ཀྲུང་གོ་བོད་ཀྱི་དྲ་བ།

འུར་ཆའི་སྐོར་རོབ་ཙམ་བཤད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་སྒྲིག་རྩོམ་བྱས།   སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འུར་ཆའི་གོ་དོན།

གངས་རིའི་ཡུལ་གྲུ་འདིར་འཚོ་བའི་བོད་རིགས་མི་དམངས་ལ་མཚོན་ན་དུས་ཡུན་རིང་མོར་འབྲོག་ལས་ཀྱིས་འཚོ་ཞིང་། འུར་ཆ་ནི་སྒོ་ཕྱུགས་འཚོ་སྐྱོང་དང་དགྲ་ཇག་འགོག་སྲུང་སོགས་ལ་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་ལག་ཆ་འདང་རྩིས་ཆེ་ཤོས་དེ་ཡིན། <<དག་ཡིག་གསར་བསྒྲིགས>>ལས། ཕྱུགས་རྫིས་རྡོ་འཕེན་བྱེད་ཐག་པ་དང་འདྲ་བའི་ཡོ་བྱད་ཅིག་གི་མིང་ཞེས་འགྲེལ་ཡོད། འུར་ཆ་ཟེར་བ་གཡུག་སྟངས་དང་འཕེན་དུས་ཀྱི་སྒྲ་ལ་བརྟེན་ནས་བཏགས་པ་སྟེ། དེའང་འུར་སྒྲ་དང་བཅས་འཕེན་པས་ལག་ཆ་ཞེས་རྗེས་གྲུབ་ཀྱི་མིང་བཏགས་པ་ཞིག་རེད་སྙམ། གཞན་དགུ་རྡོ་དང་འུར་རྡོ། དེ་མིན་འུར་ཐག འུར་བཏགས། རྒུ་ཐོག་བཅས་མིང་མང་པོ་ཡོད་ངེས་ཀྱང་བོད་ཀྱི་ས་ཆ་མང་ཆེ་བས་དེ་ལྟར་འབོད་པ་ཡིན། འུར་ཆ་འདི་སྟོད་མངའ་རིས་ནས་སྨད་ཨ་མདོ་བར་བོད་ཀྱི་ས་གནས་ཡོངས་ལ་ཁྱབ་པ་མ་ཟད། བོད་མི་རང་གིས་གསར་གཏོད་བྱས་པས་ལག་ཆ་ཤ་སྟག་ཞིག་ཡིན་ཕྱིར། མི་རིགས་ཀྱི་ཁྱད་ཆོས་དང་། རིག་གནས་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་དཔང་པོ། ལྷ་སྲུང་གི་ཕྱག་མཚན། གནོད་འགོག་གི་སྲུང་མདུད། ཕ་མེས་ཀྱི་ཤུལ་བཞག ཁྱིམ་རྒྱུད་ཀྱི་ནོར་བུ། དགྲ་ལྷ་འཁོར་བའི་གཞི་རྟེན། རང་ལུས་སྲུང་བའི་གོ་ཆ། ཕལ་རྒོལ་འཇོམས་པའི་མཚོན་ཆ། རྒྱུན་མཁོའི་ལག་ཆ། རྫི་བོ་ཡི་དཔུང་རོགས། སྟག་ཤར་གྱི་དཔའ་ཆས། མཛེས་མའི་ལུས་རྒྱན། བརྩེ་རོགས་ཀྱི་སེམས་རྟེན། བྱིས་པའི་རྩེད་ཆས་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད།

འུར་ཆའི་འབྱུང་ཁུངས།

དེ་ཡང་། འུར་ཆ་ནི་བོད་ཀྱི་ལག་ཆ་གནའ་སྔ་མོ་ནས་དར་ཞིང་ལྕགས་ཀྱི་མཚོན་ཆ་གྲི་མདུང་སྟ་རེ་ཉུང་བ་དང་གཞུ་དང་། སྨྱུག་མདའ། བོད་མདའ།འཕྲུལ་མདའ་སོགས་དར་ཁྱབ་མ་བྱུང་གོང་ནས་འུར་ཆ་ཡོད་པ་དང་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་ལག་ཆ་ཞིག་ཡིན་འདུག ལོ་རབས་འདི་ཡིན་ཞེས་ཁ་ཚོན་བཅད་ནས་བཤད་པར་དཀའ་མོད། འོན་ཀྱང་རྒན་རབས་ཤེས་པ་ཅན་གྱི་ངག་རྒྱུན་ལྟར་ན། ཡ་ཐོག་དམུ་བཙན་གྱི་དབང་བསྒྱུར་སྐབས་འུར་ཆ་ནི་དམུ་བཙན་གྱི་གོ་མཚོན་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པར་གྲགས། དེ་བཞིན་མ་སངས་སྤུན་དགུའི་དུས་ལ་མ་སངས་ཡ་རུ་ཁྲ་ཡི་ལག་ཆ་ཡིན་པར་གྲགས། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུའི་སྐབས་གཙོ་བོ་སྲོག་ཆགས་འགུག་འདུལ་ལ་སྤྱོད་པར་གྲགས། སྤུར་རྒྱལ་བཙན་པོའི་སྐབས་སུ་བློན་ཆེན་པོ་རྣམས་ཀྱི་སྐེད་པར་བཏགས་ནས་རང་སྲུང་མཚོན་ཆར་བརྩི། བོད་སིལ་བུའི་སྐབས་དམག་འཛིང་སོགས་ལ་བེད་སྤྱོད་བྱེད་པ་ཙམ་མ་ཟད་སོག་པོ་དང་དབྱིན་འགོག་སྐབས་དམག་འཛིང་གི་མཚོན་ཆར་སྤྱོད་པར་གྲགས། ཕྱིས་སུ་བོད་ཁུལ་ཡོངས་རྫོགས་ལ་སྲོག་ཆགས་འགུག་འདུལ་དང་ལུས་ཀྱི་རྒྱན་ཆ།རྒྱུན་སྤྱོད་ཀྱི་ལག་ཆ་སོགས་སུ་བེད་སྤྱོད་བཞིན་ཡོད།

འུར་ཆའི་རྒྱུ་ཆ་དང་བྱེད་ནུས།

རྒྱུ་བལ་རྩིད་གང་རུང་ལས་གྲུབ་པ་ཞིག་ཡིན་ལ།བལ་རྩིད་འཁེལ་ནས་བསླེས་པ་དང་། བལ་རྩིད་བརྒྱུས་ནས་འུར་ཆ་བཟོ་སྲོལ་ཡོད།གཞན་གཙོད་དང་འབྲོང་སོགས་ཀྱི་སྤུ་རིགས།དེ་མིན་འུམ་བུ་དང་། ཀོ་བ་རྙིང་པའི་ཨ་ཀྲད། ཀོ་བ་སྣ་ཚོགས་ཀྱི་རྒྱུན་བུ། ལྤགས་རིགས་སྣ་ཚོགས་ཀྱི་ཧེལ་ཀེ་སོགས་ལས་གྲུབ་པའི་རྒྱུ་ཆ་དུ་མ་ཡོད། སྤྱིར་འུར་ཆ་ནི་བོད་རིགས་རོང་འབྲོག་མང་ཚོགས་དང་། ནང་སྒོས་སུ་འབྲོག་ཁུལ་གྱི་ཕྱུགས་རྫི་རྣམས་ལ་མེད་དུ་མི་རུང་བའི་སྟབས་བདེ་ལ་གོ་ཆོད་པའི་ལག་ཆ་བཟང་པོ་ཞིག་ཡིན། ཞིང་པས་ཞིང་སྲུང་དང་ནགས་སྲུང་། ཕྱུགས་རྫི་བ་རྣམས་ཀྱིས་ཕྱུགས་ཁྱུ་འདེད་འགུག ཕྱུགས་རིགས་ལ་གནོད་པའི་གཅན་གཟན་འགོག་པ་སོགས་བྱེད་ཐུབ་པར་མ་ཟད། མ་གནས་ཆུང་ལ་སྤྱོད་སྒོ་ཆེ་བ། བེད་སྤྱོད་བྱེད་རྒྱུ་མང་བ། ལུས་ལ་བཅངས་ན་ཡང་ཞིང་མཛེས་པ། མདོར་ན་དངོས་པོ་ཆུང་ཆུང་ཞིག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་འགན་ལེན་ཐུབ་པ། ཐོན་སྐྱེད་ཀྱི་ཡོ་ཆས།མཐའ་མཚམས་སྲུང་སྐྱོབ་སོགས་ཀྱི་རིན་ཐང་ལྡན། ད་དུང་དགྲ་འཐབ་ཀྱི་ཐོག་མཚོན་ཆའི་གོ་ཡང་ཆོད་ཐུབ། དེ་སྔ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱེད་སྐབས། བོད་རིགས་མི་དམངས་ཀྱིས་དཔའ་ངར་ཆེན་པོས་བཙན་འཛུལ་པར་འགོག་རྒོལ་བྱེད་སྐབས་འུར་ཆ་བེད་སྤྱོད་བཏང་ཡོད་ལ་ནུས་པ་ཆེན་པོ་ཐོན་པར་གྲགས།

འུར་ཆའི་ཚད་གཞི་དང་འཕེན་ལུགས། 

ཡོངས་ཁྱབ་ཏུ་འུར་ཆའི་རིང་ཚད་ལ་སྤྱི་ཁྲེ་གཅིག་དང་ཕྱེད་ཀ་ཙམ་ཡོད་ཅིང་། དཀྱིལ་དུ་འུར་རྡོ་འཇོག་ས་འུར་མཐིལ་ཞེས་ཅུང་ཞེང་ཆེ་བ་ཞིག་ཡོད། ཐག་སྣེ་གཉིས་དགར་ཡོད་པས།གཅིག་ལ་འུར་ལུང་དང་། གཅིག་ལ་འུར་ལྕེ་ཟེར།འུར་མཐིལ་དུ་རྡོ་སོགས་བཏུམས་ནས་ཀླད་ལ་བསྐོར་བསྐོར་ལན་འགའ་བྱས་ནས་དམིགས་འབེན་ལ་རྡིག་ནས་འཕེན་སྲོལ་ཡོད། འུར་རྡོ་རྒྱག་མཁས་པ་དག་གིས་ག་ལེར་བསྐོར་ནས་འཕེན་དུས་འབེན་ལ་འཁེལ་བ། རྡོ་ཤུགས་ཆེ་བ། སྐད་སྒྲ་ཚ་བ་སོགས་ཀྱི་ཁྱད་ཆོས་དུ་མ་མངའ་ལ། རྫི་རྒོད་རྒྱལ་པོའི་འུར་བཏགས་འདི། ལགས་གཡས་པས་བཅངས་ནས་གཡོན་པས་འུར་ཁུག་ནང་རྡོ་བཞག་སྟེ་གཡས་པས་ཀླད་ལ་ཐེངས་གསུམ་ཙམ་བསྐོར་ནས་འཕེན་དགོས་ཟེར། ཡར་གྱེན་ལ་འཕང་ན་ཐུང་དགོས།མར་ལ་འཕང་ན་རིང་དགོས་ཟེར་བ་འདུག ཆགས་རྩེ་ལ་མཐོ་དོ་དང་འུར་ཁུག་ལ་མཐོ་གང་དགོས་པ་དང་དཀྱིལ་ལ་མཐོ་གསུམ་དགོས།དེ་ལ་ཁྲ་འདྲ་མིན་འགའ་ཡོད་དེ། ཁྲ་རྩིང་དང་ཁྲ་ཞིབ་ཉའི་ཕོ་བ། འུར་ཁུག་ལ་སྟ་ཀེམ་བྱ་གཤོག་ཟེར་བ་བསླ་ལུགས་ཡོད།འཕེན་མཁན་གྱི་དཔུང་ཤུགས་ལ་ཡང་རགས་ལས་ཡོད། དགྲ་འུར་མགོ་ཆིགས་མ་དང་། གཏད་འུར་གྲུ་གང་མ་ནི་བལ་རྐྱང་གི་འུར་ཆ་བྱས་ན་ཡག་པོ་ཡོད།

འུར་ཆའི་བཟོ་སྟངས།

1.དང་པོ་སྐུད་པ་ཚོས་གཞི་སྣ་ཚོགས་དང་། སྤུ་རིགས་དཀར་ནག ལྤགས་པ་མཉེད་མའི་རྒྱུན་བུ། ཧེལ་ཀེ་སོགས་ཀྱིས་འུར་ཆའི་སྤྱི་སྒྲོམ་བསླ་དགོས།

2.ལྗགས་ལུང་ཞེས་ལྗགས་རྩེ་འདོགས་ས་རིལ་པོ་ཞིག་བསླ་དགོས།

3.མ་མཆོག་ཞེས་འུར་ཆའི་ཆ་གསུམ་ལ་དགོས་པའི་དུམ་བུ་གཅིག་བསླ་དགོས།

4.འུར་མཐིལ་ནི་སྐུད་པ་ཁག་གཉིས་ལ་དབྱེ་ནས་བསླ་དགོས་པ་དང་། ཆ་ཚད་ནི་མཛུབ་ལུང་ངམ་དཔའ་ལུང་གི་ཕྱེད་ཀ་ཡིན་དགོས། འུར་མཐིལ་ལ་སྣམ་བུ་དང་སྤུ་ཕྲུག་སོགས་ཀྱི་སྟེང་དུ་སྲོག་ཆགས་དང་དེ་མིན་རི་མོ་སྣ་ཚོགས་བཀོད་བཞིན་ཡོད། གཞན་ཡང་འུར་ཆའི་སྐུད་པ་ལེབ་མོར་བཙེམས་ནས་བཟོས་པ་ལ་ཇག་པའི་འུར་མཐིལ་ཞེས་འབོད།

5.རྡོ་འགྲིམས་ནི་འུར་ཆའི་མཛེས་ཆོས་ཆེ་ཆུང་ཙམ་མ་གཏོགས་ཚང་མ་ལེབ་མོ་ཞིག་བསླ་དགོས། ཆ་ཚད་ནི་འུར་མཐིལ་གྱི་ཕྱེད་ཀ་ཡིན།

6.ཡ་མཆོག་ནི་འུར་ཆའི་ཆ་གསུམ་གྱི་དུམ་བུ་གཅིག་ཡིན་པ་དང་། ཆ་ཚད་འཇལ་སྐབས་རྡོ་འགྲིམས་ནི་ཡ་མཆོག་གི་ཁོངས་སུ་འདུས།

7.མཛུབ་ལུང་གི་རིང་ཐུང་ནི་འུར་ཆ་དུམ་བུ་གསུམ་ལ་དགོས་པ་ལས་གཅིག་ཡིན། མཛུབ་ལུང་བསླས་ཚར་རྗེས་ཉིས་འགུགས་བསླ་དགོས།

8.ཨོལ་ཀྲོང་ནི་མཛུབ་ལུང་དང་ཡ་མཆོག་གཉིས་ཀྱི་མཐུད་མཚམས་སུ་སོར་གང་ཙམ་ཞིག་བཏུམས་ནས་བསླ་དགོས།

9.ལྗགས་རྩེ་ནི་རྒྱུ་བལ་ལས་གྲུབ་པའི་སྐུད་པ་སུམ་སྒྲིལ་བཞིའམ་དྲུག་དང་བརྒྱད་སོགས་ལེབ་མོར་བཙེམ་དགོས།

10.ཁ་ཚར་མཛེས་ཆོས་ཆེད་དུ་སྐུད་པ་ཚོས་གཞི་སྣ་ཚོགས་ཀྱི་ཁ་ཚར་ཆུང་བུ་འགའ་རེ་སྦྱར་སྲོལ་ཡོད། 

འུར་ཆའི་དབྱེ་བ།

འུར་ཆ་འདིར་དགྲ་ལྷའི་ཀོ་མཚོན་འུར་ཆ་དང་། སེར་འགོག་འུར་ཆ། ད་དུང་ཆུ་མིག་དགུ་སྒྲིལ་སོགས་རིགས་ཤིན་ཏུ་མང་ལ། བྱེ་བྲག་སྒོས་དབྱེ་ན། སུམ་ཅུའི་སོག་བསླས། ཁྲ་བོ་ཚིག་དགུ གཟི་རིལ་མིག་མང་། མདུད་པ་དགུ་སྦྲིལ། ང་བརྒྱད་དགུ་མདུད། བཞི་ཐིག་རིལ། དྲུག་ལྡན་དཀྱོག ཟིལ་མོ་སྒང་བསླས། ཤ་བོ་ལྟག་བསླས། གའུ་ཁ་སྦྱོར། བརྒྱད་བསླས། བཅུ་དྲུག་དགུ་སྦྲིལ། ཕྱེད་མིག་དགུ་མདུད། དཀར་ནག་མཉམ་སྦྲིལ། ཁྲ་རིང་། ཁྲ་ཐུང་། བརྒྱད་ཐིག་རིལ། བཅུ་གཉིས་ཐིག་རིལ། ཁྲ་ཆེན། ཁྲ་ཆུང་། བྱིས་མིག མིག་མ་ཁ་སྦྱོར། རྩ་བཞིའི་སོག་བསླས་སོགས་སྣེ་ཁ་མི་འདྲ་བ་དུ་མ་ཡོད་འདུག་ལ། དེ་དག་སོ་སོའི་ཁྱད་ཆོས་ནི་ཕྲ་ལ་རིང་བ་རྒྱང་འགྲོ་བཟང་། སྦོམ་ལ་ཧྲག་པ་རྡོ་ཤུགས་ཆེ། ཐུང་ལ་གཉེན་པ་སྤྱོད་སྒོ་ཆེ། ལྗགས་སྣེ་རིང་བ་སྐད་སྒྲ་ཚ། དཀར་ནག་འདྲེས་པ་མིག་ལ་མཛེས། གྲུ་བཞི་ཤོ་འདྲ་སྟག་ཤར་རྒྱན། མིག་མང་ཁྲ་ཆུང་མཛེས་མའི་རྒྱན་སོགས་ཡོད་པ་རེད། དེ་ལྟར་རིགས་མི་འདྲ་བའི་འུར་ཆ་གང་ཞིག་ཡིན་ཡང་སྐུད་པ་དཀར་པོ་དང་ནག་པོ་གྲངས་ཀ་མཉམ་དགོས།

མཇུག་གི་བསམ་གཞིགས།བོད་སྔ་རབས་ཀྱི་དུས་སུ་འུར་ཆ་འདི་སྤྱོད་སྒོ་ཆེ་ལ།བཟོ་རྩལ་གྱི་རྣམ་པ་ཡང་འདྲ་མིན་སྣ་ཚོགས་བྱུང་ཡོད།འོན་ཀྱང་དེང་དུས་དེ་དག་རིམ་བཞིན་མེད་པར་གྱུར་ནས་ཧ་ལམ་མིང་ཙམ་དུ་ཟད། དེང་གི་དུས་འདིར་མི་རྣམས་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་དངོས་པོའི་ལོངས་སྤྱོད་འཕེལ་རྒྱས་སུ་གཏོང་བར་བློ་རྩིང་པོས་འབད་ཅིང་། སྔར་གྱི་འཚོ་བའི་བརྒྱུད་རིམ་ལས་ཐོན་པའི་དངོས་པོ་དང་ལག་རྩལ། གཞུང་ལུགས་མང་ཤོས་ལ་ནི་རྙིང་རུལ་དང་རྗེས་ལུས་སུ་བལྟས་ཏེ། སྔར་ཡོད་མང་དག་ཅིག་འབོར་དོར་རྨེག་མེད་བྱས་རྗེས། ཤུལ་དུ་གསར་པ་གསར་རྐྱང་གི་ཆོས་ཤིག་འདོན་པ་ནི་ད་གཟོད་འཕེལ་རྒྱས་དང་སྔོན་ཐོན་དུ་འདོད་ཀྱིན་འདུག་མོད། དོན་དམ་དེ་ལྟར་བྱེད་དགོས་ངེས་ཤིག་མིན་པ་ནི་འཛམ་གླིང་ཡུལ་གྲུ་དང་མི་རིགས་གཞན་ལ་དཔེ་བལྟས་པས་རྟོགས་པར་འགྱུར།   དེ་དང་མཚུངས་པར་བོད་ཀྱི་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ་འུར་ཆ་འདི་ཉིད་ཀྱང་རྙིང་པ་ཡིན་པས་མཁོ་མེད་ཡིན་པར་འདོད་པ་ནི་བསམ་རྒྱ་གུ་དོག་པོ་དང་། གནའ་བོས་ལག་ཤེས་ཀྱི་རིན་ཐང་མ་རྟོགས་པ་ལས་ཅི་ཡང་མིན་པས། དེང་རབས་ཀྱི་ལག་རྩལ་སྤྱད་ནས་གནའ་བོའི་ལག་ཤེས་དག་ཇེ་ལེགས་ཇེ་དར་དུ་གཏོང་བར་རིགས་སོ།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།