར་དངུལ་སོགས་ལས་བྱས་པའི་ཚེ་བུམ་མམ་པདྨ་ཁ་འབུས་དབྱིབས་ལ་ནོར་སྣའི་ཁྲ་རྒྱན་བརྒྱབ་པ།  ཕུ་སྟེགས་ནི།  དབྱིབས་སྒོར་ཞིང་ལེབ་ལ་རྒྱུ་དངུལ་ལས་བྱས་པ།  པི་ཟིངས་ནི་རྒྱུ་ཟངས་དང་དངུལ་ལས་བྱས་པ། འདམ་པི་ནི་རྒྱ་གླིང་གི་དབུགས་འགྲོ་སའི་བུ་གར་བསྐོན་རྒྱུའི་འདམ་རྩའི་རྐང་ལས་བཟོས་པ་ཞིག་བཅས།   གཞི་རྐང་དགོན་སྡེ་སོ་སོའི་རྒྱུ་སྟོབས་དང་དང་དོད་མི་འདྲ་བའི་དབང་གིས་དགོན་སྡེ་ཆེ་ཁག་ལ་ལར་ཁ་བོ་ཆེ་དང་།  ཁྲི་སྐེ།  ཚིགས་དཀྲིས་བཅས་གསེར་སྦྱངས་བརྡུངས་ལས་བྱས་པར་རིན་པོ་ཆེའི་ཕྲ་བཏབ་པ་དང་།  ཡང་ན་དེ་གསུམ་དངུལ་གྱིས་མགར་བར་ཟངས་གསེར་གྱི་པ་ཏྲས་བརྒྱན་པ།  མ་མཐའ་ཡང་སྟོང་དང་རག་ལ་ཕྲ་བཏབ་པ་འབའ་ཞིག་གོ    །

སྤྱིར་རྒྱ་གླིང་ནི་བོད་ཀྱི་དགོན་སྡེའི་རོལ་མོའི་ནང་ནས་སྙན་འགྱུར་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་།   དགོན་སྡེའི་ཆོས་ལུགས་བྱེད་སྒོ་ལས་སེར་སྦྲེང་།   གར་འཆམ།   ཆོ་ག་བཅས་ཀྱི་སྐབས་སུ་རོལ་མོའི་བྱེ་བྲག་གཞན་དང་མཉམ་དུ་འབུད་གཏོང་བྱེད་སྲོལ་ཡོད་ལ།  ཆོས་ལུགས་དུས་ཆེན་ཁག་དང་བླ་ཆེན་སོགས་བསུ་སྐབས་སྤོས་དང་རྒྱ་གླིང་རོལ་མོ་བཅས་ཏེ་བསུ་སྲོལ་ཡོད།

31.jpg

བཟོ་བཀོད་རྣམ་པར་བཀྲ་བའི་རྒྱ་གླིང་།

རྒྱ་གླིང་འབུད་སྟངས་ལ་ཡང་རྩེ་འབུད་དང་།  བར་བཀྱག་འོག་བཀྱག །  དྲུག་བཀག་བདུན་བཀག་སོགས་ཡོད་པ་ཤེས་ཤིང་ལེག་ལེན་ལ་མཆོག་ཏུ་མཁས་ཤིང་བྱང་བ་དང་། རྒྱ་གླིང་གཏོང་སྐབས་དབུགས་མཐེབ་སྡེབ་སྦྱོར་རོ་གཅིག་ཏུ་ཐིམ་པར་བྱ་དགོས་པའི་རྨང་གཞིའི་ཐོག །  གདན་ས་སོ་སོ་ལ་ཡང་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྩ་ཚིག་སྣ་ཚོགས་ཡོད་དེ།  དཔེར་ན།  རྙིང་མ་ལུགས་ལས་སྨིན་གྲོལ་གླིང་སོགས་སུ་རྒྱལ་སྲས་བསྟན་པའི་ཉི་མ་ལ་ཌཀྐིས་བསྩལ་བ་ལྷ་མོ་ཆེ་ཆུང་གཉིས།  ཁྲ་ཆེན་ཁྲ་ཆུང་གཉིས།  རྒྱ་འབུད་བལ་འབུད་གཉིས།  བླ་མ་རྒྱང་འབོད་དང་བདུན་དུ་གྲགས་པ་ཡོད་པས་མཚོན་རང་རང་གི་ལུགས་གང་ཡིན་པར་གོམས་དགོས་སོ།   །

7.དྲིལ་བུ།

དྲིལ་བུ་ནི་དཀྲོལ་བྱའི་རོལ་མོའི་རྣམ་གྲངས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན་བགྲང་བྱ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་ངེས་ཏེ། དེ་ཡང་རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ་ལས། བོད་ཀྱི་རྒྱལ་བོ་ཁྲི་བདུན་ལེགས་དྲུག་དང་། །རྒྱལ་པོ་གནམ་ལྡེ་ལ་སོགས་རྒྱལ་པོའི་རབས། །ཉེར་དྲུག་ཐ་མ་ཐོ་ཐོ་རི་གཉན་བཙན། །དེ་ལྟར་དམ་པའི་ཆོས་ཀྱི་ཚུལ་མ་དར། །གདོལ་བོད(བོན)ཁོ་ནའི་དུས་ཡིན་མཆོད(པ)ཡང་། །ཤིང་དང་དྲིལ་བུ་རིང(ཏིང)གི་བྱེ་བྲག་རྣམས། །ཁྲོ་ལི་ནག་པོ་ལས་གྲུབ་བཟོ་བཀོད་ཞེས(ཞེར)། །དེ་བས་གཞན་པའི་མཆོད་པའི་ཡོ་བྱད་དཀོན། །ཐོ་ཐོ་རིའི་རིང་ལའང་བོད་ཀྱི་བཟོས། །སྒྲུབ་པའི་བཟོ་བཀོད་གོང་དང་མཐུན་པ་ལས། །ཁྱད་ཆེ་བའི་ངོ་མཚར་མེད་ཅེས་ཐོས། །ཞེས་སོགས་གསུངས་པར་གཞིགས་ན། དྲིལ་བུ་ནི་གཤང་དང་འདྲ་བར་སྔོན་ཆད་བོན་པོ་རྣམས་ཀྱི་མཆོད་ཆས་རོལ་མོ་ཞིག་ཡིན་ལ། སྐབས་དེ་ཤེད་དུ་བཟོས་པའི་དྲིལ་བུ་རྣམས་ཀྱི་རྒྱུ་ནི་ཁྲོ་ལི་ནག་པོ་ལས་གྲུབ་པ་མ་ཟད། ལག་རྩལ་ཡང་དེ་ཙམ་མེད་པས་བཟོ་བཀོད་ལེགས་པོ་མིན་པ་དང་། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། མཆོད་པའི་ཡོ་བྱད་དྲིལ་བུ་མང་དག་བཟོས་ཀྱང་བཟོ་བཀོད་གོང་དང་མཐུན་པ་ཙམ་ལས། དེ་ལས་ཁྱད་དུ་འཕགས་པ་གང་ཡང་བྱུང་མེད་མོད། གང་ལྟར་དུས་དེ་ཙམ་གྱི་རྗེས་ནས་བཟུང་བོད་དུ་ནང་པ་སངས་རྒྱས་པ་རྣམས་ཀྱིས་རིམ་བཞིན་དྲིལ་བུ་དེ་ཉིད་མཆོད་ཆས་རོལ་མོ་ཞིག་ཏུ་བརྩིས་ནས་བེད་སྤྱོད་བཏང་བ་ཡིན་པ་གོར་མ་ཆག་གོ །

20.jpg

བོད་ཀྱི་རོལ་ཆ་དྲིལ་བུ།

ཕྱིས་སུ་དུས་རབས་རིམ་བྱུང་གི་ནང་དྲིལ་བའི་རིགས་སྣ་ཚོགས་བྱུང་ཚུལ་ནི། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཆོས་དར་བ་དང་ལྷན་ཅིག་དྲིལ་བུ་ཞོར་དུ་དར་བ་མ་ཟད། བོད་དུའང་ཁྲོ་ནག་ལྕགས་ཀྱི་རྒྱུ་ལས་རྫ་མའི་གཟུགས་འདྲ་བ་ཁ་ཕུབ་ཕྱབ་འཕྲུལ་དུ་བྱས་པ་རྡོ་དང་དབྱུག་པས་བརྡུངས་པས་ན་གླང་བོའི་སྐད་དང་འདྲ་བ་འབྱུང་པའི་དྲིལ་ཆེན་དེ་འདྲ་དང་། གདང་བུ་ལ་བཏགས་ནས་རླུང་སོགས་ཀྱི་བསྐྱོད་ཚེ་ཅིག་ཅར་སྒྲ་འབྱིན་པའི་དྲིལ་གདང་ཞེས་པ་དང་། གཙུག་ལག་ཁང་གི་བར་སྒོར་གདག་བྱ་གཙུག་ལག་ཁང་གི་རྒྱལ་གྱུར་མ་རུ་གྲགས་པ་ལྟ་བུ་བྱུང་པ་ཡིན་འདུག་ལ། སྐབས་དེ་ཤེད་དུ་བོད་ཀྱིས་བཟོས་པའམ་རྒྱ་གར་དུ་དར་བ་གང་ཡིན་ཡིན་ཡང་དྲིལ་བུ་དེ་རིགས་གད་བརྡར་མ་གཙང་ལ་དབྱིབས་ཀྱང་ཆེ་ལ་དེ་འདྲའི་མཛེས་པ་མིན་ཚོད་དུ་འདུག

དེ་རྗེས་བསྟན་པ་ཕྱིར་གྱི་དུས་སུ་དྲིལ་བུ་རྒྱན་མེད་གཙང་མར་བྱས་པ་འགའ་གར་གྱི་ཕྱག་ཆར་བྱས་པའང་བྱུང་བར་གྲགས་ལ། ཧ་ལམ་དུས་དེ་ཙམ་ནས་བཟུང་བོད་དྲིལ་གྱི་བཟོ་བཀོད་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་བར་སྙམ། དེ་ཡང་རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ་ལས། དེ་ནས་རྒྱ་ནག་ཆེན་པོའི་འདུན་ས་ཆེ། །བྱིང་གིན་གན་དང་གེ་གན་གོ་ཡུག་བྱོན། །གོ་ཏན་རིང་ལ་ས་ཧོར་ཡིན་མཆོད་འབྲེལ། །ཞེས་དང་། ད་དུང་དྲིལ་བུ་རྩེ་ལྔ་རྩེ་དགུ་ཚངས་རྡོར་དབྱིབས། །འཕགས་ཡུལ་བཟོ་དང་ཁྱད་མཚུངས་མཛེས་ཤས་ཆེ། །རིན་ཆེན་ཕྲ་ཚོམ་གྱིས་སྤྲ་མཛེས་དབྱིབས་ལེགས་མཛེས། །ནང་ལ་གད་བརྡར་མ་བྱས་ལུགས་རིས་གསལ། །ནང་གི་འབྲུག་གསུམ་ཕྱི་ཡི་རམ་ཡིག་གམ། །ཡང་ན་ཨུཏྤལ་གཟུགས་ཀྱི་ཐད་དུ་ངེས། །ནམ་མཁའི་རྡོ་རྗེ་ཡོད་མེད་གཉིས་སུ་འབྱུང་། །དེ་བས་ཁྱད་དྲིལ་བཟོ་ཁྱད་ཁྱོན་ཆུང་པ། །ཚངས་རྡོར་དངུལ་དང་ལི་དཀར་ལི་སེར་གསེར། །གསེར་དམར་ཛྷེེ་ཀྵིམ་བྱས་དང་གཟོང་རིས་ཤུལ། །སྣ་ཚོགས་རིགས་མི་མཐུན་པའི་ཕྲ་རྣམས་བཅུག། རྩེ་ལྔ་མཛེས་བྱེད་འཁོར་ལོ་འཕྱང་བའི་སྟེང་།།རྩེ་དགུ་དྲ་བ་དྲ་ཕྱེད་ཁོང་སང་ན། །དམ་ཚིགས་སྒྲོལ་མ་ལ་སོགས་ཕྱག་མཚན་གྱིས། །མཛེས་པ་བྱུང་ཞིང་དེ་མཐུན་སིལ་སྙན་ནི། །ཞེས་སོགས་སོགས་བྱུང་པ་ལས་ར་འཕྲོད་ཐུངབ་ཅིང་། ཕལ་ཆེར་དུས་དེ་ཙམ་ནས་བཟུང་བོད་ལ་རྒྱ་གར་ནག་སོགས་ནས་དྲིལ་བུའི་རིགས་སྣ་ཚོགས་བྱུང་པ་དང་། ཁྱད་པར་དུ་གསུང་རྟེན་རྡོར་དྲིལ་ཡང་རབ་འབྲིང་ཐ་གསུམ་དུ་བྱུང་ཚུལ་སྐོར་ལ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་། གསུང་རྟེན་དྲིལ་བུ་ཧོར་དང་རྒྱ་གར་ནག །བོད་ཆེན་རིགས་བཞི་ལས་ནི་རྒྱུའི་སྒོ་ནས། །ཧོར་དྲིལ་གཉིས་ལས་ཤིན་ཀུན་མཆོག་ཏུ་གྲགས། །རྒྱ་ནི་ལི་དཀར་དངུལ་མདངས་བཀྲག་ཞག་ཆེ། །དྲིལ་བུའི་སྟོད་ཞུམ་བ་གླང་ཁ་ཁེབས་ལ། །ལུགས་གཙང་བརྡར་གད་མ་བྱས་ལི་རྒྱུ་འཇམ། །ནང་ནི་ཞོ་ཁ་ཞེས་པ་འོ་སྤྲིས་འདྲ། །དྲྭ་ཕྱེད་འབུར་ལ་བར་སྟོང་འཇམ་སང་མང་། །དཔུང་བའི་པད་འདབ་རིགས་ཀྱི་ཕྱག་མཚན་སྤྲས། །དྲིལ་བུའི་དཔུང་ཟུར་པད་མཐའ་གཅིག་ཏུ་འདྲེས། །སྐད་སྙན་སྦོམ་ལ་རྒྱང་གྲགས་ལྷག་པར་ཆེ། །དབུ་རྡོར་ཅུང་ལུ་མང་ལ་དངུལ་དཀར་དང་། །ཛྷེེ་ཀྵིམ་དག་ཀྱང་ཉུང་ཟད་སྲིད་པ་ཡིན། །རྩ་ལྔ་པ་མང་ཆུ་སྲིན་ནང་ལ་བལྟ།། འཁོར་ལོའི་རྒྱན་ལྡན་རྩེ་དགུ་ཉུང་པ་ཡིན། །རྒྱུ་དང་གསུང་ལ་དོ་ཟླ་མེད་ན་ཡང་། །བཟོ་སྒྲོས་བྱིལ་བས་ཉམས་མེད་ཕལ་གྱིས་དོར། །དངོས་བསྟན་ཉུང་ལ་འདྲ་ཅོག་མང་པ་ཡིན། །ཕལ་བ་ལུགས་ཁ་དམ་ལ་གཙང་ཤ་ཆུང་། །ནང་ལ་བྲད་བརྡར་སོང་པས་ཞོ་ཁ་མེད། །རབ་འབྲིང་ཐ་མའི་ཁྱད་པར་ཆེ་བར་སྣང་། །ཞེས་ཧོར་དྲིལ་ལ་ཤིན་ཀུན་མ་དང་ཕལ་པ་གཉིས་སུ་བྱུང་པ་བསྟན་པ་དང་། དེ་བཞིན་རྒྱ་གར་ནས་བྱུང་པའི་དྲིལ་བུའི་སྐོར་ལ་ཡང་། རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ། །ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ། །པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད། །ཉུང་ཟད་སྣང་པ་ལི་དཀར་ཁོ་ནར་མཐོང་། །དྲིལ་བུའི་རྣམ་བཞག་རྒྱུད་སྡེ་ལས་གསུངས་པའི། །ཐ་སྙད་དང་ཡང་མཚུངས་བར་མ་ངེས་པ། །འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར། །ཁྱབ་བདལ་མ་དར་བཟོ་ལ་འདྲིས་པ་ཆུང་། །ཞེས་རྒྱ་གར་འཕགས་པའི་ཡུལ་གྱི་མི་རྣམས་དམ་ཚིག་སྲུང་བ་ལ་སྒམ་པའི་ཕྱིར་ན་གསང་སྔགས་ཀྱི་མཆོད་རྫས་སོགས་ཁྱབ་བདལ་ཁྲོམ་བསྒྲགས་མི་བྱེད་སྟབས། དྲིལ་བུའི་བཟོ་རྩལ་ལ་འདྲིས་པ་ཆུང་ཞིང་། ཆེ་ཆུང་གི་ཚད་ཀྱང་རྒྱུད་ལས་གསུངས་པའི་ཐ་སྙད་དང་ཡང་མཚུངས་བར་མ་ངེས་པ་གང་ཞིག  ཆེ་ཚད་ཁྲུ་ལ་ཉེ་བ་དང་། ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ཡོད་ལ། བྲད་བརྡར་གཙང་ཤ་དོད་པོ་མེད་པ་མ་ཟད། གྲངས་དང་ཉུང་བར་བསྟན་པ་དང་། དེ་ལས་གཞན་རྒྱ་ནག་ནས་ཐོན་པའི་དྲིལ་བུའི་སྐོར་ལ་ཡང་། རྒྱ་ནག་ཁྱད་དྲིལ་ཕལ་པ་ཏ་མིང་གསུམ། །ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད། །དཀྱུས་ལས་ཅུང་ཆེ་བ་གླང་ཁ་སྦུབ་འཐུག །རི་མོ་དོད་ཀྱབ་ཧྲོབ་ཉམས་གཏན་ནས་མེད། །རྩེ་ལྔ་པ་རྣམས་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག །རྩ་པར་དྲ་ཕྱེད་ཁོང་ན་ཕྱག་མཚན་ཅན། །མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ། །ཞེས་དང་། ཡང་། ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་ལ། །ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང་། །བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ། །དགའ་ལྡན་གན་དྲིལ་དེ་བས་ཅུང་ཟད་ཞེར། །དྲིལ་བུའི་སྟོད་ཞུམ་མགོ་རྡོར་རྩེ་དགུ་མང་། །ཞེས་རྒྱ་ནག་ནས་ཐོན་པའི་དྲིལ་བུ་ལ་ཡང་ཁྱད་དྲིལ་དང་། ཕལ་པ། ཏཱ་མིང་བཅས་དབྱེ་བ་གསུམ་དུ་བྱུང་ཚུལ་བསྟན་པ་དང་། དེ་བཞིན་བོད་དྲིལ་སྐོར་ལ་ཡང་། བོད་དྲིལ་རྙིང་མ་མདོ་ཁམས་རྩི་ཡུལ་དུ་། །ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བས། །ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང་། ། རི་མོ་མི་གཙང་དཔུང་མགོ་ཧོར་འདྲ་ལ། །བ་གླང་ཁ་ནི་རྒྱ་ཧོར་གཉིས་ཀ་དང་། །འགལ་ཞིང་ནང་སུལ་གྱི་རྣམ་པ་མང་། །བོད་དྲིལ་གསར་མ་ཟལ་མོ་སྒང་དུ་དར། །རི་མོ་ཧྲོབ་ལ་སྐད་ངར་རིང་དུ་བསྲིང་། །ཁྱད་དྲིལ་རྣམས་ནི་སྐྱེ་མཆེད་གཙང་ཤ་ཆེ། །དེ་ལས་གཞན་པ་འཇང་འབའ་ལོ་གྲོ་སོགས། །དྲིལ་བུའི་གཟུགས་བརྙན་བརྟག་པར་སླ་བས་སོ། །ཞེས་བོད་དྲིལ་ལ་ཡང་གསར་རྙིང་དབྱེ་བ་ཡོད་ཚུལ་དང་ཁྱད་ཆོས་གཞན་དང་འགར་ཚུལ་བསྟན་པའོ། །

41.jpg

དྲིལ་བུ་དང་རྡོ་རྗེ།

སྤྱིར་ན་དྲིལ་བུའི་རྒྱུ་དང་ཚད་བཤད་པ་གཉིས་ལས། དང་པོ་ནི།  རྡོ་རྗེ་མཁའ་འགྲོ་ལས། ཀུན་ལ་འཁར་བའམ་ཡང་ན་ནི། ལྕགས་གསུམ་ལས་ནི་དྲིལ་བུ་སྟེ། ཞེས་སྤྱིར་ན་དྲིལ་བུ་གང་དང་གང་ཡིན་ཀྱང་རྒྱུ་འཁར་བ་ལས་བྱས་པའམ་ཡང་ན་གསེར་དངུལ་ཟངས་ལྕགས་སྟེ་ལྕགས་གསུམ་ལས་བྱ་བར་མཁས་གྲུབ་རྗེས་གསུངས།       

གཉིས་པ་དྲིལ་བུའི་ཚད་ལ་མཁའ་འགྲོ་རྒྱ་མཚོ་ལས། དྲིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱས། །ཞེས་ཆ་གསུམ་དུ་བྱས་པ་གཅིག་དང་བཟང་པོ་ཡོངས་བཟུང་ལས་དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། ཞེས་ཆ་དྲུག་ཏུ་ཕྱེ་པ་གཉིས་ལས་དང་པོ་ནི། མན་སྙེར། དྲིལ་བུ་རྣམས་ཐམས་ཅད་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །དེ་རྣམས་ཀྱི་ཆ་གསུམ་པ་ནི། ཁ་ནས་བཟུངས་སྟེ་འཁར་བ་དག་པའི་རང་བཞིན་དུ་བྱའོ། །དེའི་སྟེང་གི་ཆ་གཉིས་ནི་གསེར་ལ་སོགས་པ་བྱུང་བའོ། །ཞེས་གསུངས་སོ། །གཉིས་པ་ནི་བཟང་པོ་ཡོངས་བཟུང་ལས། དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡི། །རང་བཞིན་མ་འདྲེས་པ་ལས་བྱ། ། གཞན་ནི་གཞན་ལས་བརྟག་པར་བྱ། །ཞེས་དྲིལ་བུའི་ལུས་ཚད་ཆ་དྲུག་ཏུ་བྱས་པའི་ཆ་བཞི་འཁར་བའི་རང་བཞིན་ཁོག་པ་དང་། ཡང་དེ་ཉིད་དུ། སྟེང་གི་ཆ་གཅིག་ལ། ཕྲེང་བ་གསུམ་ནས་དེའི་སྟེང་དུ། །བུམ་པ་གསེར་རམ་ཟངས་མའམ། །དངུལ་ལམ་ར་གན་ལས་བྱས་པའོ། །དེ་ཡི་སྟེང་དུ་དེ་ཚད་ཙམ། །ཤར་བལྟས་ཤེས་རབ་གདོང་བ་བྱ། །ཞེས་སྟེང་གི་ཆ་གཉིས་ཀྱི་ཆ་འོག་མ་ཤེས་རབ་ཀྱི་ཞལ་བུམ་པ་གདན་བཅས་ལ་བཤད་ཅིང་། སྟེང་གི་རྡོ་རྗེ་ཕྱེད་པ་དང་པདྨ་དང་བཅས་པ་ཆ་གཅིག་ཏུ་མཛད་པ་དང་ཆས་ཤིན་ཏུ་འགྲིག་པར་འགྱུར་ཏེ། སྟེང་གི་དབྱིག་པ་ནི་གཟུགས་མེད་སྲིད་པའི་གནས་དང་།  ཁོག་པའི་ཕྱིའི་ལྷ་མོ་བརྒྱད་ཀྱི་མཚན་མ་འགོད་པའི་གནས་ནི་གཟུགས་ཁམས་དང་། དེའི་འོག་གི་ཆ་ནང་གི་དབྱུག་གུ་ནམ་མཁའ་དང་བཅས་པ་དག་འདོད་ཁམས་སུ་གསུངས་ལ། ལྷ་མོ་བརྒྱད་ཀྱི་མཚན་མ་ནི་སྟེང་གི་པདྨ་ལ་ས་བོན་འགོད་ཅིང་། ལོགས་ཀྱི་དྲ་བ་བརྒྱད་ཀྱི་ནང་དུ་ཕྱག་མཚན་འགོད་པར་གསུངས་པས།  ཁོག་པའི་སྟེང་ནས་དྲ་བ་དྲ་ཕྱེད་ཀྱི་སྣེ་མོ་ཡན་ཆ་གཉིས་དང་། དེའི་འོག་ཆ་གཉིས་སུ་བྱས་ན་ཁོག་པ་ཆ་བཞིར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱས་ན་ཆ་དྲུག་གི་ཆ་གཉིས་ཚན་རེ་ཆ་རེར་བསྡོམས་པ་ན་ཆ་གསུམ་མཉམ་པོར་འགྱུར་བས་རྒྱུ་དེ་དང་། བཟང་པོ་ཡོངས་གཟུང་གི་དགོངས་པ་གཅིག་ཏུ་འགྲིག་ཅིང་། དྲིལ་བུའི་ལུས་ཚད་ཀྱང་ལེགས་པར་གནས་པ་དང་འཚམ་པར་འགྱུར་རོ། །

དྲིལ་བུའི་ཁའི་རྒྱ་ཚད་ནི། བཟང་པོ་ཡོངས་བཟུང་ལས། དྲིལ་བུ་དེ་ཡི་ནང་གི་མཁའ། ཞེང་དང་མཆུ་རུ་མཉམ་པ་ཡིན། ཞེས་གསུངས་ལ། མན་སྙེར་ཡང་། དེའི་འཁར་བའི་དབུས་ཀྱི་ནམ་མཁའ་རྒྱ་དང་མཆུར་མཉམ་པའོ། །ཞེས་གསུངས་པ་དྲིལ་བུའི་ཁོག་པའི་དཔངས་རིང་ཐུང་གཉིས་ཀའི་ཕྱོགས་ལ་ཁའི་རྒྱ་ཚད་དང་། ཁོག་པའི་དཔངས་ཚད་མཉམ་པར་བཞེད་དེ། དེ་ཡང་དྲིལ་བུའི་མཆུ་ཅུང་ཟད་ནང་དུ་ཞུམ་པ་དེ་ལས་གོང་གི་རྒྱ་ཆེ་སའི་ཚད་དང་མཉམ་པའོ། །ཞེས་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་གསུངས།

དྲིལ་བུའི་རྒྱུ་དང་ལུགས་ཐབས་སོགས་ལུགས་བཟོ་དང་སྐད་ལི་བཟོ་ཐབས་ལས་ཤེས་དགོས་སོ། །

8. ཆ་ལང་ངམ་སྦུག་ཆལ།

སྔགས་ཆས་རྣམ་བཤད་ལས། ཆ་ལང་ནི་ད་ལྟ་ཡོངས་གྲགས་སུ་སྦུག་ཆལ་ཞེས་གྲགས་པ་དེ་ཡིན་ཞིང་། རྒྱུ་འཁར་བ་དང་ལི་ལས་བྱས་པ་ཆེ་ཆུང་མ་ངེས་པ་ནང་སྦུག་ཆེན་པོ་ཅན་འདབ་མ་ཟླུམ་པོར་ཡོད་པའོ། །འདི་ཡང་མཆོད་རྫས་སུ་བསྔགས་པ་ཡིན་ཞིང་རྒྱུད་དག་ལས་ཡང་ཡང་བསྟན་པ་ཡིན་ཏེ། སྔ་འགྱུར་རྫོགས་པར་རང་བྱུང་གི་རྒྱུད་ལས། ཆ་ལང་ལ་སོགས་སྒྲ་རྣམས་དང་། ། ཞེས་དང་། མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གམ་སངས་རྒྱས་མཉམ་སྦྱོར་ལས། ཆ་ལང་དང་ནི་རྔ་དག་དང་། ། ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཆ་ལང་མ་དང་ཤཱེ་ལེན་དྲི་ཀི་མ། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། ཆ་ལང་སྒྲ་ནི་ཆེན་པོ་དང་། །ཞེས་དང་། སཾ་པུ་ཊ་ལས། ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །

14.jpg

བོད་ཀྱི་རོལ་ཆ་སྦུག་ཆལ།

སྦུག་ཆལ་ནི་སིལ་སྙན་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་ཡིན། མཁས་པ་ལ་ལས་ཕེག་རྡེབ་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་ཞེས་གསུངས། དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དར་བའི་རོལ་ཆ་ཞིག་ཡིན་པའི་སྐོར་ལ། «རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ»ཞེས་པ་ལས། འཇིག་རྟེན་མགོན་པོ་སྲོང་བཙན་སྒམ་པོའི་དུས། །རུ་བཞིའི་གཙུག་ལག་ཁང་སོགས་ཇི་སྙེད་བཞེངས། །ཁྱད་པར་རྒྱ་བལ་ནས་བྱོན་ཇོ་ཤཱག་གཉིས། །བཙུན་མོའི་སྤྱན་དྲངས་རྒྱལ་བོའི་སྐལ་བར་ཐོབ། །དེ་དུས་མཆོད་རྫས་ཤེལ་རིགས་དུ་མ་བྱུང་། །ལྷན་སྐྱེས་སྒྲ་སྙན་དྲུག་སྐྱེས་ལ་སོགས་པ། །རྒྱས་པར་གཞན་དུ་ཤེས་ཕྱིར་འདིར་མ་སྨྲས། །རྐྱེན་གཞན་རོལ་མོ་ལས་བྱུང་བྱེ་བྲག་ནི། །བུ་ག་ལས་བྱུང་སྒྲ་སྙན་གླིང་བུའི་ཚོགས། །ལྷགས་པ(ལྤགས)ལ་བརྟེན་རྔ་ཟླུམ་རྫ་རྔ་དང་། །དུ་ཤུ་བྷི་དང་རྔ་ཆེན་ཁ་ཅིག་དང་། །དྲ་བ་ཅན་དང་སབ་ཎ་ཧ་ལ་སོགས། །རྒྱུད་ལས་སྐྱེས་པ་ཏམྦུ་ར་ཡི་ཚོགས། །རྒྱུད་གཅིག་ལས་ནི་རྒྱུད་བརྒྱའི་བར་དུ་བརྩིགས། །རྒྱུད་མང་སྙན་པའི་སྒྲ་སྒྲོག་དུ་མ་དང་། །ཆ་ལང་ཕེག་རྡེབ་ལ་སོགས་སིལ་སྙན་གྱི། །རྣམ་གྲངས་དུ་མ་དུས་འདིར་བྱུང་ཞེས་བྱ། །གཡའ་ཆགས་ལས་གྲུབ་གར་རྔ་རི་མེད་དང་། །ཟངས་སྐད་ཁྲོལ་ཆགས་ཏིང་ཤག་ཁྱོན་ཆེ་ཆུང་། །ཕེག་རྡེབ་ལ་ནི་ལི་སེར་གྱིས་གྲུབ་པ། །འདི་རྣམས་ཟ་ཧོར་ཡུལ་ནས་བྱུང་ཞེས་གྲགས། །ཞེས་སོགས་གསུངས་པ་ལྟར་ཆ་ལང་ངམ་སྦུག་ཆལ་ནི་ཟ་ཧོར(དེང་དུས་ཀྱི་མེང་ཅ་ལ་ཞེས་པ།)གྱི་ཡུལ་ནས་བྱུང་བ་ཡིན་ལ། དེ་ལའང་ཡི་གེ་འབྲི་སྲོལ་སྣ་ཚོགས་བྱུང་ཡོད་པ་སྟེ། སྦུག་ཆལ་ལམ་སྦུག་ཆོལ་དང་། ཡང་ན་སྦུབ་ཆལ་ལམ་སྦུབ་ཆོལ་ཞེས་གདམ་ངར་འབྲི་སྲོལ་ཆགས་པར་མ་ཟད། ཆ་ལང་ངམ་སྦུག་ཆལ་གཉིས་ཀྱང་དོན་གཅིག་ལྡོག་པ་ཐ་དད་ཡིན་ལ། རོལ་མོ་ཞེས་སྤྱི་མིང་བྱེ་བྲག་ཏུ་ཆགས་པ་ཤེས་དགོས།  ཕྱིས་སུ་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་དང་། རྒྱ་ནག  བལ་བོ་བཅས་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྦུག་སྣ་ཚོགས་བྱུང་བ་མ་ཟད། རང་རེའི་བོད་ཀྱི་སྦུག་གི་བཟོ་བཀོད་ལ་འཕེལ་རྒྱས་གང་ལེགས་བྱུང་ཡོད་དོ། །

དེ་ལ་རིགས་དབྱེ་ན། ཧོར་སྦུག་དང་། བལ་སྦུག  བོད་སྦུག་བཅས་ཡོད། དེ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་། དེ་ཉིད་ལ་ནི་ཧོར་རྒྱ་བལ་བོད་བཞི། །ཧོར་རིགས་གསུམ་ལས་མཆོག་ཏུ་གྱུར་པ་ནི། །ཛ་ལནྡྷ་ར་ཐོད་ཁྱིམ་ཆེ་ལ་ཕྱུར། །འཁོར་རྒྱ་ཆུང་ལ་ཐོ་རྗེས་ཤིན་ཏུ་གསལ། །གཡའ་མདངས་སེར་ནག་སྐད་སྙན་རྒྱང་གྲགས་ཆེ། །ངོ་བོ་ཆུང་ལ་རྒྱུ་ཚོགས་སྟུག་པ་དང་། ཁ་སྒོར་ཟ་ར་ཚགས་སུ་མངོན་པ་ཡིན། །ཤིན་ཀུན་མ་ནི་ཐོད་པ་ཟླུམ་པ་དང་། །ལོ་ཐོད་བར་ཉག་འཁོར་རྒྱ་སྔོན་བས་ཆེ། །རྒྱུ་ཚོགས་ཆེ་ལ་ངར་བས་གཞན་དག་གནོན། །སྤྱི་བོ་མཁར་བ་ཐོད་པ་ཆུང་བ་ལ། །ལོ་མ་རན་ཞིང་སྔོན་བས་ཁ་དོག་སྔོ། །མཚན་ཉིད་གཞན་རྣམས་མཚུངས་ཤིང་རྒྱ་གསར་ཀྲོག །བལ་པོ་ཧོར་དུ་བརྫུས་དང་མ་འཛོལ་ན། །ཧོར་གྱི་མཇུག་དང་རྒྱ་ཡི་ཐོག་མ་རུ། །བྱུང་བའི་རོལ་མོ་ཁྱད་གཞིས་འཕགས་པ་སྟེ། །སྐྱེ་མཆེད་དོད་ལ་ཐོད་ལོ་མཆུ་ཞེང་གབ། །ཐོད་ཁྱིམ་ཟད་མཚམས་རྩ་རིས་བྱེ་ཁ་མངོན། །གཡའ་མདངས་སེར་ཞག་ཅན་ནམ་སྔོ་ནག་སོགས། །སྣུམ་བག་གཞན་བས་སྟ་ན་སྡུག་པ་ལ། །སྐད་སྙན་འཁྲོལ་ཞིང་རྒྱང་གྲགས་ཆེ་བ་ཡོད། །རྒྱ་སིལ་ལེགས་དང་དྲིལ་བུ་ཁྱད་འཕགས་དུས། །སྦུབ་ཆོལ་ཉུབ་བས་ཕལ་རྣམས་ཕྱི་ནས་བྱུང་། །ཤིན་ཏུ་གསར་བ་ཁ་དོག་སྐྱའམ་གནག །རྒྱུ་ཚོགས་ལྡན་ཞིང་སྐད་སིང་སྙན་ཆ་ལྡན། །བལ་ཆོལ་སྦལ་མགོ་མ་དང་སྤྲེལ་ཐོད་མང་། །ཐོད་པ་ཅུང་ཆུང་དེ་ཡང་གཅིག་ཤོས་སུ། །ཅིག་ཤོས་ཤོང་ཞེས་ཟེར་ཡང་ཆེ་ཆུང་དུ། །མངོན་པ་ཀུན་ལ་ཡོད་པས་མ་ངེས་ལ་། །སྲུབས་རིགས་གསལ་ཞིང་ལི་མདངས་སེར་སྐྱར་སྣང་། །བོད་ནི་གྲ་སྦུག་ཉིད་དང་དེ་བཞིན་དུ། །ལྷོ་མོན་དག་ནས་གསར་བྱུང་བལ་རྒྱུས་བཟོ། །རྒྱ་གསར་དག་དང་འཁྲུལ་བ་བསྐྱེད་པ་དང་། །སྔོན་རབས་འཇང་སྦུག་སོགས་ནི་རྟོགས་པར་སླ། །གང་ཡང་རྒྱུ་ལ་རྒོད་གཡུང་བྱེ་བྲག་གིས། །ཡས་སྦུབ་མས་སྦུབ་ཁྱད་པར་ཆེ་བ་ཡིན། །ཞེས་གསུངས་པ་ལྟར། སྦུག་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་ཧོར་སྦུག་ཡིན་པ་དང་། འབྲིང་ནི་རྒྱ་སྦུག་དང་བོད་སྦུག ཐ་མ་ནི་བལ་སྦུག་ཡིན། བྱེ་བྲག་ཧོར་སྦུག་ལ་ཡང་ཛ་ལནྡྷ་ར་དང་། ཤིན་ཀུན་མ། སྤྱི་བོ་མཁར་བ་བཅས་གསུམ་དང་། རྒྱ་སྦུག་ལའང་དབྱེ་བ་དུ་མ་ཡོད་ཅིང་། བོད་སྦུག་ལ་ཡང་གྲ་སྦུག་དང་། མོན་སྦུག  འཇང་སྦུག་སོགས་མང་བ་དང་། དེ་བཞིན་བལ་སྦུག་ལ་ཡང་སྦལ་མགོ་མ་དང་སྤྲེད་ཐོད་མ་ཞེས་པ་སོགས་ཡོད་པས་ཞིབ་ཏུ་ཉམས་མྱོང་རྒན་པོ་དག་ལས་ཤེས་པར་བྱའོ། །

ཆ་ལང་རྡུང་ཚུལ་ལ་སྔགས་ཆས་རྣམ་བཤད་ལས།  ཀརྨ་མཱ་ལེ་ལས། རྔ་བརྡུང་དུས་དེར་རོལ་མོ་ཡིས། །ཐབས་ནི་སྣ་ཚོགས་གཞན་ཡང་བྱ། །ཞེས་གསུངས་པ་ལྟར་ཆ་ལང་འདི་རྔ་དང་མཉམ་དུ་བརྡུང་པ་ལས་ཆ་ལང་ཡན་གར་དུ་རྡུང་བའི་སྲོལ་བོད་ཡུལ་དུ་མ་བྱུང་། བརྡུང་ཚེ་ལུང་ཐག་སྲིན་ལག་ལ་བསྐོན་ནས་མཛུབ་མོ་དང་མཐེ་བོང་བར་དུ་བླངས་ཏེ་ལག་མཐིལ་འདབ་ཆ་ལང་གི་ཕོ་བྲང་ལ་ཐུག་ཙམ་དུ་བཟུང་། དེ་ཡང་ཡབ་སྦུག་མཐེབ་སོར་བཀྱེད་པས་བཟུང་ཞིང་འོག་སྦུག་གམ་ཡུམ་སྦུག་གཡོན་ལག་གི་མཐིལ་དུ་སྦུག་རླུང་དང་སྒྲ་མི་འགོག་པའི་ཚད་དུ་གཞག་ཅིང་སྟེང་འོག་ཅུང་ཟད་བསྣོལ་ཏེ་ཆ་ལང་རང་གི་ལྕིད་ཀྱིས་སྒྲ་ཇི་ཡོད་འབྱུང་བ་ལས་རྡུང་པ་པོའི་ལྗིད་ཀྱིས་མིན་པར་རང་གི་དཔྲལ་བའི་ཐད་ཙམ་དུ་བཀྱག་སྟེ་མར་འོག་སྦུབ་སྟེང་དུ་འབེབས། དཔུང་པ་དང་ལག་ངར་ཚིགས་པ་ནས་ལྷོད་ཅིང་ཅོག་སྦུག་ཀྱང་ཡར་ལ་ཅུང་ཙམ་བརྡེག་ནས་སིལ་དཀྲོལ་གྱི་དུས་མ་གཏོགས་སྒྲ་སིལ་ཚག་མེད་པར་བརྡུང་དགོས་པ་ཡིན་ཏེ། ཞ་ལུའི་མཁས་པ་ཙནྡྲ་ཤྲིས། སྦུག་ཆལ་དཀྲོལ་ལུགས་འདི་ལྟ་སྟེ། །ཐག་ལུང་བཟང་མཉེན་མི་ཆོད་པར། །སྲིན་མཛུབ་ལ་བསྐོར་དེ་ཉིད་ནས། །མཛུབ་མོའི་བར་དུ་ཕྱིན་ནས་བསྒྲིལ། །ལག་པའི་མཐིལ་དུ་མཁྲིལ་ཆགས་ཚད། །སྦུག་ཆལ་སྦུག་གིས་རླུང་མི་དགག །ཡབ་སྦུག་མཐེབ་སོར་གྱེད་པས་གཟུང། །ཕན་ཚུན་ཅུང་ཟད་བསྣོལ་ཙམ་དུ། །རང་ལྗིད་ཁོ་ནས་དྲག་ཙམ་བསྐུལ། །དཔྲལ་བའི་ཐད་བཀྱག་རིམ་བཞིན་ཕབ། །ཁ་གང་ཙམ་ནས་ཚིགས་ཁྲོལ་ལྷོད། །མས་ཀྱང་ཅུང་ཟད་ཙམ་ཁྲོལ་བྱ། །ཆེ་ཆུང་ལ་སོགས་སྐབས་བསྟུན་བྱ། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་གདོང་ཐད་ཀྱི་བར་སྣང་དུ་འཕེན་པའི་ཚུལ་དང་། བྲང་དང་པུས་མོ་ལ་རེག་པ་དག་སྤངས་ཏེ་མགྲིན་པའི་ཐད་ཙམ་དུ་བཟུང་སྟེ་བརྡུང་དགོས་པ་ཡིན་ཏེ། དེ་ཉིད་ཀྱིས། བར་སྣང་མི་ཡུག་གདོང་མི་དགག །བྲང་དང་པུས་མོ་ལ་མི་བརྡབ། །འཕྱག་དུས་ལྷོད་ལ་དལ་བུས་བསྐྱོད། ། བདེ་བླང་སྒྲ་ཆེར་འཐབ་ཅིང་གསིལ། །འཁྲོལ་ནས་མགྲིན་པའི་ཐད་ཙམ་སྟེ། །ཆེ་འབྲིང་ཆུང་སྐད་སྐབས་དང་སྦྱར། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ཉིད་ཀྱིས། བཞི་འཕར་འུར་དིར་སྙན་རྩུབ་དང་། །ཕྲ་སྦོམ་དྭངས་འཁྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱ། །ཞེས་གསུངས་པ་ལྟར་རྡུང་ཚུལ་རྔའི་སྐབས་ལྟར་སུམ་རྡུང་སོགས་དང་། སྒྲ་ཆེ་ཆུང་དང་། བཞི་འཕར། འུར་དིར། སྙན། རྩུབ། ཕྲ་སྦོམ། དྭངས་འཁྲོལ་སོགས་སྣ་ཚོགས་ཞིག་ཡོད་མོད་ཞིབ་ཕྲ་དམ་པའི་ཕྱག་ཁྲིད་ལས་ངེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

གཞན་ཡང་སྦུབ་ཆལ་རྡུང་ཚུལ་ལ། རྔ་སྦུབས་ཀྱི་རྣམ་གཞག་མདོར་བསྡུས་དཔལ་ཞ་ལུ་པའི་མཁས་པ་ཙནྡྲ་ཤྲྰིས་མཛད་པ་ལས། སྦུབ་ཆལ་བཀྲོལ་ལུགས་འདི་ལྟ་སྟེ། །ཐག་ལུང་བཟང་མཉེན་མི་ཆོད་པར། །སྲིན་མཛུབ་ལ་བསྐོར་དེ་ཉིད་ནས། །མཛུབ་མོའི་བར་དུ་ཕྱིན་ནས་བསྒྲིས། །ལག་པའི་མཐིལ་དུ་འཁྲིལ་ཆགས་ཚད། །སྦུག་ཆལ་སྦུག་གིས་རླུང་མི་དགག །ཡབ་སྦུག་མཐེབ་སོར་གྱེད་པས་བཟུང་། །ཕན་ཚུན་ཅུང་ཟད་བསྣོལ་ཙམ་དུ། །རང་ལྗིད་ཁོ་ནས་དྲག་ཙམ་བསྐུལ། །དཔྲལ་བའི་ཐད་བཀྱག་རིམ་བཞིན་ཕབ། །ཁ་གང་ཙམ་ནས་ཚིགས་ཁྲོལ་ལྷོད། །མས་ཀྱང་ཅུང་ཟད་ཙམ་ཁྲོལ་བྱ། །ཆེ་ཆུང་ལ་སོགས་སྐབས་བསྟུན་བྱ། །སེ་འཆལ་ཐེབ་སོར་སྒྲིམ་པར་བཟུང་། །དཔུང་པ་ལག་ངར་ཚིགས་ནས་ལྷོད། །ལག་པའི་ཐད་ནས་འཕྲུལ་ཆགས་ཚད། །རང་ལྗིད་ཁོང་ནས་དྲག་བསྐུལ་གྱི། །འདབ་མའི་རྩེ་མོ་རྩལ་གྱི་མིན། །བརྡེབ་དུས་གྱེན་ཐུར་གསེག་ལམ་དུ། །ཕན་ཚུན་ཕོ་ཐོད་ཕྱེད་མར་གསིལ། །དཀྲོལ་དུས་མིན་པར་འཆོལ་སྒྲ་སྤང་། །བར་སྣང་མི་གཡུག་གདོང་མི་དགག །བྲང་དང་པུས་མོ་ལ་མི་བརྡབ། །འཕྱག་དུས་ལྷོད་ལ་དལ་བུས་བསྐྱོད། །བདེ་བླང་སྒྲ་ཆེར་འཐབ་ཅིང་གསིལ། །འཁྲོལ་ནས་མགྲིན་པའི་ཐད་ཙམ་སྟེ། །ཆེ་འབྲིང་ཆུང་སྐད་སྐབས་དང་སྦྱར། །བཞི་འཕར་འུར་དིང་སྙན་རྩུབ་དང་། །ཕྲ་སྦོམ་དྭངས་འཁྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱ། །ཞེས་པ་ཙནྡྲ་གོ་མིས་སྨྲས། །ཞེས་གསུངས་པའི་ཕྱིར།

9.སིལ་སྙན།

སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་སྟེ། དེ་ཡང་སྦུག་ཆལ་གྱི་སྐབས་སུ་བསྟན་པ་ལྟར་ན་འཇིག་རྟེན་མགོན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཟ་ཧོར་ནས་དར་བ་ཞིག་ཡིན་པ་དང་།  ཕྱིས་སུ་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་དང་རྒྱ་བལ་བཅས་ནས་དར་ཡོང་པ་ཡིན་ནོ། །

16.jpg

བོད་ཀྱི་རོལ་ཆ་སིལ་སྙན།

སིལ་སྙན་ལ་ཡང་ཧོར་སིལ་དང་། རྒྱ་སིལ། བལ་སིལ། བོད་སིལ་བཅས་རིགས་བཞི་ཙམ་བྱུང་ལ། དེ་དག་སོ་སོའི་ནང་གསེས་དབྱེ་བ་དང་ཁྱད་ཆོས་སྐོར་ནི«འཇིགས་མེད་གླིང་བའི་གཏམ་ཚོགས»ལས། སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི། །ཧོར་ལ་རིགས་གསུམ་ཛ་ལནྡྷ་ར་དང་། །ཤིན་ཀུན་མ་དང་སྤྱི་བོ་མཁར་བ་ལས། །ལནྡྷ་ར་ཐོད་ཆེ་འཁོར་རྒྱ་ཆུང་། །རྒྱུ་ཚོགས་ཆེ་ལ་སྐད་སྙན་རྒྱང་གྲགས་ཆེ། །སྤྲེད་ཐོད་སྦལ་ཐོད་ཇི་ལྟའང་གཞན་བས་ཆུང་། །ཤང་ཤང་དེའུ་རེག་པའི་དུག་ཅན་ཕྱིར། །ཡི་གེའ་བརྡ་ལ་རིན་ཐང་གཞལ་ཞེས་བྱ། །དཀོན་པའི་ཕྱིར་ན་ནོར་སྣར་གྲགས་པ་ཡིན། །ཤིང་ཀུན་འཁོར་རྒྱར་དཔག་པའི་ཐོད་པ་ཆུང་། ། ཐོད་དབྱིབས་གོང་འདྲ་སྐད་འབོལ་སེར་མདངས་ཆེ། །སྤྱི་བོ་མཁར་ལ་ཐོད་དབྱིབས་གསུམ་དུ་ཡོད། །ར་ཐོད་ཙོང་ལ་སྦལ་ཐོད་ཐོད་ཟུར་ཆགས། །སྤྲེལ་ཐོད་ཟླུམ་ལ་རྩ་བ་ཉག་པ་སྟེ། །འཁོར་རྒྱ་ཆེ་ཆུང་རན་ལ་འཁྲོལ་ཆ་ཆུང་། །གསེར་དངུལ་ཟིལ་བ་ཆགས་པ་ཚེ་འབྲུམ་ཅན། །ནང་ལ་ཐོ་རིས་གསལ་ཞིང་སྲུབས་རིས་མེད། །ཐོད་པའི་རྩ་ནས་ལོ་མཐུར་སེ་གས་བསུ། །ཨཱོལ་སོང་མཚམས་དང་ཤང་ཁ་གྱེན་ལངས་ཀྱི། །ཁ་སྦྱར་བར་མཐའ་མ་རེག་ཙམ་དུ་ཡོད། །རྒྱ་ནག་ཆེ་ཆུང་འཚམ་ལ་ཆུ་ཞེང་གབ། །ཤང་ཁ་བཙན་ཚུགས་ཡོད་པས་འཁྲོལ་བ་དཀའ། །མཐའ་ལ་ཆ་ག་ནང་ལ་ཐོ་རྗེས་གསལ། །སེར་ནག་སྐད་སིལ་ཧོར་ལས་སྙན་ཆ་ཆུང་། །སྦལ་ཐོད་མ་ཎི་ལནྫར་ཡོང་བ་ཡིན། །བལ་སིལ་སྲབ་དང་བོད་སིལ་རྒྱུ་ཚོགས་ཅན། །རྒྱ་ཧོར་གཉིས་དང་འགལ་བའི་རྟོགས་པར་སླ། །དེ་ལས་བོད་སིལ་སྙན་ཆ་ཆེ་བ་ཡིན། །ཞེས་ཞིབ་ཏུ་བསྟན་ཡོད།

སིལ་སྙན་གང་ཞིག་དཀྲོལ་བའི་ཚེ་ན། སྦུག་དང་ཐ་དད་ཡིན་པ་སྟེ། སིལ་སྙན་འཐེབ་སོར་བསྒྲིམས་པས་གཟུང་དགོས་པ་གང་ཞིག སིལ་སྙན་ཡིན་ན་ཐད་ཀར་དཀྲོལ་དགོས་ལ། སྦུག་ཆལ་ཡིན་ན་སྟེང་འོག་བྱས་ཏེ་དཀྲོལ་དགོས་པ་ཡིན། དེ་ཡང«རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ»ལས། སིལ་སྙན་འཁྲོལ་བ་ལྟ་བུ་ཞིག །ཡིན་ན་སིལ་སྙན་ཆེ་ཆུང་ལ། །ལྟོས་པའི་དཀྲོལ་ལུགས་འབྱུང་འགྱུར་ཏེ། །ཆེ་ལ་མཐོ་དང་ཆུང་ལ་དམའ། །ཡང་དོག་ཀྱང་ནི་གོ་རིམ་བཞིན། །དེས་ན་ཆེ་ཆུང་གང་ཡིན་ཀྱང་། །སིལ་སྙན་ཡིན་ན་ཐད་ཀར་དཀྲོལ། །སྦུག་ཆལ་ཡིན་ན་སྟེང་འོག་བྱ། །ཞེས་གསུངས་ཤིང་། སིལ་སྙན་ནི་མདོ་སྔགས་གཉིས་ལས་མདོའི་ཆོ་ག་དང་། སྔགས་ལས་ཞི་བའི་ཆོ་ག་གཏོང་སྐབས་མཆོད་ལྔ་དང་ལྷན་ཏུ་དཀྲོལ་སྲོལ་ཡོད། དེ་ཡང་མཆོད་རོལ་ལྟ་བུའི་སྐབས་སུ་སུམ་བརྡེག་ལན་གསུམ་བཅས་བརྡེག་པ་ན། གཅིག་ལ་མནན་ཞིང་གཅིག་ལ་འདེག །གསུམ་པ་བཞི་བ་ལྔ་བ་རྣམས། །དེ་ཁའི་ངང་ཡིན་དྲུག་པ་ནི། །ཅུང་ཟད་མནན་ཞིང་ཆུང་བར་བྱ། །བདུན་བརྒྱད་དགུ་རྣམས་ཆེ་ཞིང་མཐོ། །བཅུ་བ་མནན་ཞིང་ཆུང་བར་བྱ། །བཅུ་གཅིག་ཆེ་ཞིང་རྡོག་རྗེས་འཇོག །འདིར་ནི་སྟར་གཅིག་བགྲངས་པ་ཡིན། །སོ་སོར་འདྲེན་འདི་ལྟར་བྱ། །དང་པོ་ཆུང་ཡིན་གཉིས་པ་ཆེ། །འདི་གཉིས་རོལ་མོ་ཕལ་ཆེར་གྱི། །སྔོན་དུ་ངེས་པར་དགོས་པ་ཡིན། །དེ་རྒྱུ་མཚན་དང་པོས་ནི། །རོལ་མོ་བཅམ་ཞིང་གཉིས་པས་ནི། །རོལ་མོ་ལེན་པ་ཡིན་པས་ན། །བཅམ་ལ་ཆུང་དང་ལེན་ལ་ཆེ། །སོ་སོར་ཆེ་བ་མཁས་པའི་ལུགས། །ཞེས་སོགས་རྒྱས་པར་གཞུང་གཞན་དུ་བསྟན་ཡོད་པས་དགོས་དབང་ལ་གཞིགས་ཏེ་བལྟ་གལ་ཆེ་ཞིང་།ཁྱད་པར་ས་དགེ་རྙིང་གསུམ་སོགས་ཆོས་ལུགས་གྲུབ་མཐའ་སོ་སོའི་གདན་ས་ཁག་ལ་ཡང་ཐུན་མིན་ཕྱག་རྒྱུན་རེ་ཡོད་དེ། དཔེར་ན། རྗེ་ཙོང་ཁ་བའི་སློབ་མ་སྲད་རྗེ་བཙུན་ཤེས་རབ་སེང་གེས་ཕྱག་བཏབ་པའི་ལྷ་སའི་རྒྱུད་སྨད་གྲྭ་ཚང་ལ་མཚོན་ན། འཇིགས་བྱེད་ཀྱི་བདག་བསྐྱེད་ཆོ་ག་གཏོང་སྐབས་དམིགས་བསལ་སིལ་སྙན་ནམ་མཁའ་བྱ་འཛིན་ཞེས་པ་ཞིག་དཀྲོལ་སྲོལ་དང་། རྒྱུད་སྟོད་གྲྭ་ཚང་ལ་ནི་བྱང་ཆུབ་ཕྱག་རྒྱ་མ་ཞེས་པའི་དཀྲོལ་ཚུལ། མཚུར་ཕུ་དབྱར་འཆམ་ཆེན་མོའི་སྐབས་ཟླ་བ་ཡར་ཚེས་ཞེས་པའི་སིལ་སྙན་དཀྲོལ་ལུགས་ཡོད་པ་སོགས་ལས་མཚོན་ནུས་ཤིང་། དེ་ལྟའི་ཕྱག་རྒྱུན་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་སླད་དུ་རིམ་པར་བརྒྱུད་ཅིང་སྤེལ་ན་ཕན་པ་རྒྱ་ཆེར་ཡོད་དོ། །

10.གཡེར་ཁ། 

དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་ཞིག་ཡིན་པར་ཚིག་མཛོད་ཆེན་མོ་ལས་གསུངས་པ་དང་། དུང་དཀར་ཚིག་མཛོད་ལས། རྟ་དྲེལ་སོགས་ཀྱི་སྐེ་ལ་འདོགས་རྒྱུའི་གཡེར་ཁ། གསེར་དངུལ་ལྕགས་མཉམ་བསྲེས་ལྕགས་རིགས་སོགས་ལས་བཟོས་པའི་གཡེར་ཁ། ཞེས་གསུངས་ཡོད་ལ་དམངས་ཁྲོད་དུ་འདི་ལ་ཁྲོལ་རིལ་ཞེས་ཀྱང་འབོད།

27.jpg

གནའ་བོའི་རོལ་ཆ་གཡེར་ཁ།

འདི་ནི་དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་ཞིག་ཡིན་པར་ཚིག་མཛོད་ཆེན་མོ་ལས་གསུངས་པ་དང་། དུང་དཀར་ཚིག་མཛོད་ལས། རྟ་དྲེལ་སོགས་ཀྱི་སྐེ་ལ་འདོགས་རྒྱུའི་གཡེར་ཁ། གསེར་དངུལ་ལྕགས་མཉམ་བསྲེས་ལྕགས་རིགས་སོགས་ལས་བཟོས་པའི་གཡེར་ཁ། ཞེས་གསུངས་ཡོད་ལ་དམངས་ཁྲོད་དུ་འདི་ལ་ཁྲོལ་རིལ་ཞེས་ཀྱང་འབོད། གཡེར་ཀ་ཞེས་པ་རྒྱུད་ལས་བྱུང་ཞིང་མཐོང་རྒྱུ་འདུག་མོད་འདི་ཞེས་རྣམ་བཤད་མཛད་པ་མ་མཐོང་། ད་ལྟ་དཀྱིལ་འཁོར་གྱི་དྲ་ཆས་དང་། འཆམ་གོས་སོགས་ལ་གཡེར་ཀ་བཏགས་འདུག དེ་ཡང་དཀྱིལ་འཁོར་དྲ་ཆས་སུ་བཀོལ་བ་དེ་དྲིལ་བུ་རྩེ་མེད་ལྟ་བུ་ཁ་འདབ་ཕྱིར་ཅུང་ཟད་གཡེར་བ་ཞིག་དང་འཆམ་གོས་སོགས་སུ་བརྒྱན་པ་དེ་ཟླུམ་རིལ་ནང་ཁོང་སྟོང་དུ་སྒྲ་འབྱིན་བྱེད་ལྕགས་སོགས་ཀྱི་རིལ་བུ་ཡོད་པ་དཀྱིལ་དུ་གཡེར་མའི་ཁ་ལྟ་བུའི་བུ་ག་ཡོད་པ་ཞིག་སྟེ་ཐ་ན་རྟ་ཡི་སྐེ་ལ་ཡང་འདོགས་ཀྱིན་འདུག་ཅིང་འདི་ཕྱོགས་སུ་ཁྲོལ་རིལ་ཞེས་འབོད། ཁ་ཅིག་གཡེར་ཀ་ཟེར་དོན་ཡང་ཁ་འདབ་ཕྱིར་གཡེར་བས་ཡིན་ཟེར་ཞིང་སྔ་མ་དྲ་ཆས་སུ་སྤྱོད་པ་དེ་ལ་ངོས་འཛིན། ཁ་ཅིག་གཡེར་འབྲུ་མ་ཉམས་པ་ཞིག་དང་འདྲ་བས་དབྱིབས་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ཡིན་ཕྱིར་གཡེར་ཁ་ཟེར་ཞིང་ཕྱི་མ་འཆམ་གོས་སོགས་སུ་བཀོལ་བ་དེ་ཡིན་ཟེར། དོན་ལ་གང་བྱས་ཀྱང་འགལ་བ་མེད་ལ་སྔ་མ་དྲ་བ་དྲ་ཕྱེད་སོགས་ལ་རྒྱན་བྱེད་ཀྱི་དྲིལ་གཡེར་དང་། ཕྱི་མ་དེ་གོས་དང་སྐ་རགས་སོགས་ཀྱི་རྒྱན་དང་དཀྲོལ་བའི་རོལ་མོར་བྱས་ན་རུང་སྙམ་པ་ནི་ཁོ་བོའི་རྣམ་རྟོག་སྟེ་དཔྱད་པར་བྱའོ། །

རྙིང་མའི་དགོན་སྡེ་འགའ་རེར་སྒྲུབ་ཆེན་གྱི་ཉུལ་ལེ་སྐྲོད་སྐབས་རྡོ་རྗེ་རྒྱལ་ཐེབས་ཀྱིས་དཀྱིལ་འཁོར་ལ་སྐོར་བ་བྱས་ཏེ་གུ་གུལ་བདུག་ཅིང་དར་ནག་དང་བོང་བུའི་རྡོ་རྗེ་གཡབ་ནས་ཕྱི་མ་ལྟར་གྱི་གཡེར་ཀ་འདི་དཀྲོལ་བ་མཐོང་བ་ལས་གཞན་མཆོད་པ་སོགས་ལ་དཀྲོལ་བ་ནི་མ་མཐོང་ངོ་། །གོང་སྨོས་ལྟར་རྒྱ་གར་དུ་རྣལ་འབྱོར་བ་བསོད་སྙོམས་སུ་འགྲོ་ཚེ་བརྡུངས་པར་བཤད་པས་དཀྲོལ་རུང་བར་མངོན་ལ་སྒྲུབ་པའི་དུས་སུ་དཀྲོལ་བའི་རོལ་མོ་བྱས་ཀྱང་ཆོག་གོ །རྒྱུད་ལས་ནི་དྲིལ་བུ་གཡེར་ཀ་ཞེས་དྲིལ་བུའི་བྱེ་བྲག་ཏུ་གསུངས་ཤིང་རྫིང་བུ་དང་དཀྱིལ་འཁོར་དང་སྐ་རགས་སོགས་གོས་ཀྱི་རྒྱན་དུ་བྱ་བ་ནི་གསལ་བོར་ཡོད་ལ། གང་ལྟར་ཀྱང་འདི་ལ་ཁུངས་རྣམ་དག་ཡོད་དེ། རྡོར་སེམས་སྒྱུ་འཕྲུལ་མེ་ལོང་ལས། རྫིང་བུ་དྲིལ་བུ་གཡེར་ཁས་སྤྲས། །ཞེས་དང་། ཕུར་པ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། གཡེར་ཁ་དྲིལ་བུ་ཉིད་ལ་ཡང། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ། །ཞེས་དང་། མངོན་བརྗོད་བླ་མ་ལས། གཡེར་ཀ་སྒྲ་སྒྲོག་སྐུ་རགས་ལྡན། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། གཡེར་ཀའི་ཕྲེང་དང་ལྕགས་ཐག་དང་།། ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། དྲིལ་བུ་གཡེར་ཀའི་དྲ་ཡིས་བརྒྱན། །ཞེས་རྡོ་རྗེ་རྩེ་མོ་དང་། ཀརྨ་མཱ་ལེ་སོགས་ནས་ཀྱང་གསུངས་པ་དང་། རྣམ་སྣང་མངོན་བྱང་ལས། རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་བུ་གཡེར་ཀའི་དྲ་བས་སྟེང་བརྒྱན་པ་ཞེས་གསུངས་པའི་ཕྱིར་རོ། །བོན་པོའི་རོལ་མོ་མཆོག་གྱུར་གཤང་ངམ་ཁྲི་ལོར་གྲགས་པ་ཡུལ་འདིར་བོན་པོའི་སིལ་ལི་རུ་འབོད་པ་དེ་གཡེར་ཁའི་བྱེ་བྲག་ཅིག་ཡིན་ནམ་སྙམ། དེ་ཡང་དཀྱིལ་འཁོར་དང་གོས་སོགས་ཀྱི་རྒྱན་དུ་བྱེད་པའི་གཡེར་ཀ་དེ་མིན་མོད་རྣལ་འབྱོར་བས་བསོད་སྙོམས་ཀྱི་ཚེ་ཁྱིམ་པའི་སྒོ་དྲུང་དུ་བརྡ་གཏོང་བྱེད་ཀྱི་གཡེར་ཀ་དེ་ཡིན་པ་འདྲའོ། །འཇའ་ཚོན་སྙིང་པོས་གཤང་དེ་བོན་པོ་ཁོ་ནའི་བྱེད་པ་དེ་བན་དེ་ཐོས་ཆུང་དག་གི་སྐྱོན་ཡིན་པ་ལས་གཤང་ནི་བདེ་མཆོག་དང་འཇམ་དཔལ་རྩ་རྒྱུད་ལས་བསྟན་ཟེར་ནས་ཚེག་བར་བརྒྱད་ཅན་གྱི་ཚིག་རྐང་གཉིས་དྲངས་འདུག་མོད་ཁོ་བོས་ནི་རྒྱུད་དེ་གཉིས་ལས་དེ་ལྟར་བྱུང་བ་མ་མཐོང་ངོ་། །ཞེས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས་གསུངས་པའི་ཕྱིར།

སྤྱིར་གཡེར་ཁ་ལ་ཁྲོ་ལོ(སྒྲའི་སྒོ་ནས་བཏགས་པ)ཞེས་བོད་ཀྱིས་དྲེལ་གཡག་སོགས་ཀྱི་སྐེ་ལ་གདགས་བྱ་ཞིག་དང་། གཡེར་ཁ་རང་འཐག་ཅེས་དབྱིབས་རང་འཐག་ཁ་སྦྱོར་བྱས་པ་ལྟ་བུ་རྨོན་མཛོ་སོགས་ཀྱི་སྐེ་དང་གཉའ་ཤིང་སྟེང་དུ་གདགས་བྱ་ཞིག ཤིང་ལང(ལི་གཡེར་ཁ་ཤས་དང་རྔ་དམར་གྱི་ཚོམ་བུས་བརྒྱན་པ)ཞེས་རྟ་དྲེལ་དང་བོང་བུའི་སྐེ་རྒྱན་ཞིག གཡེར་ཕྲུག་རྒྱ་ཁྱི་ཁ(དབྱིབས་ལིང་ཤང་འདྲ་བ་ལ་ཆེ་ཆུང་བྱ་སྲེག་པའི་སྒོ་ང་ཙམ་བྱས་པ)ཞེས་ར་ལུག་འགའ་རེ་དང་ཁྱིའི་སྐེ་ལ་གདགས་བྱ་ཞིག དེ་བཞིན་བྱེའུ་ཕྲུག་ཁ(ཆེ་ཆུང་བྱིའུའི་སྒོ་ང་ལྟ་བུ་ལ་ཁ་ནི་བྱིའུ་ཕྲུག་གི་ཁ་དང་འདྲ་བ)ཞེས་དབུས་གཙང་ཁུལ་པར་སྒྱེའི་ཞབས་མཐའ་དང་། ཁམས་ཁུལ་དུ་བུད་མེད་རྣམས་ཀྱི་སྐེ་རགས་ཐོག་གདགས་བྱ་ཞིག་ཞེས་དབྱེ་བ་ལྔ་ཙམ་མཆིས།

ཆོས་ལུགས་ཀྱི་སྤྱོད་སྒོ་ལས་གཞན། དཀྲོལ་བྱའི་རོལ་མོ་ཞིག་ཡིན་པའི་ཆ་ནས་བཤད་ན། སྟོད་གཞས་ནང་མ་དང་གར་གླུ་གཏོང་སྐབས་རམ་དཀྲོལ་རོལ་མོའི་གྲས་སུ་གཡེར་ཁ་བྱིའུ་ཕྲུག་ཁ་ཞེས་པ་དེ་དཀྲོལ་སྲོལ(སྐབས་འགའ་ཞིག་ཏུ་གཡེར་ཁའི་ཚབ་ཏུ་ཏིང་ཤགས་ཀྱང་རྡུང་སྲོལ་ཡོད)ཡོད་ལ། གཡེར་ཁ་དེ་དག་འབྲེང་ཐག་གམ་གོས་ཆེན་གྱིས་བརྒྱན་པའི་ཐག་ལེབ་ཀྱི་ངོས་སུ་བསྒྲོགས་ཤིང་། དེ་ཡང་འབྲེང་ཐག་སྟེང་བསྒྲོགས་པ་ཡིན་ན་སྣེ་འགུག་གཉིས་སུ་བྱས་ཏེ། སྣེ་འགུག་གཅིག་ལག་གཡོན་མའི་མཐེ་བོང་ལ་བསྐོན་པ་དང་། ཅིག་ཤོས་ལག་གཡས་པའི་མཐེ་ཆུང་ལ་བསྐོན་ནས་རོལ་དབྱངས་ཀྱི་འགྲོས་སྟབས་གཞིར་བཟུང་འཐེན་པའི་ཚུལ་དུ་དཀྲོལ་བ་དང་། གོས་ཆེན་གྱིས་ཐག་ལེབ་སྟེང་བསྒྲོགས་པའི་གཡེར་ཁ་ཡིན་ན་བར་ཐག་ལ་སོར་མོ་གང་རེ་དང་། ཐག་ལེབ་སྤྱིའི་རིང་ཚད་ལ་ཧ་ལམ་ཁྲེ་ཙེ་གང་ཙམ་བྱས་པ་གང་ཞིག་དཀྲོལ་ཚུལ་ཡང་གོང་དང་མཐུན་པར་འཐེན་པའི་ཚུལ་དུ་དཀྲོལ་དགོས་པ་ཡིན། དེ་ཡང་བྱིའུ་ཕྲུག་ཁ་ཞེས་པའི་གཡེར་ཁ་དེ་ནི་སྐད་སྙན་ཡང་སྒྲ་ཁྱབ་ཆུང་པས། སྤྱིར་བཏང་གྲངས་ཉི་ཡས་མས་ཙམ་ཞིག་གྲལ་བསྟར་གཉིས་སུ་བསྒྲིག་ནས་བསྒྲོགས་སྲོལ་མཆིས། གཞན་ཡང་ཁྲ་འབྲུག་གར་སོགས་གྲོང་གསེབ་ཁུལ་གྱི་ཞབས་བྲོ་ལ་ལའི་སྐབས་གཡེར་ཕྲུག་རྒྱ་ཁྱི་ཁའམ་བྱིའུ་ཕྲུག་ཁའི་ཕྲེང་བ་རྐང་པར་དཀྲི་སྲོལ་ཡོད། དེ་བཞིན་བཅུ་དྲུག་ལིང་ཤ་ནི། བྲོ་པ་གཞས་མ་འཁྲབ་སྐབས་བྲོ་པ་དང་ཨ་ར་བའི་སྐེད་པར་དཀྲི་སྲོལ་ཡོདཔ་དང་། ཀོང་བྲོ་སོགས་འཁྲབ་སྐབས་ཨ་ར་བས་ཀྱང་ལག་གཅིག་ཏུ་མདའ་དར་རམ་འོད་མ་གང་རུང་དང་། ལག་ཅིག་ཤོས་མཐེ་བོང་སྟེང་བ་སོའི་ཤ་ཀྲད། སྐེད་པར་བཅུ་དྲུག་ལིང་ཤང་དཀྲིས་ཏེ་བྲོ་སྣེ་འཁྲིད་པ་དང་། དེ་བཞིན་སྒོར་སྣ་རུ་འདྲེན་སྲོལ་མཆིས། གཞན་ཡང་རྒན་རབས་རྣམས་ཀྱི་གསུང་རྒྱུན་ལ། སྔར་ལྷ་སའི་བར་སྐོར་སོགས་སུ་དམངས་གཞས་གཏང་པ་བོ་འགའ་རེས་ལག་ཏུ་བཅུ་དྲུག་ལིང་ཤང་དཔྱངས་ཏེ་འགྲོས་སྟབས་གསལ་བྱེད་ལ་རམ་སྐྱོར་བྱེད་པ་དང་སྦྲགས་ཁ་ནས་ཁ་བཤད་དང་དམངས་གཞས་འདྲ་མིན་གཏོང་སྲོལ་ཡོད་ཅེས་ཟེར། དེ་བཞིན་གཞིས་རྩེ་བཀྲས་ལྷུན་དགོན་པའི་གཟིགས་མོ་ཆེན་མོ་སོགས་དགོན་སྡེའི་གར་འཆམ་འགའ་རེའི་ནང་གི་རྒན་གཞོན་གཉིས་དང་ཨ་ཅེ་ལྷ་མོའི་ནང་གི་སྤོ་མོ་གཉིས་ཀྱིས་ཀྱང་གཡེར་ཁ་ཆེ་ཆུང་ཅི་རིགས་རང་གི་ལུས་ལ་ག་ཤ་ལོགས་སམ་ཡང་ན་སྐེད་པར་འདོགས་སྲོལ་མཆིས་པ་དེར་ཡང་དམིགས་བསལ་སྒྲིག་ལམ་སྲུང་བྱ་དང་བཞད་གད་འཕེལ་བར་ཕན་ཐོག་ངེས་ཅན་ཡོད་དོ། །

མདོར་ན་གཡེར་ཁ་ནི་རམ་དཀྲོལ་རོལ་ཆའི་གྲས་སུ་དཀྲོལ་བའམ་གར་མཁན་རྣམས་ཀྱི་སྐེད་པ་དང་རྐང་པར་འདོགས་པ་གང་ཡིན་ཡང་། དེའི་བྱེད་ལས་ནི་གཞས་དང་ཞབས་བྲོའི་འགྲོས་སྟབས་གསལ་བྱེད་ཡིན་ལ། སྐབས་འགར་བཀོད་འདོམས་ཀྱི་ནུས་པའང་ཐོན་གྱི་ཡོད་ན། དེས་སྟོད་གཞས་ནང་མ་དང་། མཆོད་སྤྲིན་གར་རོལ། བྲོ་པ་གཞས་མ། ཀོང་བྲོ་སོགས་ཀྱི་ནང་དུ་གལ་ཆེའི་གནས་བབ་བཟུང་ཡོད་གཤིས། དེ་ནི་བོད་ཀྱི་རོལ་མོའི་བྱེ་བྲག་དམིགས་བསལ་ཅན་ཞིག་ཀྱང་ཡིན་པར་ངེས་སོ། །

11.ཏིང་ཤགས།

ཏིང་ཤགས་ནི་རྒྱུ་འཁར་བ་དང་ལི་སོགས་ལས་བྱས་པའི་དབྱིབས་ཟླུམ་པོ་ལ་ཁ་འདབ་མཐུག་ཅིང་སྟེང་དུ་འབུར་ཆུང་ངུ་དང་ནང་དུ་ཡང་སྦུག་ཆུང་ངུ་ཡོད་པ། ཚད་ཆུང་ངུ་ཟླུམ་པོའི་ཁོར་ཡུག་ཏུ་མཐོ་གང་དང་སོར་ལྔ་ཙམ་པ་མཐུག་ཅིང་སྒྲ་ཕྲ་ལ་སྙན་པ་ཡོད་པ་ཞིག་སྟེ་ད་ལྟ་བསུར་བསྔོ་དང་ཆུ་གཏོར་སོགས་ལ་བཀོལ་བཞིན་པ་དེའོ། །

10.jpg

ཏིང་ཤགས།

ཐོས་པ་ཆུང་པ་ཁ་ཅིག་རྒྱ་གར་དུ་སྔགས་ཀྱི་ཡོ་བྱད་དག་གང་བྱུང་དུ་ཁྱེར་མི་ཆོག་པས་དགེ་སློང་དག་བསོད་སྙོམས་ལ་ཕེབས་ཚེ་འཁར་བསིལ་བཟུང་ནས་ཁྱིམ་པའི་སྒོ་དྲུང་དུ་དཀྲོལ་ཏེ་བརྡ་གཏོང་བ་དང་། སྔགས་ཀྱི་རྣལ་འབྱོར་བ་དག་ལ་གཡེར་ཁ་ཟེར་བ་ཞིག་བརྡ་གཏོང་བྱེད་ཡོད་པས་འབྲོག་མི་ལོ་ཙཱ་བས་ཕྱི་མ་དེ་ལ་དཔེ་བྱས་ནས་དེ་དང་འདྲ་སེ་བ་ཞིག་ཆུ་གཏོར་བསྔོ་བའི་དུས་སུ་སྔགས་ཀྱི་ཡོ་བྱད་མི་སྤྱོད་པའི་ཕྱིར་དུ་དར་བར་བྱས་ཟེར་བ་ནི་རྒྱུད་སྡེ་མིག་གིས་མ་མཐོང་བའི་མཚང་གཏམ་ཡིན་ཏེ། ཏིང་ཤག་རྒྱུད་སྡེ་དུ་མ་ནས་དབྱངས་ཀྱི་མཆོད་པ་རོལ་མོའི་བྱེ་བྲག་ཏུ་བསྟན་པ་ཡིན་པའི་ཕྱིར། གྲུབ་སྟེ། དེ་ལྟར་བསྟན་པའི་ཁུངས་ཡོད་པའི་ཕྱིར་ཏེ། རྫོགས་པར་རང་བྱུང་གི་རྒྱུད་ལས། རྔ་ཆེན་སྒྲ་དང་དྲིལ་བུའི་སྒྲ། །ཅང་ཏེའུ་གྷཎཌ་པི་ཝང་སྒྲ། །མཆོད་ཆེན་དུང་དང་གླིང་བུ་དང་། །ཏིང་ཏིང་ཤག་དང་ཀར་ཀོ་ཏ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཏིང་ཏིང་ཤག་འཛིན་སྦྱོར་བ་ཡིས། །མིའམ་ཅི་རྣམས་ཀྱིར་བརྗོད་བྱ། །ཞེས་དང་། ནག་པོ་ཆེན་པོའི་རྒྱུད་ལས། པི་ཝང་དང་། རྔ་བྲན་དང་། གླིང་བུ་དང་། ཏིང་ཏིང་ཤག་དང་། ཞེས་དང་། གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ལས། ཏིང་ཏིང་ཤག་དང་དུང་སྒྲ་དང་། །ཞེས་དང་། སྒྲ་ཡི་རྡོ་རྗེ་སྣ་ཚོགས་ལུས། །དཀར་དང་སྔོ་བའི་ལུས་དང་ལྡན། །པི་ཝང་གླིང་བུ་ཏིང་ཏིང་སོགས། །སྒྲོག་པ་ཤེས་རབ་ཅན་གྱིས་བྲི། །ཞེས་དང་། ལག་ན་རྡོ་རྗེ་ཏིང་ཏིང་ཤག །རྡོ་རྗེ་ཏིང་ཏིང་ཤག་བྲི་བྱ། །ཞེས་སོགས་སྔགས་ཆས་རྣམ་བཤད་ལས་གསུང་པ་དང་། སྔགས་འཆང་རྒྱན་གྱི་མེ་ཏོག་ལས། ཏིང་ཤགས་ནི། སྤྱིར་རྒྱ་གར་དུ་ནི་གསང་སྔགས་ཀྱི་རོལ་ཆ་མཚན་ཉིད་པ་རྣམས་གང་ཐད་ཐད་དུ་ཁྱེར་བའི་སྲོལ་མེད་ལ་སློང་མོ་སོགས་བྱ་དུས་དགེ་སློང་ཡིན་ན་འཁར་བསིལ་གྱིས་སྒོ་བརྡུང་བ་ཡིན་ལ། རྣལ་འབྱོར་བ་ཡིན་ན་གཡེར་ཁ་ཟེར་བའི་དཀྲོལ་རྒྱུ་ཞིག་ཡོད་པ་དེ་ལ་དཔག་ནས་ཆུ་གཏོར་སོགས་ལ། སྔགས་ཀྱི་རོལ་ཆ་ནི་མི་འོས་ཕྱིར་བརྡུང་བ་འདི་བོད་དུ་འབྲོག་མི་ལོ་ཙཱ་བ་ནས་དར་ཞེས་ཁ་ཅིག་གླེང་ངོ་། །ཞེས་གསུངས་པའི་ཕྱིར།

རྒྱལ་བའི་བསྟན་པ་སྔ་དར་གྱི་དུས་སུ་ཏིང་ཤགས་ལ་དབྱེ་བ་འདི་འདྲ་བྱུང་བ་སྟེ། ཏིང་ཤགས་མགོ་འཕངས་དམའ་ཞིང་གྲགས་འདི་ནི། །སྦུ་སྙམ(སྦུག་ཉམས)བྱེད་ཅིང་སྐད་སངས་ཁྲོལ་ཆེ་བ། །མགོ་དང་འདབ་མའི་མཚམས་སུ་པུ་མོ(པུས་མོ)གསལ། ། ཁ་ཆེ་མ་ཞེས་གྲགས་པ་འདི་ཉིད་ཡིན། །ཏིང་ཤགས་ཁྱོན་ཆེན་མགོན་པོ་ནས་བཟུངས་ཏེ། །རིམ་གྱིས་ཕབ་པ་ཁ་གཡེལ་ཤས་མཐུག་པས། །རྡོ་སྐད་འཕར་རིམ་སྙན་ཆ་ཆེ་བ་ལ། །འཇའ་ལན་ར་མ་ཞེས་བྱ་ཡོངས་སུ་གྲགས། །རིམ་གྱིས་ཕབ་པ་ཁ་གཡེལ་ཞེས་སུ་གྲགས། །ཞེས་བྱུང་བ་ལྟར་བསྟན་པ་སྔ་དར་གྱི་སྐབས་སུ་ཏིང་ཤགས་ལ་ཁ་ཆེ་མ་དང་། འཇའ་ལན་ར་མ་ཞེས་སོགས་བྱུང་བ་དང་། བསྟན་པ་ཕྱི་དར་གྱི་དུས་ནས་ཧོར་རྒྱ་བལ་སོགས་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཏིང་ཤགས་སྣ་ཚོགས་དར་བ་མ་ཟད། བོད་ཏིང་གི་བཟོ་བཀོད་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་བས། ཏིང་ཤགས་ལ་ཧོར་ཏིང་དང་། རྒྱ་ཏིང་། བལ་ཏིང་། བོད་ཏིང་བཅས་རིགས་བཞི་ཙམ་བྱུང་པ་མ་ཟད། ཧོར་ཏིང་སོགས་སོ་སོ་ལ་ཡང་ནང་གསེས་རབ་འབྲིང་གི་དབྱེ་བ་དུ་མ་བྱུང་པ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཏིང་ཏིང་ཤགས་ལ་ཧོར་དང་རྒྱ་བལ་བོད། །ཧོར་ལ་རིགས་གསུམ་ལནྡྷ་ར་མཆོག །ཤིང་ཀུན་འབྲིང་ལ་ཕལ་པ་ཐ་མ་སྟེ། །ཛ་ལནྡྷ་ར་གླིང་ཕྲན་ལས་འོང་པའི། །ཤང་ཤང་ལས་བྱུང་ཐོད་པ་སྦུབ་ལ་ཟླུམ། །ལོ་མ་ཆུང་ཤོས་མཐེའུ་ཆུང་གི་རྒྱ། །ཁ་སྐོར་མཐུག་ཅིང་གཞན་ལས་ཆུང་པ་ལ། །སྐད་སྙན་རྒྱང་གྲགས་མཆོག་ཏུ་གྱུར་པ་ཡིན། །ཤིང་ཀུན་ཐོད་པ་དཔངས་མཐོ་རྩ་མོ་ཕྱུར། །མཐའ་སྐོར་ཁ་སྦུབ་མཐུག་ལ་བར་སྐབས་སྲབ། །རྒྱང་སྐད་ཆེ་ལ་དབུགས་ཐག་རིང་པ་ཡིན། །ཕལ་པ་བརྡར་གད་ཅུང་དོད་ཐོད་པ་དམའ། །ལི་ལ་ཁྲོ་ཉམས་ཡོད་པས་གྲུམས་པའང་སྲིད། །ཞེས་ཧོར་ཏིང་ལས་མཆོག་ཏུ་གྱུར་བ་ཛ་ལནྡྷ་ར་དང་། འབྲིང་ནི་ཤིང་ཀུན་དང་། ཐ་མ་ནི་ཕལ་བ་ཡིན་པརབསྟན་པ་དང་། རྒྱ་ཏིང་ནི་དེ་ཉིད་ཀྱིས། རྒྱ་ཏིང་ཐོད་པ་ཟླུམ་ལ་ཁ་ཕྱར་ཐེག །ལ་ཐོད་མཚམས་སུ་དཀྲི་ཁ་འཁོར་ལོ་མ། །ནག་གམ་སེར་མདངས་གཡའ་སྡུག་སྐད་གཤིས་འབོལ། །ཞེས་བསྟན་པ་དང་། བལ་ཏིང་ནི། བལ་བོ་ཧོར་ཕལ་ལས་ཆེ་ཐོད་པ་ཕྱུར། །སེར་སྐྱ་སྲབ་ཅིང་སྙན་ཆ་ཆུང་པ་ཡིན། །ཞེས་བལ་ཏིང་ནི་ཧོར་ཏིང་གི་ནང་གསེས་ཕལ་བ་ལས་ཆེ་ཞིང་ཐོད་པ་ཕྱུར་བ་གང་ཞིག མདོག་ཀྱང་སེར་སྐྱ་ཡིན་པ་མ་ཟད། རྒྱུ་སྲབ་པས་སྙན་ཆ་ཆུང་བ་ཞིག་ཏུ་བསྟན་ཡོད། དེ་བཞིན་བོད་ཏིང་གི་སྐོར་ལ། ཡང་དེ་ཉིད་ཀྱིས། སྙེ་ཤང་ལ་སོགས་བོད་རྙིང་ཁ་དོག་ནག །སྐད་གཟེངས་མཐོ་ལ་སྙན་ཆ་ཆེ་བའོ། །ཟལ་མོ་སྒང་བ་ཐོད་པ་ཆུང་ལ་འདལ། །ལོ་མ་ཆེས་ཆེ་མཚམས་སུ་དཀྲི་ཁ་ཅན། །རྒྱུ་ཚོགས་ཆེ་ལ་སྐད་འབོལ་རྒྱང་གྲགས་ཆེ། །ཞེས་གསལ་བར་བསྟན་ཡོད་པའོ།།

སྤྱིར་ཏིང་ཤགས་ཡིན་ན་སྦུག་ལྟར་ཆ་གཅིག་ཡོད་ཀྱང་བརྡུང་ལུགས་ནི་ཁ་ཕྱིར་གཏད་དེ་གཡས་གཡོན་ཟུར་བརྡུང་བྱེད་པ་ལས་སྦུག་སིལ་བཞིན་དུ་ཁ་སྦྱོར་བྱས་ཏེ་དཀྲོལ་དུ་མེད་པ་དང་། ཁྱད་པར་རྭ་ཏིང་ཞེས་ཏིང་ཤགས་ཡ་གཅིག་དང་དེ་རྡུང་བྱེད་ཀྱི་རྭ་ཅོ་ཆུང་ངུ་ཞིག་ལྷན་དུ་ཡོད་པ་དེ་ནི་བསུར་གཏོང་སྐབས་སྤྱོད་སྲོལ་མཆིས་ཤིང་། །དཔེར་ན། སྔ་དྲོ་གཏོར་མ་གཏོང་སྐབས་མགྲོན་གོང་མ་རྣམས་ལ་སྙན་སེང་ཞུ་བྱེད་ལི་ཏིང་ཆ་གཅིག་བརྡུང་བ་དང་དགོང་དྲོ་བསུར་གཏོང་སྐབས་མགྲོན་འོག་མ་རྣམས་ལ་བརྡ་གཏོང་བྱེད་རྭ་ཏིང་བྱེད་སྤྱོད་པ་ལྟ་བུའོ། །མདོར་ན་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་པ་རྣམས་ཀྱིས་སྦྱིན་སོགས་ཕ་རོལ་ཕྱིན་པའི་ཆོས་ལ་ཉམས་ལེན་མཛད་ཆེད་ཟས་སྦྱིན་གཏོང་སྐབས་དམིགས་པ་འཁོར་གསུམ་མི་དམིགས་པའི་ཏིང་ངེ་འཛིན་གྱི་མཉམ་བཞག་གི་སྒོ་ནས་གཏོང་བའི་ཐབས་ཁྱད་པར་ཅན་ཞིག་ཡིན་ལ། ཏིང་ཤགས་ཞེས་པ་དེའང་ཏིང་ངེ་འཛིན་ཞེས་སུམ་བརྡུང་གི་སྒྲས་བླངས་པའི་སྒྲ་ཡིན་པས་དེ་ལྟར་ཐོག་པ་དང་། དེའི་སྒྲ་གསུམ་ལས་ཐོན་མི་ཆོག་པའི་གསུངས་རྒྱུན་ཡང་ཡོད་སྐད་དོ། །

12.པི་ཝང་།

པི་ཝང་ནི་རྒྱུད་ཅན་གྱི་རོལ་མོའི་རིགས་ཤིག་གི་མིང་། རྒྱ་སྐད་དུ་ཕིས་ཕ་ཟེར། རྒྱ་གར་སྐད་དུ། འེར་ཧུ་ཟེར་བའི་རོལ་མོ་རྒྱུད་ཅན་ལའང་པི་ཝང་ཟེར་བ་ཡོད་པར་གསུངས་ལ་སྔགས་ཆས་རྣམ་བཤད་ལས། བདུན་པ་པི་ཝང་ནི། ད་ལྟ་ཡུལ་གྲུ་ཀུན་ན་དར་སོ་ཆེ་བ་གླུ་བ་གླུ་མ་ཕལ་བ་དག་གིས་ཀྱང་སྦྲེང་བཞིན་པ་དེའོ། །ཚད་དབྱིབས་ཀྱང་མ་ངེས་པ་ཡུལ་གྱི་དབང་གིས་སྣ་ཚོགས་པ་ཞིག་ཡོད་ལ། སྔོན་ཆད་པི་ཝང་རྒྱུད་གཅིག་ཅེས་པ་དབྱུག་དུམ་ཁོང་སྟོང་གི་མར་སྣེར་ཟླུམ་གོར་ལ་པགས་པས་གཡོགས་ཤིང་རྩེ་བར་དུ་རྟ་རྔ་སོགས་ཀྱི་རྒྱུད་ཐག་ཕྲ་མོ་ཡོད་པ་ཞིག་ལ་སྦྲེང་སྤྱད་ཀྱང་གཞུ་ལྟ་བུའི་རྒྱུད་ཐག་ཡོད་པ་ཅན་ཞིག་ཡིན་འདུག དེ་ལས་གཞན་རྒྱུད་གསུམ་པ་དང་། དྲུག་པ་དང་དགུ་པ་དང་རྒྱུད་མང་པོ་ཅན་དང་རྒྱུད་སྟུག་སོགས་ཡོད་ལ་སོར་མོས་སྦྲེང་བ་དང་རྒྱུད་ཐག་གིས་སྦྲེང་བ་ལ་སོགས་པ་ཅི་རིགས་པ་ཞིག་ཡོད་དོ། །པི་ཝང་དང་། རྒྱུད་མངས། འཕང་འགྲོ། ཏམྦུ་ར་རྣམས་མིང་གི་རྣམ་གྲངས་སོ། །འོན་ཀྱང་པི་ཝང་རྒྱུད་གཅིག་པ་དང་རྒྱུད་མང་སོ་སོར་ཕྱེ་ཚེ་རྒྱུད་མངས་ཞེས་པ་སྤྱིའི་མིང་དུ་མི་འགྲོའོ། །བོད་ཡུལ་གྱི་གྲྭ་ས་རྣམས་ལ་སྒྲུབ་མཆོད་སོགས་སུ་པི་ཝང་སྦྲེང་བ་མ་དར་མོད། སྤྱིར་མདོ་སྔགས་གཉིས་ཀར་དབྱངས་ཀྱི་མཆོད་པ་རོལ་མོའི་གྲས་སུ་རྒྱ་ཆེར་བྱུང་བ་དང་། ཁྱད་པར་དུ་རྒྱུད་སྡེ་རྣམས་སུ་རྡོ་རྗེ་པི་ཝང་མ་ཞེས་མཆོད་པའི་ལྷ་མོའི་ཕྱག་ཆར་བསྟན་ཅིང་མཆོད་པ་དང་། ཚོགས་འཁོར་དང་། དཀྱིལ་འཁོར་བསྒྲུབ་པ་དང་། རིག་མ་མཆོད་པ་དང་། རབ་གནས་ལ་སོགས་པར་སྦྲེང་པར་ཡང་ཡང་བསྔགས་ཤིང་རོལ་མོའི་རྣམ་གྲངས་སུ་བསྟན་པ་ཡིན་ནོ། ། མངོན་བརྗོད་བླ་མ་ལས། པི་ཝང་གླིང་བུ་རྫ་རྔ་ཆེ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། པི་ཝང་རྒྱུད་མངས་རྫ་རྔ་དང་། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། པི་ཝང་དགུ་པོ་རྒྱུད་མངས་སྒྲ། །རོལ་མོ་ཀུན་གྱི་སྒྲ་ཆེན་པོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། གླིང་བུ་དང་ནི་རྒྱུད་གཅིག་དང་། །དེ་བཞིན་རྒྱུད་མངས་རྒྱུད་སྟུག་དང་། །ཞེས་དང་། གདན་བཞི་ལས། པི་ཝང་ཚུལ་དུ་བསྒྲེང་པ་དང་། །ཞེས་དང་། རྣལ་འབྱོར་མ་ཞིའི་ཁ་སྦྱོར་ལས། ལ་ལ་པི་ཝང་བསྒྲེང་བ་སྟེ། །ཞེས་དང་། ཟླ་གསང་ཐིག་ལེ་ལས། པི་ཝང་གླིང་བུ་བརྡབ་པ་དང་། ། ཞེས་དང་། རྣམ་སྣང་མངོན་བྱང་ལས། པི་ཝང་མདུང་ཐུང་མདའ་ཡང་རུང་། ཞེས་དང་། གསང་བ་རྒྱན་གྱི་བཀོད་པ་ལས། རྒྱུད་གཅིག་པི་ཝང་སྦྲེང་བ་བྲི། །རྡོ་རྗེ་པི་ཝང་སྦྲེང་བ་མོ། །པི་ཝང་རྒྱུད་གསུམ་སྦྲེང་བའི་རྒྱ། །པི་ཝང་རྒྱུད་གསུམ་སྦྲེང་བ་བྲི། །ཞེས་དང་། རྡོ་རྗེ་པི་ཝང་སྐལ་ཆེན་མ། །པི་ཝང་སྦྲེང་ལ་རབ་སྤྲོ་བོ། །ཞེས་སོགས་རྒྱུད་དུ་མ་ལས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

32.jpg

འབའ་གཞས་སུ་སྤྱོད་པའི་ཚོན་ལྡན་པི་ཝང་།

པི་ཝང་ཞེས་པ་ནི་ཡང་སྙིང་རོལ་ཆ་ཅི་ཞིག་ཡིན་མིན་ཐད་ལ་ད་བར་བཞེད་སྲོལ་སྣ་ཚོགས་བྱུང་པ་སྟེ།《སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག》ཅེས་པ་ལས། རྒྱ་གར་སྐད་དུ་ཏམྦུ་ར་ཞེས། བོད་སྐད་དུ་པི་ཝང་ངམ་རྒྱུད་མངས་དུ་གྲགས་པ། མདོ་སྔགས་རིག་བྱེད་ཐམས་ཅད་ནས་རླུང་ལྟར་གྲགས་ཤིང་། ལྷ་དང་དྲི་ཟ་ཀླུ་དང་མིའམ་ཅི་སོགས་མཐུ་བོ་ཆེ་ཕལ་ཆེར་ལོངས་སྤྱོད་རོལ་མོ། འཕགས་མ་དབྱངས་ཅན་མ་དང་། རྒྱལ་ཆེན་ཡུལ་འཁོར་སྲུང་གི་རང་རྟགས་ཕྱག་མཚན། ཐུབ་པའི་དབང་པོས་ཀྱང་སྐུ་དངོས་ཀྱི་གདུལ་བྱ་དྲི་ཟའི་རྒྱལ་བོ་རབ་དགའ་ལྷ་ཡི་གར་མཁན་དུ་སྤྲུལ་ནས་རྒྱུད་མངས་བརྡུངས་ནས་བཏུལ་བ་དང་། སྲི་ཞིའི་མཆོད་པ་ཚོགས་ཀྱི་དགའ་སྟོན་འབུལ་བའི་སྲོལ་གང་ལའང་བསྔགས་པའི་རོལ་མོ་ཞིག་གོ། ཞེས་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》འི་ནང་དུ་པི་ཝང་ནི་ཏམྦུ་རའམ་སྒྲ་སྙན་ཞེས་བྱུང་བ་དང་། དེ་ཡང་དེང་སྐབས་བོད་ཀྱི་རོལ་མོར་ཞིབ་འཇུག་བྱེད་མཁན་ཁ་ཅིག་དང་དཔེ་དེབ་ལ་ལའི་ནང་དུ་པི་ཝང་ཞེས་པ་འདི་བཞིན་རྒྱ་ནག་སྐད་དུ་ཧུའུ་ཆིན་དང་བོད་སྐད་དུ་ཙེར་ཙེར་དུ་འབོད་པ་དེ་རིགས་ལ་ངོས་འཛིན་པ་མང་། མ་གཞི་འདོད་ཚུལ་དེ་གཉིས་འགལ་བ་ལྟག་སྤྲོད་ལྟ་བུར་སྣང་ཡང་། ཞིབ་དུ་བསམ་ན་སྔ་མ་དེ་གཉིས་ནི་གཉུག་མའི་གོ་བ་ལྟར་བྱས་པ་ཞིག་ཡིན་ལ། ཕྱི་མ་ནི་དེང་དུས་ཀྱི་གོ་བ་ལྟར་བྱས་པ་ཞིག་ཡིན་པས། དེ་ལ་ཡུལ་དུས་དགོས་དབང་གི་ཁྱད་པར་འབྱེད་རྒྱུ་ཤིན་ཏུ་གལ་ཆེ། སྤྱིར་རོལ་མོའི་འཕེལ་རིམ་གྱི་ཆོས་ཉིད་སྟེང་ནས་བཤད་ནའང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ལག་རྩལ་དང་ཁ་འབྲལ་ཐབས་མེད་པ་ལྟར། རྡོ་དང་ཤིང་སོགས་བརྡུངས་པ་ལས་བརྡུང་པའི་རོལ་མོའི་ཐོག་མའི་རྣམ་པ་བྱུང་བ་དང་། ཤུ་སང་སི་སོགས་བུས་པ་ལས་འབུད་པའི་རོལ་མོའི་ཐོག་མའི་རྣམ་པ་བྱུང་བ། མདའ་འཕེན་སྐབས་གཞུ་བདུངས་པ་ལས་རྒྱུད་སྐྲོག་རོལ་མོའམ་སོར་དཀྲོལ་རོལ་མོའི་ཐོག་མའི་རྣམ་པ་བྱུང་བ། རྒྱུད་སྐྲོག་རོལ་མོར་སྨྱུག་མ་དང་གཞུ་སོགས་ཀྱིས་བརྡར་བ་ལས་རྒྱུད་བརྡར་རོལ་མོའམ་གཞུ་འཐེན་རོལ་མོའི་ཐོག་མའི་རྣམ་པ་བྱུང་པ་ལྟ་བུ་ཡིན་པས། ང་ཚོས་རོལ་མོའི་བྱེ་བྲག་གང་ཞིག་ལ་དཔྱད་ཞིབ་བྱེད་སྐབས་སྤྱིའི་ཆོས་ཉིད་དེ་ལྟ་བུར་སྣང་འཇོག་གིས་ཡུལ་དུས་དགོས་དབང་གི་ཁྱད་པར་དང་བསྟུན་ནས་སྡོམ་ཚིག་འཇོག་དགོས་པ་གལ་ཆེ་བ་ཡིན།

གཉུག་མའི་གོ་བ་ལྟར་གྱི་དབང་དུ་བྱས་ནས་སྤྱིར་པི་ཝང་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་ངོས་འཛིན་ཆོག་སྟེ། 《དུས་གསུམ་ནུབ་པ་མེད་པའི་མཚན་ཡོངས་སུ་གྲགས་པ》ཞེས་པའི་བོན་གྱི་དཔེ་རྙིང་ལས། དེ་ནས་འཁོར་དུ་གཏོགས་པ་རྣམས་ཀྱིས་སྟོན་པ་ལ། བླ་ན་མེད་པའི་མཆོད་པ་སྤྲིན་གྱིས་རྒྱན་ཞེས་བྱ་བ་ལ་བཤམས་ནས་ཕུལ་ཏེ། དེ་ཡང་ལ་ལ་ཞིག་ནི་དར་ཕྱར་རོ། །ལ་ལ་ཞིག་ནི་དུང་འབུད་དོ། །ལ་ལ་ཞིག་ནི་རྔ་བརྡུང་ངོ་། །ལ་ལ་ཞིག་ནི་གཤང་དཀྲོལ་ལོ། །ལ་ལ་ཞིག་ནི་པི་ཝང་དཀྲོལ་ལོ། །ཞེས་དང་། སྟོན་པས་ཀྱང་། འགྲོ་བ་སེམས་ཅན་གྱི་དོན་དུ་དགོངས་ནས། གདན་བཤམས་པ་ལ་དཀྱིལ་མོ་ཀྲུང་བཅས་ནས། ཕྱག་རྒྱ་མཉམ་པར་དཀྲོལ་ཅིང་ཏིང་ངེ་འཛིན་གྱིས། བདེ་བར་གཤེགས་པ་རུ་ཡུམ་འཁོར་དང་བཅས་པ་རྣམས་དབྱིངས་ནས་སྤྱན་དྲངས་པའི་ཆོ་ག་མཛད་དེ། འཁོར་རྣམས་ཀྱིས་གསེར་གཤང་ཁོ་མ་དྲིལ་ཆེན་དང་། གཡུ་རྔ་དིང་པ། དུང་པོ་ཨང་གྲགས་དང་། རྒྱུན་སྦུབ་དང་། ཅིང་དང་པི་ཝང་དང་། སྙན་པའི་སྒྲ་བསྒྲགས་ནས། ཞེས་སོགས་བྱུང་པའི་ཕྱིར་རོ། །དེ་ལྟར་སྟོན་པ་གཤེན་རབ་ནས་མཆོད་པའི་རྣམ་གྲངས་སུ་པི་ཝང་ཡོད་པ་མ་ཟད། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུའང་རྒྱུན་མཐུད་ཡོད་པ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཀྱང་། པི་ཝང་གླིང་བུ་རོལ་མོའི་ཚོགས་ཀྱིས་མཆོད། །ཅེས་བྱུང་པ་སོགས་བྱུང་ཞིང་། དེ་བཞིན《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས་ཀྱང་། ལྷ་ཅིག་ཀོང་ཇོ་གདན་འདྲེན་སྐབས་མཛངས་པའི་བུ་མོ་ཉེར་ལྔས་པི་ཝང་དཀྲོལ་བ་བྱུང་འདུག་རྣམས་ལས་པི་ཝང་ཞེས་པའི་རོལ་མོ་འདིར་ལོ་རྒྱུས་རིང་བོ་ཡོད་པ་ཤེས་ཐུབ་བོ། །

བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང་གཞུ་འཐེན་རོལ་མོ་བྱུང་བ་དང་སྦྲགས་པི་ཝང་ཞེས་པའི་ཐ་སྙད་འཇུག་ཡུལ་ལ་ཡང་འཕོ་འགྱུར་བྱུང་སྟེ། པི་ཝང་ཞེས་པ་ནི་གཞུ་འཐེན་རོལ་མོ་སྤྱིའི་མིང་དུ་ཆགས་ཤིང་། ཧ་ལམ་སྐབས་དེ་ཙམ་ནས་བཟུང་སྐྱས་སྤོས་འཚོ་བར་རོལ་བཞིན་པའི་བོད་མི་རིགས་ཀྱིས་རང་གི་ཐོད་སྐྱེད་འཚོ་བ་དང་འབྲེལ་བའི་འབྲོང་གཡག་གི་རྭའི་རྫ་མ་དང་། རྔ་རྩིད་ཀྱི་རྒྱུད་སྐུད། རྟ་རྔའི་གཞུ་སོགས་སྤྱོད་པའི་པི་ཝང་གཏོང་སྲོལ་བྱུང་བ་འདུག་ལ། དེ་ནས་རིམ་བཞིན་ལོ་རྒྱུས་དེབ་ཐེར་ནང་གཞུ་འཐེན་རོལ་ཆ་པི་ཝང་གི་སྐོར་འཁོད་པ་བྱུང་བ་སྟེ། 《རྡོ་རིང་པཎྜི་ཏའི་རྣམ་ཐར》དུའང་རིག་གནས་ལ་སློབ་སྦྱོང་བྱེད་པའི་བར་གསེང་དུ་སྒྲ་སྙན་དང་པི་ཝང་། གླིང་བུ་སོགས་ལ་སློབ་སྦྱོང་བྱས་པ་བཀོད་འདུག་པ་གསལ་བས། སོར་དཀྲོལ་རོལ་ཆ་སྒྲ་སྙན་དང་། གཞུ་འཐེན་རོལ་ཆ་པི་ཝང་། འབུད་གཏོང་རོལ་ཆ་གླིང་བུ་བཅས་མིང་སྨོས་པའི་སྒོ་ནས་སོ་སོར་བཀར་འདུག འོན་ཀྱང་སྐབས་དེ་ཤེད་ཀྱི་པི་ཝང་ནི་པི་ཝང་རྒྱུད་གཉིས་མའི་དབང་དུ་བྱས་ན་རྭ་པིའམ་དལ་ཆིངས་དང་། པི་ཝང་རྒྱུད་གསུམ་པའི་དབང་དུ་བྱས་ན་གན་ཆག་ལ་ངོས་འཛིན་དགོས་ཀྱི། དེང་སང་གི་པི་ཝང་ཆུང་བ་སྟེ་ཅིང་ཧུའུ་ལྟ་བུ་ལ་གོ་ན་མི་འགྲིག་སྟེ། རྒྱ་ནག་གི་ཅིང་ཧུའུ་ཞེས་པའི་རོལ་ཆ་འདི་བཞིན་རྗེས་སོར་བེད་སྤྱོད་པ་ལས་མ་འདས།

དེ་རྗེས་ལོ་རྒྱུས་འཕེལ་རྒྱས་སུ་ཕྱིན་ནས་ཉེ་རབས་སུ་སླེབས་རྗེས་པི་ཝང་ཞེས་པའི་ཐ་སྙད་འཇུག་ཡུལ་དེ་བས་ཆུང་དུ་སོང་ནས། སྤྱིར་རྒྱུད་གཉིས་ཅན་གྱི་རྒྱུད་འཐེན་རོལ་མོ་དང་། ཡང་སྒོས་དམངས་ཁྲོད་དུ་ཧུའུ་ཅིན་ནམ་ཙེར་ཙེར་ལ་བརྗོད་པ་ཡིན་པས། དམངས་ཁྲོད་ངག་རྒྱུན་དུའང་པི་ཝང་བཏང་ན་ཧུའུ་ཅིན་དང་ཙེར་ཙེར་སྤྲང་པོས་བཏང་ན་ཞེས་བྱུང་ཞིང་། དེ་ལས་ཧུའུ་ཆིན་དང་ཙེར་ཙེར་གཉིས་རྒྱ་སྐད་དང་བོད་སྐད་ཀྱི་ཁྱད་པར་ཙམ་ལས་དོན་དམ་ངོ་བོ་གཅིག་ཡིན་མོད། འོན་ཀྱང་བོད་ཀྱི་སྐུ་དྲག་ལ་ལ་ཞིག་ནི་ངོ་བསྟོད་སྤྲེལ་ལད་ལ་དགའ་བས་ཐ་སྙད་ཅིག་ཡིན་ན་ཡང་རྒྱ་དཀར་ནག་གང་རུང་གི་སྐད་ཀྱི་སྟེང་ནས་སྨོས་གང་ཐུབ་ཀྱིས་རང་རིགས་ཀྱི་ཕ་མེས་ཡང་མེས་ཀྱི་དུས་ནས་རྒྱུན་ཆགས་སུ་ཡོད་པའི་སྐད་ལ་ཕལ་སྐད་ཅེས་སྣང་ཆུང་བྱེད་ཚུལ་དེ་མཚོན་ཡོད།

བསྟན་པ་སྔ་དར་རམ་དེའི་གོང་གི་པི་ཝང་ནི་སོར་དཀྲོལ་རོལ་མོའི་རྣམ་གྲངས་ག་གེ་མོ་ཞིག་ལ་གོ་བ་དང་། བསྟན་པ་ཕྱིར་དར་རམ་དུས་ཕྱིས་ཀྱི་པི་ཝང་ཞེས་པ་དེ་ལ་ཡང་སྒྲ་ཡངས་འཇུག་དང་དོག་འཇུག་གི་ཁྱད་པར་ཕྱེས་ན་ལེགས་ཤིང་། དེ་ཡང་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། པི་ཝང་ནི་གཞུ་འཐེན་རོལ་མོ་སྤྱི་ལ་གོ་ཞིང་། དེ་ལ་ཡང་པི་ཝང་རྒྱུད་གཅིག་པ་དང་། རྒྱུད་གཉིས་མ། རྒྱུད་གསུམ་པ་བཅས་ཡོད་ལ། སྒྲ་དོག་འཇུག་གི་དབང་དུ་བྱས་ན། རྒྱུད་གཉིས་ཅན་གྱི་གཞུ་འཐེན་རོལ་མོ་འབའ་ཞིག་ལ་གོ་བས། དེ་ལ་ནི་རྭ་པི་དང་དལ་ཆིངས་གཉིས་སུ་མཆིས།

1.རྭ་པི།

རྭ་པི་ཞེས་པ་ནི་གཞི་རྐང་པི་ཝང་རྒྱུད་གཉིས་མ་ཡིན་པ་གང་ཞིག་རྫ་མ་ནི་འབྲོང་གཡག་གི་རྭ་ཅོ་ལས་བཟོས་པ་ཡིན་པས་རྭ་ཅོའི་པི་ཝང་ངམ་བསྡུས་མིང་ལ་རྭ་པུ་ཞེས་འབོད་པར་མ་ཟད། མདོ་ཁམས་ཡུལ་གྱི་ས་ཆ་ལ་ལར་འབྲོང་རྭའི་སྒྲ་སྙན་ཞེས་ཀྱང་འབོད་སྲོལ་ཡོད། པི་ཝང་དེའི་སྲིད་ཀྱི་རིང་ཚད་ནི་ལིའི་རྨིད་དྲུག་ཅུ་བདུན་ཅུ་ཙམ་བྱས་པ་གང་ཞིག་གཞི་རྐང་རྫ་མ་དང་། མདའ། རྒྱུད་སྐུད། གཞུ།  གཅུས་ཕུར། སྒ། ཐེམ་ཐག་བཅས་བཅས་ཆ་ཤས་དུ་མ་ལས་གྲུབ་པ་ཞིག་ཡིན་ཞིང་། དེ་ཡང་རྫ་མ་ནི་འབྲོག་གཡག་གི་རྭ་ཅོའི་སྦོམ་ས་ནས་བཅད་དེ་ཁ་ལ་ར་ལྤགས་བེའུ་ལྤགས་ཉ་ལྤགས་སོགས་གང་རུང་གིས་གཡོགས་པའི་མཐར་དངུལ་ཤན་ལྕགས་ཤན་སོགས་ཀྱིས་བརྒྱན་པ་དེ་འདྲ་དང་། མདའ་ནི་ཙན་དན་དང་སེང་ལྡེང་སོགས་ལས་བྱས་པ་གང་ཞིག་མདའ་མགོར་འབུར་བརྐོས་སྣ་ཚོགས་ཀྱིས་མཚན་པ། རྒྱུན་སྐུད་ནི་རྟ་རྔའམ་ཡང་ན་གཡག་གི་རྒྱུས་པ་ལས་བཟོས་པ། གཞུ་ནི་སྦ་སྨྱུག་གམ་ཤིང་སོགས་བཀུག་སྟེ་རྟ་རྔའམ་འབྲོང་གཡག་གི་རྔ་རྩིད་བཏགས་པ། སྒོ་ནི་སྟག་ཤིང་སོགས་ཤིང་རྒྱུ་མཁྲེགས་པའི་རིགས་ལས་བཟོས་པ། ཐེམ་ཐག་ནི་སྲིན་སྐུད་སོགས་རྒྱུ་སྤུན་མཁྲེགས་པའི་རིགས་ལས་བྱས་པ་ཞིག་ཡིན་པ་བཅས། མདོར་ན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཀྱང་། པི་ཝང་ཁྱོད་དང་ང་གཉིས། །མི་དགོས་རྒྱུ་ཞིག་མེད་ཀི །ཞེས་སོགས་དབྱངས་རྟར་དྲངས་ནས་གཏོང་སྲོལ་ཡོད་པ་ལྟ་བུའོ།།

གཞན་ཡང་རྭ་པི་ཡི་རྒྱུད་སྒྲིག་སྟངས་དང་དཀྲོལ་ཐབས་སྐོར་ལ། རྭ་པི་འདིར་བཞིན་པི་ཝང་རྒྱུད་གཉིས་པ་ཞིག་ཡིན་སྟབས། དེའི་རྒྱུད་སྒྲིག་སྟངས་ཀྱང་བོད་རིགས་དམངས་ཁྲོད་ཀྱི་གོམས་གཤིས་ལྟར5-2སྟེ་དཀྱུས་རིམ་ལྔ་ལྡན་གྱི་འབྲེལ་བ་དང་ལྡན་པར་སྒྲིག་སྲོལ་ཡོད་ཅིང་། དཀྲོལ་བའི་ཚེ་ནའང་ལག་གཡོན་པས་པི་ཝང་དང་གཡས་པས་གཞུ་མབཟུང་སྟེ། བྲང་ལག་མི་སྦྱོར་བར་ལྷོད་ཡང་དང་བཅས་དཀྲོལ་དགོས་པ་ཡིན་ལ། པི་ཝང་གི་སྒྲ་སྙན་མི་སྙན་ཚང་མའང་མཐེབ་རྒྱལ་གནད་དུ་འཁེལ་མིན་དང་གཞུ་འཐེན་འཁྲོལ་མིན་ལ་རག་ལས་པ་ཡིན་པས། དེ་ལུགས་གང་པི་ཝང་དོན་དུ་གཉེར་བ་དག་གིས་རྒྱུད་དང་། མཐེབ་རྒྱག གཞུ་འཐེན་སོགས་ཀྱི་གནས་ལུགས་བྱང་དུ་ཆུབ་པ་བྱ་རྒྱུགལ་ཆེའོ། །དེ་ཡང་མཐེབ་རྒྱག་ལ་ཆ་བཞག་ན། མཛུབ་མནན་དང་། ལྡེམ་མནན། མཐེབ་ཙག འདྲེད་ཤུད་ཟེར་བ་སོགས་ཡོད་ལ། མཛུབ་མནན་ལས6 7 1  3 4 5སྟེ་བུ་སྒྲ་རྣམས་དང་། ལྡེམ་མནན་ལས་འགྱུར་ཁུག  མཐེབ་ཙག་ལས་འདར་སྐད། འདྲེད་ཤུལ་ལས་ཤུར་སྒྲ་བཅས་ཐོན་པ་ཡིན། འོན་ཀྱང་དམངས་ཁྲོད་དུ་སྤར་གནས་སྤོ་བསྒྱུར་གྱི་གོམས་གཤིས་ཅང་མ་མཆིས། དེ་བཞིན་གཞུ་འཐེན་སྟངས་ལ་ཆ་བཞག་ན་ཡང་། བོད་རིགས་དམངས་ཁྲོད་དུ་རྒྱའི་ཧུའུ་ཆིན་ལྟར་གྱི་གཞུ་འཐེན་སྟངས་རྣམ་གྲངས་འདྲ་མིན་མང་པོ་མེད་ནའང་། སོ་སོའི་ཆོས་ཉིད་ལྟར་ཕར་འདེད་ཚུར་ཐེན་གཉིས་སུ་ཡོད་ལ། དབྱངས་འགྲོས་རེ་ལ་གཞུ་རེ་ལས་གཞུ་རེའི་ནང་དུ་དབྱངས་འགྲོས་སྦྲེལ་མར་གཏོང་སྲོལ་དཀོན་ནོ། །རྭ་པི་ལ་སྒྱུ་རྩལ་རང་བཞིན་གྱི་སྒོ་ནས་དབྱེ་ན། ཤིང་གི་པྲོ་པ་སྦྲགས་མར་ཡོད་པའི་པི་ཝང་དང་། བྲི་གཞས་སོགས་ལ་རམ་བུ་འདེགས་བྱེད་ཀྱི་པི་ཝང་ཁོ་ནའོ། །

དེ་བཞིན་ཤིང་གི་བྲོ་པ་སྦྲགས་མར་ཡོད་པའི་པི་ཝང་ལ་ཆ་བཞག་ན། གཞི་རྐང་རྭ་པི་ཡི་མདའ་འམ་གཞུང་རྟའི་ཐོད་ནས་གསང་ཐག་གཅིག་བཏང་སྟེ་དེའི་གཤམ་དུ་མི་ཆུང་རེ་ལ་གསང་ཐག་རེ་བྱས་པའི་སྨྱུག་མའམ་ལྕགས་ཀྱི་ཨ་ལོང་སྒོར་མོ་ཚངས་ཐིག་ལ་ལིའི་རྨིད12-15བར་བྱས་པ་ཞིག་བཏགས་ཏེ། པི་ཝང་གཏོང་སྐབས་གསང་ཐག་གློད་འཐེན་བྱས་པ་ལས་ཤིང་གི་གྲོད་པའམ་མི་ཆུང་རྣམས་ཀྱིས་གར་སྟབས་སྣ་ཚོགས་བསྒྱུར་ཚུལ་ཡོད། སྒྱུ་རྩལ་དེར་བྱང་ཆུབ་པ་བྱུང་ན་ཤིང་གི་བྲོ་པ་རྣམས་རྡོག་སྒྲ་གཅིག་དང་ཉམས་འགྱུར་གཅིག་ཏུ་གནས་ཡོང་པས་ངོ་མཚར་ཤིན་ཏུ་ཆེ་བ་ཡོད། མ་གཞི་ཤིང་གི་བྲོ་པ་དེ་རྣམས་ལ་ནི་སྤྱིར་བཏང་ལྔ་ལས་མེད་ཅིང་། དེ་དག་རྣམས་ཀྱི་ཆས་གོས་དང་རྣམ་འགྱུར་གཅིག་ཏུ་མ་ངེས་ཏེ་དེ་དག་ལ་བོད་ཀྱི་ས་གནས་སོ་སོའི་ཆོས་གོས་ཡོད་པ་ཕུད། སོག་པོའི་རྒྱན་གོས་རིགས་ཀྱང་འདུག དེ་བཞིན་ཤིང་གི་བྲོ་པ་སོགས་མེད་པའི་པི་ཝང་ཁོ་ན་ལ་ཡང་སོ་སོའི་ཐུན་མིན་ཉམས་འགྱུར་གྱི་ཁྱད་ཆོས་མང་པོ་ཡོད་དོ། །

42.jpg

པི་ཝང་རྒྱུད་དྲུག

2. དལ་ཆིངས།

དལ་ཆིངས་ནི་རྭ་པི་དང་འདྲ་བར་རྒྱུད་གཉིས་ཅན་གྱི་གཞུ་འཐེན་རོལ་མོ་ཞིག་སྟེ། 《ཀྲུང་གོའི་རོལ་མོའི་ཚིག་མཛོད》ནང་དང་བོད་ཀྱི་རོལ་མོ་བ་ཁ་ཅིག་གིས་བོད་ཀྱི་རོལ་མོའི་བྱེ་བྲག་ཅིག་ཏུ་འདོད། རོལ་ཆ་འདི་ནི་གཞི་རྐང་རྒྱ་རིགས་ཀྱི་ཧུའུ་ཆིན་རྒྱུད་གཉིས་པ་དང་འདྲ་མཚུངས་ཆེ་བ་གང་ཞིག་རྫ་མ་དང་མདའ། རྒྱུད་སྐུད། གཞུ། གཅུས་ཕུར། སྒ་སོགས་ཆ་ཤས་དུ་མ་ལས་གྲུབ་པ་ཞིག་ཡིན་ཞིང་། དེ་ཡང་རྫ་མ་ནི་ཤིང་དང་། ལྕགས། བ་སོ། སྨྱུག་སྡོང་སོགས་ལས་བྱས་ཤིང་ར་ལྤགས་དང་སྦྲུལ་ལྤགས་གང་རུང་ལས་བྱས་པར་མ་ཟད་དེའི་སྟེང་དུ་རུས་པའམ་གསེར་དངུལ་ཟངས་ལྕགས་གང་རུང་ལས་གྲུབ་པའི་ཚིགས་ཁེབས་གཡོགས་པ་ཞིག་དང་། རྒྱུད་སྐུད་གཉིས་པོ་ནི་དེ་སྔ་ཡིན་ན་ར་ལུག་གི་རྒྱུ་མའི་ནང་གི་སྐྱི་པགས་སྦ་མོ་དེ་དང་ཡང་ན་གཡག་གི་རྒྱུས་པ་གང་རུང་ལ་བཟོ་སྲོལ་ཡོད་ཀྱང་། ཕྱིས་རྒྱ་གར་རྒྱ་ནག་སོགས་ལས་བྱུང་པའི་རྒྱུད་སྐུད་ཀྱི་ཚབ་བྱེད་སྲོལ་ཡོད། དེ་བཞིན་གཞུ་ནི་སྦ་སྨྱུག་བཀུག་པའི་སྟེང་དུ་རྟ་རྔ་བཏགས་པ་ཞིག་ཡིན་ལ། གཅུས་ཕུར་ཡང་ཤིང་ལ་བུམ་གཟུགས་སོགས་བརྐོས་པ་མང་། སྒ་དང་ཐེམ་སྒ་གཉིས་པོ་ཡང་སྟག་ཤིང་སོགས་ཤིང་རྒྱུ་མཁྲེགས་རིགས་ལས་བྱས་པ་ཞིག་ཡིན་པ་བཅས། སོ་སོའི་བཟོ་ཁྱད་ཀྱི་དབང་གིས་ཆེ་ཆུང་ཚད་གཞི་གཅིག་ཏུ་མ་ངེས་ཀྱང་། ཡོངས་ཁྱབ་མཐུན་ཕྱོགས་དབང་དུ་བྱས་ན། རྫ་མའི་རིང་ཚད་ལ་ལིའི་རྨིད11-12ཙམ་དང་། རྫ་མའི་སྒོར་མོའི་ཚངས་ཐིག་ལ་ལིའི་རྨིད8ཙམ་དང་། གཞུང་རྟའམ་མདའ་ལ་ལིའི་རྨིད65དང་གཞུ་ལ་ལིའི་རྨིད80ཙམ་བྱས་པ་མང་། དེའི་རྒྱུད་སྒྲིག་སྟངས་ནི་དཀྱུས་རིམ་ལྔ་ལྡན་གྱི་འབྲེལ་བ་ལྡན་པ་སྟེ། 6-3ལྟ་བུར་སྒྲིག་སྲོལ་ཡོད་ཅིང་། དཀྲོལ་བའི་ཚེ་ནའང་གཞུ་ཆིངས་དལ་ཞིང་མཐེབ་རྒྱག་གནད་དུ་འཁེལ་བར་དཀྲོལ་དགོས་ལ། མཐེབ་རྒྱག་ཀྱང་གངོ་གསལ་རྭ་པི་ཡི་སྐབས་སུ་བཤད་པ་ལྟར་མཛུབ་མནན་དང་། ལྡེམ་མནན། མཐེབ་ཙག  འདྲེད་ཤུད་ཟེར་བ་སོགས་ཡོད་ལ། གཏོང་བའི་ཚེ་ན་འང་མཐེབ་གནས་སྤོ་བསྒྱུར་གྱི་རིགས་ཅང་མ་མཆིས།

དལ་ཆིངས་ཞེས་པའི་རོལ་ཆ་འདི་བཞིན་ལྷ་ས་དང་གཞིས་ཀ་རྩེ་སོགས་དབུས་གཙང་གི་ས་ཆ་ལ་ལས་མདོ་ཁམས་མངའ་རིས་སོགས་ཀྱི་ས་ཆ་གཞན་ལ་དར་སོ་མ་མཆིས། དེ་ཡང་གཙོ་བོར་གླུ་དང་སྟོད་གཞས་ནང་མའི་རོལ་དབྱངས་ལ་རམ་བུ་འདེགས་སྐབས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་སྟེ། དེ་སྔ་ནང་མའི་སྐྱིད་སྡུག་པ་རྣམས་ཀྱིས་སྡོད་གཞས་ནང་མའི་རོལ་དབྱངས་རྒྱས་པར་དཀྲོལ་གཏོང་བྱེད་པའི་སྐབས་སྒྲ་སྙན་ཆེ་འབྲིང་ཆུང་གསུམ་དང་། དལ་ཆིངས་གཉིས། པི་ཝང་ཆུང་པ་གཅིག ཡང་ཆིན་གཅིག གཡེར་ཁ་དང་ཏིང་ཤགས་བཅས་སྒྲིག་གཤོམ་བྱེད་སྲོལ་ཡོད་ལ། མཉམ་དུ་དཀྲོལ་གཏོང་བྱེད་པའི་ཚེ་ན་ཡང་སྒྲ་སྙན་གྱིས་ཆུ་ནང་ཉ་མོ་འཁྱུག་ལྟར་སྒྲ་དམའ་སར་འཁོར་བ་དང་། དལ་ཆིངས་ཀྱིས་རི་ལྡེབས་ལ་རི་དྭགས་རྒྱུག་པ་ལྟར་སྒྲ་བར་མར་འཁོར་བ། ཡང་ཆིན་གྱིས་ནམ་མཁར་བྱ་འཕུར་བ་ལྟར་སྒྲ་མཐོ་དམའ་བར་གསུམ་ལ་རམ་འདེགས་སྐོར་བྱེད་སྲོལ་ཡོད།

གཞི་རྐང་དལ་ཆིངས་ཞེས་པའི་རོལ་ཆ་འདི་བཞིན་གར་གླུ་དང་སྟོད་གཞས་ནང་མར་རམ་འདེགས་འབའ་ཞིག་བྱེད་པའི་རོལ་མོའི་བྱེ་དྲག་ཅིག་ཡིན་པས། དཀྲོལ་གཏོང་བྱེད་སྟངས་ཀྱང་ཙོག་པུར་རམ་ཁྱེལ་འདུག་བྱས་ཏེ་གཏོང་བ་ལས་རྭ་པི་ལྟར་འགྲོ་བའམ་ལངས་ཏེ་གཏོང་བའི་རིགས་མ་མཆིས་སོ། །

13.གན་ཆག

གན་ཆག་ཅེས་པ་ནི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན་ཞིང་། དེ་བོད་དུ་ནམ་བྱུང་གི་སྐོར་ལ་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་བ་སྟེ། དེང་རབས《བོད་ཀྱི་རོ་མོའི་རྣམ་བཤད》ཅེས་པའི་རྒྱ་ཡིག་གི་དཔེ་དེབ་དེ་ལས། དེའི་སྐོར་ལ་ཤོད་རྒྱུན་གཉིས་ཙམ་ཡོད་དེ། གཅིག་ནི་རོལ་ཆ་འདི་ཏཱ་ལའི་བླ་མ་ལྔ་བ་ཆེན་པོའི་སྐབས་ལ་ལ་དྭགས་ནས་བོད་དུ་དར་བར་བཤད་ཅིང་། དེའི་གཞི་འཛིན་ས་ནི་གན་ཆག་འདི་ནི་ཨ་རབ་མི་རིགས་ཀྱི་རོལ་མོའི་བྱེ་བྲག་ཅིག་ཡིན་སྟབས། ལ་དྭགས་དབྱི་སི་ལན་ཆོས་ལུགས་ཅན་དུ་བསྒྱུར་རྗེས་ཨ་རབ་རིག་གནས་དང་དུ་བླངས་པ་དང་སྦྲགས་གན་ཆག་ཀྱང་ཁྱིམ་མཚེས་དབྱི་སི་ལན་རྒྱལ་ཁབ་ནས་ལ་དྭགས་དེ་ནས་བོད་དུ་དར་བར་འདོད་པ་དང་། ཅིག་ཤོས་ནི་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོལ་མོའི་བྱེ་བྲག་དེའི་སྐོར་ལ་བཞག་པའི་ཆོད་སྡོམ་སྙན་ཞུའི་ནང་རོལ་མོ་འདི་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་བོད་དུ་བསྣམས་ཕེབས་ཞེས་འཁོད་ཡོད་པ་དེའོ། དེ་མིན《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཚིག་མཛོད》དང《ཀྲུང་གོའི་རོལ་མོའི་ཚིག་མཛོད》སོགས་ཀྱི་ནང་དུ་དེ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་བའི་དུས་ལ་ལ་དྭགས་ནས་དར་ཞིང་། གར་པའི་ནང་དངོས་སུ་བེད་སྤྱོད་བྱས་ནས་ད་བར་བགྲང་བྱ་སུམ་བརྒྱ་ལྷག་ཙམ་ཕྱིན་ཡོད་ཚད་བཀོད་འདུག དེ་ལ་སོགས་པའི་ལོ་རྒྱུས་ཡིག་ཆ་མང་པོར་གཞིགས་ན། གན་ཆག་ཅེས་པའི་རོལ་ཆ་འདི་ཡང་གར་གྱི་རོལ་མོའི་བྱེ་བྲག་གཞན་ཞིག་དང་འདྲ་བར་ལ་དྭགས་ཁུལ་ནས་རིམ་བཞིན་གཙང་དང་དབུས་ཕྱོག་སུ་དར་བར་སེམས་ལ། རོལ་ཆ་འདི་རྒྱུད་མང་ཉུང་ལ་མ་ལྟོས་བར་ཨ་རབ་དང་། ཏ་ཟིག  ཐུར་ཁེ་སོགས་སུ་དར་ཁྱབ་ཡོད་པ་མ་ཟད། ས་ཆ་དེ་དག་དུ་ཡང་རོལ་མོའི་བྱེ་བྲག་དེར་གན་ཆག་ཅེས་འབོད་སྲོལ་ཡོད་པ་བཅས་ལ་གཞིགས་ན། རང་རེའི་གན་ཆག་འདི་ཡང་ས་ཆ་དེ་དག་ནས་ལ་དྭགས་བརྒྱུད་བོད་དུ་དར་ཡོང་བ་ཞིག་ཡིན་པ་གོར་མ་ཆག་ལ། བོད་དུ་དར་རྗེས་སུ་ཡང་རང་རང་སོ་སོའི་དགོས་དབང་གི་བབས་དང་བསྟུན་ནས་འགྱུར་བ་སོང་ཡོད་པ་ཞིག་རེད།

དེ་བཞིན་གན་ཆག་གི་དབྱིབས་དང་བཟོ་བཀོད་ནི། སྤྱིར་ཨ་རབ་ཡུལ་དུ་དར་བའི་གན་ཆག་གི་རྫིང་ངམ་རྫ་མ་ནི་བེ་ཏའི་འབྲས་བུའི་ཤུན་པ་ཕྱེད་བཤགས་བཏང་པའི་ཕྱེད་ཆ་གཅིག་ལས་གྲུབ་པ་ཞིག་ཡིན་པ་ཕུད། དེ་བྱིངས་གཞུང་ངམ་མདའ་དང་། གཅུས་ཕུར། སྒ་བཅས་ཤིང་ལས་གྲུབ་ཚུལ་བོད་དང་གཅིག་མཚུངས་ཡིན་ལ། རྫིང་ངམ་རྫ་མའི་ཁར“ཏི་པི”ཞེས་ར་ལུགས་དང་སྦྲུལ་སོགས་ཀྱི་པགས་པ་གཡོགས་ཚུལ་དང་། གཞུ་ཡང་སྨྱུག་མ་དང་རྟ་རྔ་ལས་གྲུབ་པ་གཅིག་མཚུངས་ཡིན་པ་བཅས། མདོར་ན་གན་ཅག་གང་ཞིག་ཡིན་རུང་ར་མ་དང་། མདའ། རྒྱུད་སྐུད། གཞུ། གཅུས་ཕུར། སྒ་སོགས་ཆ་ཤས་དུ་མ་འདུས་པ་ལས་གྲུབ་པ་ཞིག་ཡིན་ནོ། །

གཞན་ཡང་རང་རེ་བོད་ཀྱི་གན་ཆག་གི་སྤྱོད་ཁུངས་དང་དཀྲོལ་ཐབས་སྐོར་ལ། དེ་སྔ་ཡིན་ན་མཆོད་སྤྲིན་གར་བ་ཁོ་ནས་མ་གཏོགས་བེད་སྤྱོད་སྲོལ་མེད་པའི་རོལ་མོ་ཞིག་ཡིན་རུང་། ཕྱིས་དུས་ཀྱི་འགྱུར་བ་ལ་བརྟེན་ནས་སྐབས་འགར་དམངས་ཁྲོད་གླུ་གར་སྟོད་གཞས་ནང་མ་སོགས་ཀྱི་རམ་དཀྲོལ་རོལ་ཆའི་ཁོངས་སུ་གཏོགས་པ་ཞིག་ཡིན་སྟབས། དེར་དམིགས་བསལ་བཀའ་ཤག་རང་ནས་དོ་དམ་བྱེད་པར་མ་ཟད། གར་གྱི་ཆེད་ལས་མི་སྣ་གར་ཕྲུག་ཆེད་འགུགས་བགྱི་སྐབས་བཀའ་ཤག་རང་ནས་དམིགས་བསལ་བཀའ་རྒྱ་གཏོང་སྲོལ་ཡོད་ཅིང་། གར་ཆས་སོགས་རྩིས་ལེན་རྩིས་སྤྲོད་བྱེད་སྐབས་བཀའ་ཤག་གི་སྐུ་ཚབ་བཀའ་ཤག་ཤོད་པ་དང་། ཞོལ་ལས་ཁུངས་ཀྱི་སྐུ་ཚ་གཉེར་ཆུང་གཅིག་ཕེབས་སྲོལ་ཡོད་ལ་ཐད་ཀའི་འགོ་ཁྲིད་སྐབས་སོ་སོའི་གར་དཔོན་ལས་ཐོག་དང་མཛད་སྒོའི་སྐབས་རྩེ་མཁན་མགྲོན་ཆེན་མོ་ནས་གནང་སྲོལ་ཡོད་པ་བཅས་མཆོད་སྤྲིན་གར་པའི་སྒྲིག་གཞི་དང་དོ་དམ་ཧ་ཅང་ཚགས་ཚུད་ཅིང་གནས་བབས་དམིགས་བསལ་ཡིན་པ་སོགས་ལས། དམངས་ཁྲོད་དུ་དར་ཁྱབ་དེ་ཙམ་མ་བྱུང་བར་སྙམ། དེ་ཡང་སྟོད་གཞས་ནང་མའི་རོལ་མོའི་བྱེ་བྲག་གི་ཁོངས་སུ་གན་ཆག་གཏོང་སྲོལ་ཆགས་པའི་ཐོག་མའི་དུས་ནི་སྤྱི་ལོ1956 ལོར་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཙུང་ལི་གཞོན་པ་ཁྲིན་དབྱི་ཡོད་དུ་ཡོང་སྐབས་བསུ་མ་ཞུ་བའི་གསོལ་སྟོན་སྐབས་གར་པས་ནང་མའི་སྐྱིད་སྡུག་གི་ཚབ་ལྟ་བུ་བྱས་ཏེ་སྟོད་གཞས་ནང་མ་སོགས་དམངས་ཁྲོད་རོལ་དབྱངས་གཏོང་དཀྲོལ་བྱེད་པའི་སྐབས་སུ་ཡིན་ནོ་ཞེས་རྒན་རབས་རྣམས་ཀྱི་ངག་ལས་ཐོས། དེ་ལྟ་བུའི་གན་ཆག་དཀྲོལ་བའི་ཚེ་ནའང་སྔར་ཡིན་ན་དཀྲོལ་བ་པོ་དེ་ཉིད་གདན་སྟེང་སྐྱིལ་ཀྲུང་བཅས་ཏེ་སྡོད་དགོས་སྟབས། རྫ་མའི་འོག་གི་ལྕགས་ཀྱི་རྐང་པ་དེ་ཉིད་ས་ལ་བཙུགས་ཏེ་དཀྲོལ་བར་བྱེད་ལ། ཕྱིས་ཕྱིའི་ཆ་རྐྱེན་དང་ནང་གི་ཀུན་སྤྱོད་སོགས་ལ་འགྱུར་བ་བྱུང་སྟབས། དཀྲོལ་བ་པོ་དེ་ཉིད་རྐུབ་སྟེགས་སྟེང་ཁྱེལ་འདུག་བྱས་ཏེ་སྡོད་གཤིས་སྔར་གྱི་རྐང་བ་ཨང་སྟན་དུ་བཅོས་ནས་པུས་མོ་གཡོན་པའི་སྟེང་དུ་བཞག་ནས་གཏོང་སྲོལ་ཆགས། དེ་ལྟར་གན་ཆག་དཀྲོལ་གཏོང་བྱེད་པའི་ཚེ་ནའང་ལག་གཡོན་པས་གན་ཆག་དང་ལག་གཡས་པས་གཞུ་བཟུང་སྟེ་བྲང་ལག་མི་སྦྱོར་བར་ལྷོད་ཡང་དང་བཅས་པས་དཀྲོལ་དགོས་ལ། དཀྲོལ་ཚུལ་ཡང་པི་ཝང་རྒྱུད་གཉིས་པ་དང་མི་འདྲ་བར་གན་ཆག་དང་གཞུ་གཉིས་ཕན་ཚུན་སྟབས་བསྟུན་པའི་སྒོ་ནས་ཕར་གཅུ་ཚར་གཅུ་བྱས་ཏེ་དཀྲོལ་དགོས་ཤིང་། གན་ཆག་གི་སྒྲ་སྙན་མི་སྙན་ཚང་མའང་མཐེབ་རྒྱག་དང་གཞུ་འཐེན་གནད་དུ་ཁེལ་མིན་དང་འཁྲོལ་མིན་ལ་རག་ལས་པ་ཡིན་ན། དེ་ལུགས་རྒྱུད་དང་། མཐེབ་རྒྱག  གཞུ་འཐེན་སོགས་ཀྱི་གནས་ལུགས་ཁོང་དུ་ཆུད་དགོས། དེ་ཡང་མཐེབ་རྒྱག་ལ་ཆ་བཞག་ན། མཛུབ་མནན་དང་། ལྡེམ་མནན། མཐེབ་ཙག འདྲེད་ཤུད་ཟེར་བ་སོགས་ཡོད་ལ། གཏོང་བའི་ཚེ་ནའང་སྤར་གནས་སྤོ་སྒྱུར་གྱི་རིགས་ཅང་མ་མཆིས་སོ། །

14.རེ་མ།

རེ་མ་ཞེས་པ་ནི་འཐེན་དཀྲོལ་རོལ་མོའི་རྣམ་གྲངས་ཤིག་སྟེ། དེ་ནམ་བྱུང་གི་ལོ་རྒྱུས་ཞིབ་པར་མི་གསལ་ཡང་འབྲེལ་ཡོད་རོལ་མོར་ཉམས་ཞིབ་གནང་མཁན་ཚོས་ཉིང་ཁྲི་ས་ཁུལ་རྨེ་རུ་ཤང་གི་ཨ་ཕོ་བློ་བརྟན་ལ་བཅར་འདྲི་ཞུས་འབྲས་སུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་དོ། །དེ་ཡང་ནང་དུ་སྤུན་བཅུག་སྟེ་ཕར་འཐེན་ཚུར་འཐེན་བྱེད་པའི་ཐགས་སྤྱད་སྒྲོམ་བུའམ་དྭགས་ཀོང་ཡུལ་སྐད་དུ་རེ་མ་ཞེས་པའི་དབྱིབས་དང་འདྲ་བས་རེ་མ་ཞེས་སུ་བརྗོད། དེ་ནི་དྭགས་ཀོང་རྒྱུད་ལས་བོད་ཀྱི་ས་ཆ་གཞན་ལ་དར་སོ་མེད་ཀྱང་། རྒན་རབས་རྣམས་ཀྱི་གསུངས་རྒྱུན་ལྟར་ན། དེ་སྔ་དྭགས་ཀོང་རྒྱུད་ནས་འཚོ་ཐབས་ཞན་པའི་དམངས་ཁྲོད་སྒྱུ་རྩལ་པ་འགའ་རེས་དབུས་ཕྱོགས་ལྷ་སའི་སྲང་ལམ་ག་གེ་མོ་ཞིག་ཏུ་རེ་མ་ལ་བརྟེན་ནས་དྭགས་ཀོང་ཁུལ་གྱི་དམངས་གཞས་འདྲ་མིན་གཏོང་སྲོལ་ཡོད་པ་མ་ཟད། སྐབས་འགར་མཉམ་དུ་གཏོང་ངམ་ལོགས་དགར་གཏོང་ངམ་ཞེས་པ་ལ་སོགས་པའི་མི་སྐད་སྣ་ཚོགས་བསྒྱུར་སྲོལ་ཡོད་སྐད། རོལ་ཆ་དེ་གཏོང་མཁན་གྱི་སྒྱུ་རྩལ་པར་ཆ་བཞག་ན། སྐྱེས་པ་ཡོད་ལ་བུད་མེད་ཀྱང་ཡོད་མོད། དེང་ང་ཚོའི་མཐོང་ཆོས་སུ་གྱུར་བ་ནི་ཉིང་ཁྲི་ས་ཁུལ་རྨེ་རུ་ཤང་གི་ཨ་ཕ་བློ་བསྟན་གྱིས་དཀྲོལ་གཏོང་བྱེད་མྱོང་པའི་རེ་མ་དེ་ཁོ་ན་ཙམ་དུ་ཟད། ཁོང་གི་ཁྱིམ་དུ་ཉར་ཚགས་བྱས་པའི་རེ་མ་དེ་ཉིད་ལ་དཔེ་བལྟས་ནས་ཉིང་ཁྲི་ས་ཁུལ་རིག་རྩལ་ཚོགས་པ་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་གསར་བཟོ་བྱས་ཡོད་ལ། ཁྱད་པར་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ལེགས་བཅོས་ཅུང་ཟད་བགྱིས་ཏེ་ཁེར་གཏོང་སོགས་བྱས་པར་འབྲེལ་ཡོད་རོལ་མོར་ཉམས་ཞིབ་བྱེད་མཁན་ཚོས་དགའ་བསུ་ཐོབ་ཡོད།

འོ་ན་རེ་མ་ཞེས་པའི་རོལ་ཆ་དེའི་དབྱིབས་དང་བཟོ་བཀོད་ཇི་ལྟར་ཡོད་ཅེ་ན། དེ་ཡང་སྒྲ་སྙན་ལྟར་ཤིང་རྒྱུ་ལེགས་གྲས་ལ་བརྐོ་བཟོ་བྱས་པ་ཞིག་ཡིན་ལ། གཞུང་ལ་རིང་ཚད་ལིའི་རྨིད50—60ཡོད་ཅིང་། མས་ནས་བརྩིས་པའི་གསུམ་ཆ་གཉིས་ཀྱི་ཆར་པགས་པས་གཡོགས་པ་དང་། པགས་པའི་སྟེང་སྒ་མཚམས་ནས་ཡར་རིམ་བཞིན་སྐར་མ་སྨིན་དྲུག་ལྟར་གྱི་བུ་ག་ཆུང་ངུ་དྲུག་ཡོད་པ་དང་། སྟོད་ཀྱི་གསུམ་ཆ་གཅིག་པོ་དེར་ཁ་ཤིང་གཡོགས་ཡོད་པ་དང་། མཐེབ་རྒྱག་ས་ཡང་ཐེམ་སྐས་མཚམས་སུ་ཡོད། ཐེམ་སྒའི་ཐད་དུ་རྟ་མགོ་ཡོད་ཅིང་། རྟ་མགོའི་རྒྱབ་ཏུ་རྒྱུད་གཞོང་དྲུས་ཡོད་པ་དང་། དེའི་སྟེང་གཅུས་ཕུར་བསྒར་སའི་བུ་ག་གསུམ་ཡོད་པ་དེའི་ཐོག་ཤིང་གི་གཅུས་ཕར་རེ་བསྒར་ཡོད། རྒྱུད་སྐུད་དེ་ཡང་རྟ་རྔ་ལས་གྲུབ་ཅིང་། སྒྲ་སྒྲིག་སྟངས་ནི་སྒྲ་སྙན་བསགས་སྒྲིག་ལྟར་ཡིན།

དེ་ཡང་གན་ཆག་ལྟར་གཞུ་འཐེན་ཏེ་དཀྲོལ་བའམ་ཡང་ན་སྒྲ་སྙན་ལྟར་སེན་ལྡེ་སྐྲོག་སྟེ་དཀྲོལ་བ་སོགས་གང་རུང་བྱེད་སྲོལ་ཡོད་ལ། དངོས་སུ་དཀྲོལ་བའི་ཚེ་ན་ལག་གཡས་སུ་རེ་མ་དང་གཡོན་དུ་གཞུ་བཟུང་སྟེ་ལྷོད་ཡང་དང་བཅས་པས་དཀྲོལ་དགོས་ཤིང་། གཞི་རྩའི་དཀྲོལ་ཐབས་དམར་ཁྲིད་ལག་ལེན་ལམ་ནས་ཤེས་པར་བྱ་རྒྱུ་ལས་འདིར་ཞིབ་པར་བརྗོད་དཀའ་བར་འདུག་གོ །

15.ཡང་ཆིན།

ཡང་ཆིན་ནི་རྒྱུད་རྡུང་རོལ་མོའི་རྣམ་གྲངས་ཤིག་སྟེ། «ཀྲུང་གོའི་རོལ་མོའི་ཚིག་མཛོད» ཅེས་པའི་རྒྱ་ཡིག་གི་དཔར་མའི་ཤོག་ངོས450ནང་དེའི་མིང་གི་རྣམ་གྲངས་ལ་དྷ་ཆིན(打琴)ཞེས་ཟེར། དེའི་སྔོན་གྱི་གཟུགས་ནི་པར་སིག་དང་ཨ་རབ་རྒྱུད་དུ་དར་སོ་ཆེ་བའི་གནའ་རབས་རྒྱུད་རྡུང་རོལ་མོ་ཡིན་སྐད་ཅེས་བྱུང་འདུག དེ་ལྟར་ཨ་རབ་ཡུལ་གྲུར་དར་ཁྱབ་ཆེ་བའི་དམིགས་བསལ་རོལ་མོ་ཆན་ལུན་ཞེས་པ་སྐས་དབྱིབས་གཟུགས་ཅན་དེར་དཔེ་བལྟས་ནས་རིག་པས་བསྐྲུན་པ་ཞིག་ཡིན་པ་གོར་མ་ཆག དེ་ཡང་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དུ་ཀྲུང་གོའི་ལྷོ་ཕྱོགས་མཚོ་རྒྱུད་ས་ཁུལ་གྱི་ཀོང་ཏུང་སོགས་སུ་ཐོག་མར་དར་ཞིང་དེ་ནས་རིམ་བཞིན་པེ་ཅིང་། སི་ཁྲོན། ཡུན་ནན་སོགས་རྒྱ་ནག་གི་ས་ཆ་རྣམས་སུ་དར་ཁྱབ་བྱུང་སྟེ་ཟློས་གར་དང་གཞས་མ་གཏམ་གྱི་རམ་དཀྲོལ་རོལ་ཆ་གལ་ཆེ་གྲས་ཤིག་ཏུ་གྱུར་ཞིང་། འཆད་གྱེར་སྒྱུ་རྩལ་གྱི་རྣམ་གྲངས་འགའ་རེར་ཡང་ཆིན་གྱི་མིང་འབྲེལ་བྱུང་པ་སྟེ་སི་ཁྲོན་ཡང་ཆིན་དང་ཡུན་ནན་ཡང་ཆིན་ཟེར་བ་ལྟ་བུ་མང་། རང་རེའི་བོད་ལ་ཆ་བཞག་ན། ཡང་ཆིན་ཞེས་པའི་རོལ་མོའི་རྣམ་གྲངས་འདིའི་སྲོལ་འབྱེད་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་ཡིན་ཏེ། ཁོང་ཉིད་ཀྱིས་མཛད་པའི«དགའ་བཞི་བའི་མི་རབས་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ» ཞེས་པ་ལས། རྒྱ་ནག་འདི་ཀླུའི་རིགས་ལ་སོང་གཤིས་འབྱོར་བ་ཆེ་ཞིང་ལྟད་མོའི་རྣམ་གྲངས་མང་པ། ལྷག་དོན་རོལ་མོའི་བྱེ་བྲག་སྣ་ཚོགས་དེ་ཀུན་གདངས་འགྱུར་སྙན་ཞིང་ཤིན་ཏུ་ངོ་མཚར་ཆེ་བ་འདུག་སྟབས། དེ་སྔ་ཕན་བོད་དུ་མ་དར་བའི་རོལ་དཔྱད་གྲས་དབང་པོ་ལག་པའི་དབྱིབས་ཅན་རྒྱ་སྐད་དུ་ཞིང་ཟེར་བ་ཡང་བརྔས་འཁྲི་འདྲ་བ་རྒྱ་སྐད་དུ་ཡན་ཅིན་ཟེར་བ་དེ་གཉིས་ཀྱི་སྐད་གནས་འཚོལ་ལུགས་ནས་བཟུང་། གདངས་འགྱུར་གྱི་བར་སློབ་སྦྱོང་བྱས་དུས་ཡན་ཆིན་གཏོང་ལུགས་ཧ་ལམ་ཤེས་ནས། ཤིང་དུ་འབོད་པ་དེ་བསླབ་འགོ་ཚུགས་ཙམ་ལ་ཁོ་བོ་ལ་འབྲུམ་པས་ན་པས། བསླབ་མ་ཐུབ། དེང་དུས་བོད་དུ་མངའ་རིས་སྒྲ་སྙན་དང་ལྷན་ཅིག་རྒྱའི་ཡན་ཆིན་དང་། འཕྲེད་གླིང་གཉིས་བཅམས་ནས་གཏོང་སྲོལ་ཐོག་མའི་ལག་ཁྲིད་ཀྱི་རྒྱུན་འཛུགས་པའི་བྱེད་པོ་ནི་ཁོ་བོ་ལགས་ཞེས་བྱུང་བས་ཤེས་ཐུབ་བོ། །དེ་ཡང་རང་རེའི་བོད་དུ་ཡང་ཆིན་ཞེས་པའི་རོལ་མོ་འདི་དར་བའི་དུས་ནི་དུས་རབས་བཅོ་བརྒྱད་པའི་ལོ་རབས་དགུ་བཅུ་བའི་ནང་ཡིན་པ་ཡང་ཤེས་ཐུབ། དེ་ཡང་དུས་དེ་ཙམ་ནས་བཟུང་རང་ཅག་ཁ་བ་རི་པའི་ཡིད་རྣའི་དགའ་སྟོན་འགུག་པའི་རོལ་མོའི་བྱེ་བྲག་ནང་ཡང་ཆིན་ཞེས་པའི་རྒྱུད་མངས་ཕྱེ་མ་ལེབ་དེ་ཉིད་གསར་དུ་འཕར་སྣོན་བྱུང་ཞིང་། ཕྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཆུ་ཐིགས་ཆུར་འདྲེས་པ་བཞིན་བོད་ཀྱི་དམངས་ཁྲོད་གླུ་གར་ལས་སྟོད་གཞས་ནང་མའི་རོལ་མོའི་བྱེ་བྲག་གལ་ཆེན་ཞིག་ཏུ་གྱུར།

ཡང་ཆིན་ནི་ཕྱི་འོང་རོལ་མོའི་གྲས་ཤིག་ཡིན་པས་བོད་ལ་དམིགས་བསལ་བཟོ་རྒྱུན་མེད་ན་ཡང་། དེའི་སྤྱིའི་དབྱིབས་དང་བཟོ་བཀོད་ནི། གཞི་རྐང་ཡང་ཆིན་ནི་སྒྲ་སྒམ་དང་། རྒྱུད་སྐུད། གཅུས་གཟེར། སྒ་སོགས་ཆ་ཤས་དུ་མ་ལས་གྲུབ་ཅིང་། སྒྲ་སྒམ་ནི་ཤིང་སྒམ་སྐས་དབྱིབས་ཅན་ཞིག་ཡིན་ལ། རྒྱུད་སྐུད་ཀྱང་ལྕགས་སྐུད་དང་ཟངས་སྐུད་གཉིས་སུ་ཡོད་པ་དང་། གཅུས་གཟེར་ནི་ལྕགས་གཟེར་ཡིན་ཞིང་དེ་ལ་རྟེན་གཟེར་དང་སྒྲིག་གཟེར་གཉིས་སུ་ཡོད་པ་དང་། རྟེན་གཟེར་ནི་སྒྲ་སྒམ་གྱི་གཞོགས་གཡོན་དུ་གནས་ཤིང་རྒྱུད་འདོགས་སའི་མ་རྟེན་ཡིན་ལ། སྒྲིག་གཟེར་ནི་སྒྲ་སྒམ་གྱི་གཞོགས་གཡས་སུ་གནས་ཤིང་དེ་ལ་བརྟེན་ནས་རྒྱུད་སོ་སོའི་སྒྲ་སྒྲིག་པ་ཡིན། དེ་ཡང་སྒྲ་སྒྲིག་སྐབས་ལྡེ་མིག་རྒྱག་དགོས་ལ། ལྡེ་མིག་ནི་སྒྲིག་གཟེར་གྱི་སྦོམ་ཕྲ་དང་འཚམས་པའི་ལྕགས་གུག་གུག་ཅིག་གམ་ཡང་ན་ཤིང་གི་ཨ་མཆོག་ཚག་ལྡན་དེ་འདྲ་ཡོད་འདུག སྲོལ་རྒྱུན་གྱི་ཡང་ཆིན་ལ་ཆ་བཞག་ན། སྒ་སྟར་གཉིས་པ་གཙོ་སྒ་སྒ་མིག་བརྒྱད་ཅན་དང་། སྒྲ་སྟར་གཉིས་པ་གཙོ་སྒ་སྒ་མིག་བཅུ་ཅན། སྒ་སྟར་གཉིས་པ་གཙོ་སྒ་སྒ་མིག་བཅུ་གཉིས་ཅན་སོགས་སྣ་ཚོགས་བྱུང་ལ། ཧ་ལམ་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་གཡས་གཡོན་ལ་སྲོལ་རྒྱུན་ཡང་ཆིན་ལ་བསྒྱུར་བཅོས་བྱས་རྗེས་སྒ་སྟར་གསུམ་པ་གཙོ་སྒ་སྒ་མིག་བཅུ་ཅན་དང་། སྒ་སྟར་བཞི་བ་གཙོ་སྒ་སྒ་མིག་བཅུ་གཉིས་ཅན། སྒ་སྟར་བཞི་བ་གཙོ་སྒ་སྒ་མིག་བཅུ་གསུམ་ཅན་སོགས་ཀྱང་བཡུང་བར་མ་ཟད། སྒྲ་སྒམ་གྱི་གཞོགས་གཡས་གཡོན་གཉིས་སུ་སྒྲ་སྙོམས་སྒྲིག་བྱེད་སྤྱད་ཀྱི་ལྕགས་རྡེལ་རྣམས་གནས་སའི་པང་ལེབ་ཀྱི་སྟེགས་བུ་རེ་ཡང་ཡོད་ཅིང་། ལྕགས་ཀྱི་རྡེལ་རིལ་དེ་དག་ལ་བརྟེན་ནས་རྒྱུད་སོ་སོའི་སྒྲ་ཕྱེད་ཀ་ཡས་མས་སྙོམས་སྒྲིག་བྱེད་ཐུབ་ཀྱི་ཡོད། སྤྱིར་ན་ཡང་ཆིན་ལ་སྒྲ་གསུམ་དུ་ཡོད་དེ། སྒྲ་དམའ་ས་ནི་བརྗིད་ཅིང་གྱོང་ལ་བབ་ཆགས་པ་དང་། སྒྲ་བར་ས་ནི་དྭངས་ཤིང་གསལ་ལ་རྣར་འཇེབས་པ་དང་། སྒྲ་མཐོ་ས་ནི་གསལ་ཞིང་འཚེར་ལ་ཡིད་སྣང་སྤྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ནོ། །

དེ་ལྟ་བུའི་ཡང་ཆིན་དཀྲོལ་གཏོང་བྱེད་པའི་ཚེ་ནའང་བྱེད་པ་པོ་ཉིད་ཀྱི་ལག་གཡས་གཡོན་གཉིས་སུ་ཇན་ཙེ་ཞེས་རྒྱུད་རྣམས་རྡུང་བྱེད་སྨྱུག་ཐུར་རེ་བྲང་ལག་མི་སྦྱོར་བར་ལྷོད་གཡེང་དང་བཅས་པས་གཟུང་དགོས་ལ། རྡུང་པའི་ཚེ་ནའང་ལག་པའི་ཤུགས་གང་ཡོད་ཀྱིས་བརྡུང་ན་སྙན་ཆར་གནོད་སྐྱོན་ཡོང་བས་འཁྲོལ་ཡང་ལྷོད་གསུམ་གྱིས་རྡུང་དགོས་སོ།། དེ་ཡང་ཡང་ཆིན་གྱི་སྐད་སྙན་མི་སྙན་ནི་རྡུང་མཁས་མིན་ལ་རག་ལས་པས་དེ་ལུགས་ཇན་ཙེ་སྟངས་འཛིན་བྱེད་སྟངས་ཁོང་དུ་ཆུད་པར་བྱ་རྒྱུ་གལ་ཆེ་ཞིང་། རྡུང་རྩལ་ལ་ཡང་ཆ་རྡུང་དང་ཡང་རྡུང་། སྐོར་རྡུང་སོགས་སྣ་ཚོགས་ཡོད་དོ། །

36.jpg

དུད་ཚང་སྒེར་གྱི་དུས་གཏོ་སྐབས་སྤྱོད་པའི་རོལ་ཆ།

16.རྒོད་པོ།

རྒོད་པོ་ནི་སྟོད་མངའ་རིས་ས་ཁུལ་ནས་བྱུང་ཞིང་།  རྩ་མདའ་རྫོང་གི་རྒྱ་གར་དང་འབྲེལ་མཚམས་ཀྱི་བསྟི་ཡག་དང་ཟ་ཧྲེང་སོགས་རོང་ཁུལ་དར་ཁྱབ་ཆེ་བའི་རོལ་ཆ་ཞིག་ཡིན་ལ།  རོལ་ཆ་དེའི་ཐོན་ཁོངས་ཀྱང་ཕལ་ཆེར་དེ་ནས་ཡིན།

རྒོད་པོ་བཟོ་བའི་རྒྱུ་ཕལ་ཆེ་བ་སྦྱར་དཀར་ཡིན་ལ།  ཞིབ་ཕྲའི་བཟོ་སྟངས་ནི་ཤིང་སྦྱར་དཀར་སྐམ་པོ་རིང་ཐུང་དང་ཕྲ་སྦོམ་འོས་འཚམ་དུམ་བུ་གཅིག་བཅད་དེ་གཞུང་གཤགས་བཏང་ནས་ཕྱེད་གཤགས་གཅིག་གིས་རོལ་ཆ་རྒོད་པོ་གཅིག་བཟོ་བ་ཡིན། རྒོད་པོའི་སྤྱིའི་རིང་ཚད་ལ་སྤྱིར་བཏང་ལི་སྨིས༨༠ཙམ་ཡོད་དེ་སྟེང་དང་དཀྱིལ་འོག་བཅས་གསུམ་ལས་གྲུབ་ཅིང་།  འོག་ལ་གཞོང་པ་དང་།  དཀྱིལ་ལ་གཞུང་།  སྟེང་ལ་རྟ་མགོ་ཞེས་འབོད།  སྟེང་ནི་ཤིང་བརྐོས་རྟ་མགོ་གཟུགས་ཡོད་སྟབས་རྟ་མགོ་ཞེས་པའི་མིང་ཐོགས།

གཞོང་པ་ནི་མདུན་ངོས་སྒོར་དབྱིབས་དང་གཞོགས་ངོས་ཅུང་ལེབ་སྙེབས་ཀྱི་སྒོར་བྱེད་དབྱིབས་ཅན་ཡིན།   དེའི་སྒོར་མོའི་ཚངས་ཐིག་ལ་ལི་སྨིས༢༠ཙམ་ཡོད་ལ།  དཀྱིལ་ཁོག་སྟོང་སྟེང་ར་ལུག་གི་པགས་པ་གཡོགས་ཡོད།  གཞོང་པ་དང་གཞུང་གཉིས་ཀྱི་བར་ལ་ཧ་ལམ་རིང་ཚད་ལི་སྨིས༢དང་ཞེང་ཚད་ལི་སྨིས༤ཙམ་པའི་མཐུད་མཚམས་ཤིག་ཡོད། དེ་བཞིན་གཞུང་ལའང་ལི་སྨིས༤༥—༤༠ཙམ་ཡོད་ལ།  སྟེང་ཕྲ་ལ་འོག་སྦོམ་པ།  སྟེང་དུ་ས་རྒྱག་ས་ཡིན་པ་དང་།  གཞུང་གི་འོག་ཆ་རྣམས་ཁོག་སྟོང་དྲུས་ནས་ཤུར་ཁ་བཟོས་ཏེ་གཞོང་པ་དང་ཐད་ཀར་ཡུག་གཅིག་ཏུ་འབྲེལ་ཡོད། དེའི་སྟེང་ཁ་པང་བཀབ་མེད།  གཞུང་གི་འོག་མཐའ་ལ་ཞེང་ཚད་ལི་སྨིས༡༠—༡༥ཙམ་ཡོད། གཞུང་གི་སྒང་དང་རྟ་མགོའི་འོག་གཉིས་ཀྱི་བར་མཚམས་ལ་རིང་ཚད་ལི་སྨིས༢ཙམ་གྱི་རྒྱུད་སྐུད་འདྲེན་སའི་ཁུང་ལྡན་སྒྲོམ་ཆུང་གྲུ་བཞི་ཞིག་ཡོད།  རྟ་མགོ་ནི་སྒོར་ཕྱེད་དབྱིབས་ཅན་གྱི་རྒྱུད་གཞོང་ཡིན་ཏེ་རིང་ཚད་ལ་ལི་སྨི༡༢ཡོད།  རྒྱུད་གཞིང་གི་ཁ་རྒྱབ་ཏུ་གཅུས་ཡོད་པ་དེའི་དགེ་མཚན་ནི་རྒྱུད་སྐུད་འདྲེན་ཁུང་ནས་འདྲེན་རྗེས་འདོགས་པའམ་གཏན་འཁེལ་བྱེད་སྐབས་རོལ་ཆའི་མདུན་ངོས་རྒྱབ་ལ་གཅུས་མི་དགོས་པར་རྒྱབ་ངོས་རང་ནས་གསལ་པོ་མཐོང་བདེ་བའི་ཆེད་དུ་ཡིན།  རྒྱུད་གཞོང་སྟེང་གཅུས་ཕུར་བརྒྱུས་སའི་ཁུང་བུ་དྲུག་ཡོད་པའི་ནང་ཤིང་གི་གཅུས་ཕུར་རེ་བརྒྱུས་ཡོད་ལ།  ཁྱོན་རྒྱུད་སྐུད་དྲུག་ཡོད་ཀྱང་སྐད་གསུམ་ལས་མི་འོང་ལ།  དེ་དག་ལའང་སྒྲ་སྦོམ་ཕྲའི་དབང་གི་ཕོ་སྐད་མོ་སྐད་བར་སྐད་གསུམ་དུ་བརྗོད།

རྒོད་པོའི་རྒྱུད་སྐུད་ནི་དམངས་ཁྲོད་དུ་སྲོལ་རྒྱུན་ལྟར་ར་ལུག་གིས་གྲོད་པུས་བཟོ་བ་ཡིན་ལ།   དེའང་ལུག་བཤས་རྗེས་ཀྱི་གྲོད་པུ་གཙང་མར་བཀྲུས་ཟིན་མཚམས་གྲོད་པུའི་ནང་གི་སྐྱི་པགས་སྲབ་མོ་དེ་བཤུས་ནས་ཤིན་ཏུ་ཕྲ་བར་དྲས་པ་དེ་རྒྱུག་རོལ་ཞིག་གི་སྟེང་དུ་དཀྲིས་ཐོག་སྐམ་རྗེས་གཞི་ནས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་།  ཕྱིས་སུ་རྒྱ་གར་ནས་ཐོན་པའི་སྐུད་དམར་དང་རྒྱ་ནག་གི“རོན”ཞེས་པའི་རོལ་ཆའི་རྒྱུད་བེད་སྤྱོད་སྲོལ་འདུག  །  དེ་བཞིན་རོལ་ཆ་དེའི་རྒྱུ་ཆ་དང་བཟོ་དབྱིབས་ཆེ་ཆུང་སོགས་ཀྱིས་རྐྱེན་པས་སྐད་གདངས་གསལ་ཞིང་མཁྲེགས་ལ་འཇམ་མཉེན་དེ་ཙམ་མི་ལྡན་པ་ཞིག་ཡིན།

རྒོད་པོ་དཀྲོལ་གཏོང་བྱེད་སྟངས་ནི།  ལག་གཡས་པའི་དཀྲུག་ཤིང་གིས་གཤམ་འོག་ཏུ་དཀྲོལ་གཏོང་བྱེད་པ།  དེ་ལ་དམངས་ཁྲོད་དུ་མར་སྐྲོག་ཞེས་བརྗོད་སྲོལ་ཡོད་ཅིང་རེས་མོས་སུ་དཀྲོལ་གཏོང་བྱེད་སྲོལ་མེད།  གཞན་ཡང་ལག་གཡོན་མའི་མཛུབ་མོ་དང་སྲིན་མཛུབ་ཀྱིས་མཐེབ་རྒྱག་པ་ལས་དཀྱིལ་མཛུབ་ཡེ་ནས་བེད་སྤྱོད་བྱེད་སྲོལ་མེད།    མར་སྐྲོག་ལས་ཡར་སྐྲོག་མི་བྱེད་པ་དང་མཛུབ་མོ་དང་སྲིན་མཛུབ་གཉིས་ཁོ་ནས་རྒྱུད་སྐུད་གནོན་སྲོལ་དེ་རིགས་རྒོད་པོ་དཀྲོལ་གཏོང་ལ་མཆིས་པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན་ནོ།   །

མདོར་ན། བོད་མི་རིགས་འཇིག་རྟེན་གོ་ལ་ཟླུམ་པོའི་ཡང་སྟེང་ནས་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒལ་མཐར་ཡུན་རིང་རུས་རྐང་དུ་སིམ་པའི་རོལ་མོའི་ཤེས་རིག་གི་དབྱངས་རྟ་རིང་མོ་དག་མཐོན་པོའི་དབྱིངས་སུ་སིང་སིང་གྱེར་མྱོང་མོད།  ཡིན་ནའང་ད་ལྟའི་དུས་འདིར་རོལ་མོའི་རིག་གནས་ཉམས་དམས་སུ་འགྲོ་བཞིན་པ་དང་། བོད་རང་གི་དབྱངས་ཀྱི་རི་མོ་ནང་བཞིན་སློབ་སྦྱོང་བྱེད་མཁན་དཀོན་ལ། དེ་བས་མཁྱེན་མཁན་ཡང་དཀོན་པོར་འགྱུར་གྱིན་འདུག རོལ་ཆས་རིགས་འབུད་ཤེས་པ་ཁོ་ནས་མི་ཕན་པར་དེའི་དབྱངས་རྟའི་རི་མོ་སོགས་ཀྱང་མཁྱེན་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། གཞན་སྔ་རབས་ཀྱི་རོལ་ཆ་དང་དེའི་དབྱངས་རྟ་སོགས་ཞིབ་དཔྱོད་ཀྱིས་ཁུངས་ལྡན་དཔེ་ཆ་དང་། ངག་རྒྱུན། ཉམས་མྱོང་ཐོག་ནས་རོལ་ཆ་རེ་རེའི་བྱེད་ནུས་སྤྱོད་སྟངས་ཡིག་ཐོག་ཏུ་འགོད་ཐུབ་ན་རྗེས་སུ་བོད་ཀྱི་རོལ་མོའི་རིག་གནས་ཡུན་གནས་དང་། ལོ་རྒྱུས་ཁ་སྐོང་ཞིག་ཏུ་འགྱུར་ངེས་སྙམ་གྱིན་ཡོད། སྤྱིར་ན་བོད་མི་རིགས་ཀྱི་བསམ་བློའི་ཉིང་བཅུད་ལས་ཐོན་པའི་རོལ་མོའི་རིག་གནས་ཁྱད་མཚར་བགྲང་གིས་མི་ལང་བ་དང་། སྒོས་སུ་རོལ་ཆའི་རིག་གནས་ནི་རྒྱ་ཆེ་ལ་གྱ་ནོམ་པ་ཞིག་ཡིན་མོད། རྩ་བ་དོར་ནས་རྩེ་མོར་འཇུ་བའི་དཔེ་ལྟར་སྔ་རབས་བོད་སྤྱོད་རོལ་ཆའི་སྐོར་རགས་བཤད་ཙམ་བྱས་པ་ལས་རྒྱས་འབྲི་བྱེད་པར་ཁོ་བོ་ཙམ་གྱིས་མི་ནུས་པས་འདིར་རྒྱ་མཚོའི་ཆུ་ཐིགས་ཙམ་དྲངས་པ་ཡིན་ནོ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།