དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་བསམ་གཞིག

ནང་དོན་གནད་བསྡུས།

དེང་གི་དུས་འདིར་སྦྲེལ་འཕྲིན་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་རིམ་བཞིན་སྤྱི་ཚོགས་ཡོངས་ལ་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས་མི་རྣམས་ཀྱི་འཚོ་བ་ལའང་སྟབས་བདེ་མང་པོ་སྐྲུན་ཡོད། ཡིན་ནའང་མི་རྣམས་ཀྱིས་དྲ་རྒྱའི་སྟེང་ཆ་འཕྲིན་བརྒྱུད་གཏོང་བྱེད་པའི་དུས་མཚུངས་སུ་འགྲན་སློང་རབ་དང་རིམ་པ་ལྷགས་ཡོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ལའང་མི་མངོན་པའི་འཇིགས་སྐུལ་མང་པོ་བསླངས་བཞིན་ཡོད། རྩོམ་ཡིག་འདིའི་ནང་དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་གོ་དོན་དང་ཡོང་ཁུངས། ཁྱད་ཆོས། གནོད་འཚེ། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་བཅས་ལ་དབྱེ་ཞིབ་རགས་ཙམ་བྱས་ཡོད་པ་མ་ཟད། དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཇི་ལྟར་སྔོན་འགོག་ཚོད་འཛིན་བྱ་དགོས་པའི་སྐོར་གླེང་ཡོད།

མིང་བརྡ་གཙོ་བོ།   དྲ་རྒྱ།   དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན།  ཚོད་འཛིན་ཐབས་ཇུས།

སྔོན་གླེང་།  

སྦྲེལ་འཕྲིན་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་མགྱོགས་ཆེན་བྱུང་བ་དང་བསྟུན་ནས་དྲ་རྒྱའི་ཆ་འཕྲིན་དང་བདེ་འཇགས་ལ་སྤྱི་བདེ་ལས་ཁུངས་ཁག་གིས་ཡོངས་ཁྱབ་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད། ཉེ་བའི་ལོ་འདི་འགར། དྲ་རྒྱའི་བདེ་འཇགས་ལ“ནད་དུག”(病毒)དང“ཧེག་པ”(黑客)སོགས་ཕྱོགས་མང་པོའི་འཇིགས་སྐུལ་ཐེབས་བཞིན་ཡོད་ལ། འཇིགས་སྐུལ་རིང་ལུགས་པས་ཀྱང་རིམ་བཞིན་དྲ་རྒྱའི་གཞི་གྲངས་དང་ཆ་འཕྲིན་སོགས་ལ་ཐད་ཀར་གཏོར་བརླག་བཟོ་བཞིན་ཡོད་པ་མ་ཟད། ད་དུང་དྲ་རྒྱར་བརྟེན་ནས་དྲག་ཤུགས་འཇིགས་སྐུལ་དང་མི་རིགས་ཁ་བྲལ། ཆོས་ལུགས་ཐལ་ཆེའི་ནང་དོན་སོགས་བརྒྱུད་གཏོང་བྱས་ནས་སྤྱི་ཚོགས་ལ་འཇིགས་སྐྲག་བསླངས་བའམ་ཡང་ན་འཇིགས་སྐུལ་བྱ་སྤྱོད་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་བཞིན་ཡོད། དེ་བས། སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པར་སྔོན་འགོག་ཚོད་འཛིན་དང་རྡུང་རྡེག་ཚབས་ཆེན་གཏོང་བའི་ཐབས་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས་དྲ་རྒྱའི་སྒྲིག་ལམ་དང་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

དང་པོ།    དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་གཞི་རྩའི་དོན་སྤྱི།

“དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན”ཞེས་པ་ནི་“དྲག་ཤུགས་སམ་ཡང་ན་འཇིགས་སྐུལ་རང་བཞིན་གྱི་ནང་དོན་ལྡན་པའི་སྒྲ་དང་བརྙན་རིས”ཞེས་པའི་བསྡུས་མིང་ཡིན་ལ།  སྒྲ་དང་བརྙན་རིས་ཀྱི་རྣམ་པའི་ཐོག་ནས་དྲག་ཤུགས་འཇིགས་སྐུལ་དང་མི་རིགས་ཁ་བྲལ། ཆོས་ལུགས་ཐལ་ཆེའི་ནང་དོན་བསྐྱར་དུ་མཚོན་པའི་སྒྲ་འབེབས་སྤྱིན་ཐག་དང་བརྙན་འབེབས་སྤྱིན་ཐག  དེ་མིན་སྒྲ་བརྙན་གསོག་ཉར་གྱི་ནུས་པ་ལྡན་པའི་ཡོ་བྱད་གཞན་དག་ལ་གོ་དགོས་ཤིང་། བྱེ་བྲག་ཏུ་དབྱེ་ན། དང་པོ་ནི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཁ་བྲལ་ལ་དྲིལ་སྒྲོག་དང་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ནང་དོན་ཚུད་པའི་སྒྲ་དང་བརྙན་རིས་ཀྱི་རིགས་ཡིན་ལ། གཉིས་པ་ནི་འབར་གས་འབྱུང་སླ་བའི་དངོས་རྫས་ཉེན་ཁ་ཅན་དང་མེ་མདའ། རྫས་མདེལ། ཉེན་ཁ་ཅན་གྱི་དངོས་རྫས་གཞན་དག་གི་བཀོལ་སྤྱོད་ཐབས་ལམ་དང་ཡང་ན་ནུས་རྩལ་སོགས་བརྒྱུད་གཏོང་བྱེད་པའི་སྒྲ་དང་བརྙན་རིས་ཀྱི་རིགས། གསུམ་པ་ནི“དབྱི་ཅི་ལ་ཐེ”དང“མཆོག་འཐབ”སོགས་ཆོས་ལུགས་ཐལ་ཆེའི་བསམ་བློ་དྲིལ་སྒྲོག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལ་གཏོར་བཤིག་གཏོང་བ། དྲག་ཤུགས་ལ་བརྟེན་ནས་མི་གཞན་གྱི་ཚེ་སྲོག་བདེ་འཇགས་དང་གཞུང་སྒེར་གྱི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ནང་དོན་མཚོན་པའི་སྒྲ་དང་བརྙན་རིས་ཀྱི་རིགས། བཞི་བ་ནི་ཆོས་ལུགས་ཐལ་ཆེན་དང་མི་རིགས་ཁ་བྲལ།  དྲག་ཤུགས་འཇིགས་སྐུལ་བཅས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་སྒྲ་དང་བརྙན་རིས་ཀྱི་རིགས་གཞན་དག་བཅས་ཚང་མ་རིགས་བཞི་པའི་ནང་ཚུད་ཡོད།

གཉིས་པ།   དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་འབྱུང་ཁུངས་དབྱེ་ཞིབ།

དེང་སྐབས།  སྦྲེལ་འཕྲིན་དྲ་རྒྱ་བརྒྱུད་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་མཁན་གཙོ་བོ་ནི“ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལན་འགུལ་སྐྱོད”(东突厥斯坦)ཅེས་པའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་དེ་ཡིན་ལ། འཇིགས་སྐུལ་རྩ་འཛུགས་འདི་ནི1997ལོར་ཕྱིའི་རྒྱལ་ཁོངས་སུ་བཙུགས་ཤིང་། 2002ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་སུ་ངོས་འཛིན་བྱས་པ་རེད། 2003ལོའི་ཟླ12པར་རང་རྒྱལ་སྤྱི་བདེ་པུའུ་ཡིས་ཁག་དང་པོར“ཐུའུ་ཅུའེ་སི་ཐན་ཤར་མའི”འཇིགས་སྐུལ་རྩ་འཛུགས་བཞི་ཡི་གྲས་ཀྱི་གཅིག་ཏུ་གཏན་འཁེལ་བྱས། འདས་པའི་ལོ་ངོ་ཉེར་ལྔའི་རིང་། “ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལན་འགུལ་སྐྱོད”འཇིགས་སྐུལ་རྩ་འཛུགས་ཀྱིས་པར་རིས་དང་སྒྲ། བརྙན་རིས། དེ་མིན་འཇིགས་སྐུལ་རྩ་འཛུགས་གཞན་དག་གི་སྒྲ་བརྙན་གྱི་ནང་དོན་ཡིག་སྒྱུར་དང་སྒྲིག་བཟོ་བྱས་ནས། འཇིགས་སྐུལ་རྩ་འཛུགས་དེའི་གནས་ཚུལ་ངོ་སྤྲོད་པའམ། “མཆོག་འཐབ”དང“དྲག་ཤུགས་ལ་བརྟེན་ནས་ད་ཡོད་སྲིད་དབང་རྩ་སློག་བཏང་སྟེ་ཐུའུ་ཅུའེ་སི་ཐན་ཤར་མའི་རྒྱལ་ཁབ་གསར་འཛུགས་བྱེད་པ”སོགས་དྲག་ཤུགས་འཇིགས་སྐུལ་གྱི་བསམ་བློ་སྒྲོག་སྤེལ་བྱེད་པའམ། མེ་མདའ་དང་འབར་རྫས།  འཇིགས་སྐུལ་འཇབ་རྒོལ་སོགས་འཇིགས་སྐུལ་ཉེས་གསོག་བྱ་ཐབས་བརྒྱུད་ཁྲིད་དང་ངན་སྐུལ་བྱེད་བཞིན་ཡོད།  རང་རྒྱལ་དྲ་དམངས་ཀྱིས་བརྒྱུད་གཏོང་བྱེད་བཞིན་པའི་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་མང་ཆེ་ཤོས་ནི་“ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལན་འགུལ་སྐྱོད”འཇིགས་སྐུལ་རྩ་འཛུགས་ཀྱིས་སྒྲིག་བཟོ་བྱས་པ་རྐྱང་རྐྱང་རེད། འཇིགས་སྐུལ་རྩ་འཛུགས་དེས2006ལོ་ནས་བཟུང་སྦྲེལ་འཕྲིན་དྲ་རྒྱའི་སྟེགས་བུ་བརྒྱུད་ནས་ཆོས་ལུགས་ཐལ་ཆེའི་བསམ་བློ་དང་དྲག་ཤུགས་འཇིགས་སྐུལ་རིང་ལུགས་དང་འབྲེལ་བའི་སྒྲ་བརྙན་འབོར་ཆེན་ཞིག་རང་རྒྱལ་གྱི་ས་ཁོངས་སོ་སོར་བརྒྱུད་གཏོང་བྱས་ཏེ་ཐལ་སྐྱོད་པ་དེ་ལས་མང་པོ་གསོ་སྐྱོང་དང་དཔུང་ཁག་རྒྱ་སྐྱེད་དེ་རྩ་འཛུགས་ཀྱི་དྲ་རྒྱ་འཛུགས་རྒྱུའི་རེ་ངན་འཆང་གིན་འདུག དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་མང་པོ་ནི་ཕ་ཁི་སི་ཐན་རྒྱལ་ཁབ་དང་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་མཐའ་མཚམས་ཀྱི་ཚོ་པའི་ཁུལ་དང་། དེ་མིན་སི་རི་ཡའི་གཡུལ་ས་བཅས་ནས་གདོད་མའི་རྒྱུ་ཆ་འཚོལ་བསྡུ་བྱས་ཤིང་། “ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལན་འགུལ་སྐྱོད”ཀྱི་ཁོངས་མིར་མཁོ་འདོན་བྱས་ཏེ་སྒྲ་བརྙན་མཉམ་སྡེབ་དང་སྒྲིག་བཟོ་བྱས་རྗེས། འགུལ་སྐྱོད་དེ་གའི་རང་སྐྲུན་དྲ་ཚིགས་དང་རིན་མེད་དྲ་ཚིགས། མངའ་ཁོངས་ཕྱིའི་འཇིགས་སྐུལ་རྩ་འཛུགས་ཀྱི་དྲ་ཚིགས། མཉམ་སྤྱོད་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་སོགས་བརྒྱུད་ནས་ཕྱི་ཕྱོགས་ལ་བརྒྱུད་གཏོང་བྱེད་ཀྱིན་ཡོད་པ་རེད།  

གསུམ་པ།   དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་གནོད་སྐྱོན་རང་བཞིན་དབྱེ་ཞིབ།

དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱིས་སྤྱི་ཚོགས་ལ་ཐེབས་པའི་གནོད་འཚེའི་རང་བཞིན་ནི་ཆོས་ལུགས་ཀྱི་བསྟན་བཅོས་འཁྱོག་བཤད་བྱས་པ་བརྒྱུད་ཆོས་ལུགས་ཐལ་ཆེའི་བསམ་བློ་སྒྲོག་སྤེལ་བྱེད་པའམ། ཁུངས་མེད་ལོག་བཤད་སྒྲོག་སྤེལ་བྱས་ནས་མང་ཚོགས་ཀྱི་ཀླད་པ་བཀྲུ་བ།  མི་རིགས་ཕན་ཚུན་བར་དཀྲུག་ཤིང་བཟོ་བ། མི་རིགས་ཕན་ཚུན་བར་མཐོང་ཆུང་དང་དམའ་འབེབས་སོགས་བྱེད་པ་རེད། དེ་ལས་ཀྱང་གཙོ་ཆེ་བ་ནི་མང་ཚོགས་ལ་ངན་སྐུལ་བྱས་ནས་འཇིགས་སྐུལ་རྩ་འཛུགས་ཁྲོད་ཞུགས་སུ་བཅུག་པའམ་ཉེས་གསོག་རྩལ་ནུས་བརྒྱུད་ཁྲིད་བྱེད་པ། མཚོན་ཆ་རང་བཟོ་བྱེད་པའམ་ཞིབ་ཕྲའི་བཀོལ་སྤྱོད་བྱེད་སྟངས་སོགས་མཁོ་འདོན་དང་ཉེས་གསོག་བྱ་རྒྱུའི་ངན་སྐུལ་བཅས་བྱས་པས་སྦྲེལ་འཕྲིན་དྲ་བའི་སྟེང་གི“དུག་སྐྲན”ཞིག་ཏུ་གྱུར་ཡོད་དེ།  བྱེ་བྲག་ཏུ་འཁོད་ན་དེའི་གནོད་སྐྱོན་གཙོ་བོ་ནི་གཤམ་གསལ་ལྟར།

གཅིག  འཇིགས་སྐུལ་བསམ་བློ་བརྒྱུད་གཏོང་བྱེད་པ།

སྦྲེལ་འཕྲིན་དྲ་རྒྱའི་སྟབས་བདེ་རང་བཞིན་དང་མ་གནས་དམའ་བའི་ཁྱད་ཆོས་དེས་འཇིགས་སྐུལ་པས་མི་རིགས་དང་ཡང་ན་ཆོས་ལུགས་ཐལ་ཆེའི་བསམ་བློ་དྲིལ་སྒྲོག་བྱེད་སའི་ཐབས་ལམ་གཙོ་བོ་རུ་གྱུར་ཡོད། འཇིགས་སྐུལ་པས་འཇིགས་སྐུལ་བསམ་བློ་བརྒྱུད་གཏོང་བྱེད་པའི་དྲ་ཚུགས་དང་ལས་སྟེགས་བཙུགས་ནས་དྲག་ཤུགས་འཇིགས་སྐུལ་གྱི་བསམ་བློ་དྲིལ་སྒྲོག་བྱས་ཏེ། ལོ་ན་མ་སོན་པ་བྱིས་པ་དང་ལས་མེད་མི་སྣ་འབོར་ཆེན་ཚོགས་པ་དེའི་ནང་ཞུགས་རྒྱུའི་བློ་བཀུག་ནས་ཆོས་ལུགས་ཀྱི་བསྟན་དོན་འཁྱོགས་བརྗོད་དང་ཐལ་སྐྱོད་ཀྱི་བསམ་བློ་དྲིལ་སྒྲོག་བྱེད་བཞིན་ཡོད། དྲ་རྒྱའི་འཇིག་རྟེན་ལ་རྟོག་བཟོ་རང་བཞིན་ལྡན་སྟབས་འཇིགས་སྐུལ་པས་དྲ་རྒྱའི་སྟེང་བརྒྱུད་གཏོང་བྱེད་པའི་ཆ་འཕྲིན་མང་པོ་ཞིག་དོན་དངོས་དང་འགལ་ལ་ངན་སྐུལ་གྱི་རང་བཞིན་ཆེས་ཆེར་ལྡན་པ་རེད། གལ་ཏེ་ཆ་འཕྲིན་བསྡུ་ལེན་བྱེད་མཁན་གྱི་བསམ་བློ་བརྟན་པོ་མིན་ཚེ་འཇིགས་སྐུལ་རྩ་འཛུགས་ནང་ཟབ་འཇུག་བྱས་ཤིང་བསམ་བློར་འགྱུར་བ་གཏོང་ངེས་རེད།

གཉིས།  འཇིགས་སྐུལ་བྱ་འགུལ་ལ་རྩ་འཛུགས་བྱེད་པ།

འཇིགས་སྐུལ་རྩ་འཛུགས་ཀྱིས་དྲ་སྦྲེལ་ལས་སྟེགས་སྤྱད་དེ་མི་སྣ་མང་པོ་བསྡུ་རུབ་བྱས་ནས་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད་དེ། ཡང་དག་པའི་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་ཟབ་མོ་ཐེབས་མེད་པའི་ལོ་ཆུང་གཞོན་ནུ་མང་པོ་ཞིག་གི་བློ་རྩ་བརྟན་པོ་མིན་པ་དང་སྤྱི་ཚོགས་ལ་ངོ་ལོག་པའི་བསམ་བློ་ལྡན་པ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས་འཇིགས་སྐུལ་རྩ་འཛུགས་ནང་བསྡུ་རུས་བྱེད་པ། གཞན་ཡང་འཇིགས་སྐུལ་པས་ད་དུང་དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་བཙོག་དངུལ་གཙང་སྒྱུར་བྱས་ཏེ་མ་དངུལ་བསྡུ་བའམ་འཇིགས་སྐུལ་རང་བཞིན་གྱི་ཆ་འཕྲིན་རྫུན་མ་སྤེལ་ནས་སྤྱི་ཚོགས་ལ་འཇིགས་སྐྲག་བཟོ་བ། ལྐོག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་སློབ་གྲྭ་བཙུགས་ནས་འཇིགས་སྐུལ་བྱ་སྤྱོད་སྤེལ་བའི་ལག་རྩལ་བརྒྱུད་ཁྲིད་བྱེད་པ། འབར་གས་དངོས་རྫས་བཟོ་བའི་ལག་རྩལ་བརྒྱུད་སྒྲོག་བྱེད་པ། སྦྲེལ་འཕྲིན་དྲ་རྒྱའི་སྟེང་རྟོག་བཟོའི་ཐོབ་ཐང་དང་གསང་བའི་ལག་རྩལ་ལ་བརྟེན་ནས་འཇིགས་སྐུལ་བྱ་སྤྱོད་ཇུས་འགོད་དང་འཇིགས་སྐུལ་བྱ་འགུལ་རྩ་འཛུགས་བཅས་བྱེད་ཀྱིན་ཡོད་པ་རེད།

དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་སྒྲིག་བཟོ་དང་བརྒྱུད་གཏོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཕྱིར་ལྟ་བྱས་ཚེ། སྒྲ་དང་བརྙན་རིས། འདྲ་པར་སོགས་ལ་འབར་གས་དྲག་ཤུགས་ཀྱི་ནང་དོན་ལྡན་ལ་ཁྲག་དྲི་བྲོ་བ། མུ་འབྲེལ་རང་བཞིན་གྱི་ཁྱད་ཆོས་མང་པོ་ལྡན་པས་དྲག་ཤུགས་འཇིགས་སྐུལ་དང་མི་རིགས་ཁ་བྲལ། ཆོས་ལུགས་ཐལ་ཆེའི་བསམ་བློ་དེ་དྲག་ཤུགས་འཇིགས་སྐུལ་ཉེས་གསོག་བྱ་འགུལ་དུ་བསྒྱུར་བའི་“འཕྲུལ་ཆས”དང་། དྲག་ཤུགས་འཇིགས་སྐུལ་ཉེས་གསོག་ཚོགས་ཁག་གི་“བསམ་བློའི་ཁྲིད་སྟོན”དང“བྱ་སྤྱོད་ཕྱོགས་སྟོན”“བབ་གཞི་སྦྱོང་བརྡར”དུ་གྱུར་ཡོད་པས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི“དུག་ཁུངས”ཆེ་ཤོས་ཤིག་ཏུ་གྱུར་ཡོད།

བཞི་པ།  དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ཁྱད་ཆོས།

གཅིག  མ་གནས་དམའ་བ།

སྦྲེལ་འཕྲིན་དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་འཇིགས་སྐུལ་སྒྲ་བརྙན་སྣ་ཚོགས་བརྒྱུད་གཏོང་བྱེད་པ་ནི་སྲོལ་རྒྱུན་གྱི་ཁྱབ་སྤེལ་་བྱེད་ཐབས་དང་བསྡུར་ན་མ་གནས་ཇེ་དམའ་རུ་ཕྱིན་ཡོད་པ་མ་ཟད། ཆ་འཕྲིན་བརྒྱུད་སྤྲོད་ཀྱི་ཕན་འབྲས་ནུས་ལྡན་ངང་ཇེ་ལེགས་སུ་བཏང་སྟེ་དུས་ཚོད་ཐུང་ངུའི་ནང་མི་སྣ་དེ་ལས་མང་བས་ཤེས་རྟོགས་བྱེད་སླ་བས་དུས་ཚོད་ཀྱི་མ་གནས་ཡང་ཉུང་དུ་ཕྱིན་ཡོད། གཞན་ཡང་དྲ་རྒྱའི་ཐོག་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱ་རྒྱུ་དེ་ནི་དངོས་མིང་འགོད་མི་དགོས་པའི་རྣམ་པ་ཞིག་ཏུ་གྱུར་ཡོད་སྟབས་དྲ་སྟེང་དུ་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ཉེན་ཁའང་ཇེ་དམའ་རུ་ཕྱིན་ཡོད་པ་རེད།

གཉིས།  ཡིབ་གཤིས་ཆེ་བ།

སྦྲེལ་འཕྲིན་དྲ་རྒྱ་བརྒྱུད་ནས་འཇིགས་སྐུལ་སྒྲ་བརྙན་བརྒྱུད་གཏོང་བྱས་ཚེ་དུས་ཚོད་དང་བར་སྟོང་གི་བཀག་རྒྱ་ཆེན་པོ་ཐེབས་མི་དགོས་པར་མི་དང་རྩ་འཛུགས་གང་ཡིན་རུང་ཚང་མས་དྲ་རྒྱའི་སྟེགས་བུར་བརྟེན་ནས་འཇིགས་སྐུལ་སྒྲ་བརྙན་བརྒྱུད་གཏོང་བྱེད་ཐུབ་པ་དང་། བརྒྱུད་སྤྲོད་བྱས་རྗེས་འཕྲལ་མར་ཉེར་སྤྱོད་རྗེས་ཤུལ་མེད་དུ་བཟོས་ཏེ་ཡིབས་ནས་སྡོད་ཆོག་པས་གསང་བའི་རང་བཞིན་ཅུང་ཆེན་པོ་ལྡན།

གསུམ།  བརྒྱུད་གཏོང་བྱེད་སྟངས་མང་བ།

དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པར་ལས་སྟེགས་འདྲ་མིན་སྣ་ཚོགས་ཡོད་པ་དང་དབྱེ་འབྱེད་བྱེད་དཀའ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པས་དྲ་ཚིགས་དང་ལག་ཁྱེར་ཁ་པར་སོགས་ཀྱི་ཐོག་ནས་སིམ་འཛུལ་བྱས་ཡོད། འཇིགས་སྐུལ་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ཐབས་ལམ་ནི་དེ་སྔའི་པེ་ཏུའུ་དྲ་སྡེར་དང་། QQབར་སྟོང། ཡུའུ་ཁུའུ་དྲ་རྒྱ། 360དྲ་སྡེར། uསྡེར། 56བརྙན་ཟློས་དྲ་བ་བཅས་ནས་རིམ་བཞིནDIDIདྲ་རྒྱའི་གླེང་མོལ་ཡོ་བྱད་དང་སྐད་འཕྲིན་ཚོགས་པ། གཞས་གཏམ། ལག་ཁྱེར་ཁ་པར་གྱི་བགྲོ་གླེང་མཉེན་ཆས། གློག་རྡུལ་ཚོང་དོན་དྲ་ཚིགས་སོགས་སུ་བསྒྱུར་ཡོད་པ་རེད།

བཞི།  གནོད་སྐྱོན་ཆེ་བ།  

 དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་གནོད་སྐྱོན་རང་བཞིན་ཆེས་ཆེ་བའི་མཚོན་ཚུལ་ནི། དྲ་རྒྱའི་ཐོག་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱས་པ་བརྒྱུད་ཆོས་ལུགས་ཐལ་ཆེའི་བསམ་བློ་དང་མི་རིགས་ཁ་བྲལ་བསམ་བློ། དྲག་ཤུགས་འཇིགས་སྐུལ་གྱི་བསམ་བློ་བཅས་དྲིལ་སྒྲོག་བྱས་ཤིང་དྲག་ཤུགས་འཇིགས་སྐུལ་གྱི་ཉེས་གསོག་ངན་སྐུལ་བྱས་པ་དེ་རེད།  དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་ལས་རྒྱལ་ཁབ་དང་མི་རིགས་སྲིད་ཇུས་ལ་དམའ་འབེབས་བྱེད་པ། མི་རིགས་བར་གྱི་འབྲེལ་བར་བསམ་ངན་བཅངས་ནས་དཀྲུག་ཤིང་འཕེན་པ། མི་རིགས་བར་མཐོང་ཆུང་བྱེད་པ། ཏང་དང་སྲིད་གཞུང་ལ་ངན་སྐུལ་དང་ངོ་རྒོལ་བྱེད་པ། དྲག་ཤུགས་འཇིགས་སྐུལ་སོགས་ཉེས་གསོག་རྩལ་ནུས་བརྒྱུད་སྤེལ་བྱེད་པ། འཇིགས་སྐུལ་འཇབ་རྒོལ་དང་མཚོན་ཆ་བཟོ་སྐྲུན་གྱི་ཞིབ་ཕྲའི་གོ་རིམ་མཁོ་འདོན་བྱེད་པ་སོགས་དངོས་ཡོད་ཀྱི་གནོད་སྐྱོན་རང་བཞིན་ཆེན་པོ་ལྡན་ཡོད།

ལྔ་པ།  དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་དང་འབྲེལ་བའི་བྱ་སྤྱོད་ལ་ནག་ཉེས་བསགས་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས།

དྲ་རྒྱའི་འཇིགས་སྐུལ་འཇབ་རྒོལ་ལ་རྡུང་རྡེག་གཏོང་བའི་ཐད་རང་རྒྱལ་དུ་འཐུས་སྒོ་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཙུགས་ཡོད། དཔེར་ན། འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་དང་ཐལ་སྐྱོད་རིང་ལུགས་ཀྱི་ནག་ཉེས། འཇིགས་སྐུལ་བྱ་སྤྱོད་སྤེལ་རྒྱུའི་ངན་སྐུལ་བྱས་པའི་ནག་ཉེས་ལྟ་བུ་ཡིན་ལ། དེས་འཇིགས་སྐུལ་བྱ་སྤྱོད་ལ་སྔར་ལས་རྡུང་རྡེག་གཏོང་པར་ཕན་ནུས་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་དང་བསྡུར་ན་ཧ་ཅང་འཐུས་ཚང་ཡིན་པ་རེད། རང་རྒྱལ་གྱི་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་དང་འབྲེལ་བའི་བྱ་སྤྱོད་ལ་ནག་ཉེས་བསགས་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་སའང་མང་པོ་ཡོད་དེ།

གཅིག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་དོན་དགུ་པ་ལྟར་ན། འཇིགས་སྐུལ་བྱ་འགུལ་སྒྲིག་འཛུགས་དང་ཇུས་འགོད། ལག་བསྟར་བཅས་བྱེད་གྲབས་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་ངན་སྐུལ། འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་བྱེད་པའི་དངོས་རྫས་གསོག་ཉར། མི་གཞན་ལ་བཙན་ཤེད་ཀྱིས་མི་མང་འདུ་འཛོམ་བྱེད་སར་འཇིགས་སྐུལ་རིང་བཞིན་གྱི་འུད་སྒྲོག་བྱེད་པའི་གྱོན་ཆས་དང་མཚོན་རྟགས་གྱོན་དུ་འཇུག་པ། འཇིགས་སྐུལ་བྱ་འགུལ་གྱི་རྩ་འཛུགས་དང་འཇིགས་སྐུལ་བྱ་འགུལ་གྱི་མི་སྣ། ཡང་ན་འཇིགས་སྐུལ་བྱ་འགུལ་གསོ་སྦྱོང་བྱེད་པར་རོགས་རམ་བྱས་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་ལྟར་རྩད་གཅོད་བྱ་རྒྱུ་གཏན་འབེབས་བྱས་ཡོད།

གཉིས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་ཅུ་པ་ལྟར་ན། གཤམ་གསལ་གྱི་བྱེད་སྒོ་ལས་རིགས་གཅིག་ནང་ཞུགས་ཀྱང་ཉེས་ཚབས་ཅུང་ཆུང་ཞིང་ཉེས་ཚད་ལོན་མེད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ་དང་དངུལ་ཆད་སྒོར་ཆིག་ཁྲི་མན་གཅོད་རྒྱུ་གཏན་འབེབས་བྱས་ཡོད་དེ།

༼གཅིག༽འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱས་པའམ་ཡང་ན་འཇིགས་སྐུལ་བྱ་སྤྱོད་དང་ཐལ་སྐྱོད་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་རྒྱུའི་ངན་སྐུལ་བྱས་པའི་རིགས།

༼གཉིས།༽འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱ་རྒྱུའི་དངོས་རྫས་བཟོ་སྐྲུན་དང་སྒྲོག་སྤེལ་བྱེད་པ།  དེ་མིན་ཁྲིམས་དང་མི་མཐུན་པར་བདག་འཛིན་བཅས་བྱས་པའི་རིགས།

༼གསུམ།༽མི་གཞན་ལ་བཙན་ཤེད་ཀྱིས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་འུད་སྒྲོག་བྱེད་པའི་གྱོན་ཆས་དང་མཚོན་རྟགས་གྱོན་དུ་བཅུག་པའི་རིགས།

༼བཞི།༽འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱེད་པའམ་ཡང་ན་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་ཕྱིར་ཆ་འཕྲིན་དང་མ་དངུལ། དངོས་ཟོག ངལ་ལས། ལག་རྩལ། ལས་ཡུལ་སོགས་ཀྱི་རྒྱབ་སྐྱོར་དང་རོགས་འདེགས།  སྟབས་བདེ་བཅས་མཁོ་འདོན་བྱས་པའི་རིགས་བཅས་ཡིན།

གསུམ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་ནང་གསེས་གསུམ་པ་ལྟར་ན། མེ་གཏོང་བའམ་འབར་གས་བྱེད་པ། དངོས་རྫས་ཉེན་ཅན་བཏབ་ནས་སྤྱིའི་སྒྲིག་ལམ་དཀྲུག་རྒྱུའི་འུད་སྒྲོག་བྱེད་པ་བཅས་ལ།  ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་གཏན་འབེབས་བྱས་ཡོད།

བཞི།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉི་ཤུ་པའི་ནང་གསེས་ཚན་པ་གསུམ་པ་ལྟར་ན། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱེད་པའི་དཔེ་དེབ་དང་། སྒྲ་བརྙན་དཔྱད་ཡིག ཁྲིད་ཡིག་དང་ཆ་འཕྲིན་ཁྱབ་སྒྲོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱས་པའམ་ཡང་ན་འཇིགས་སྐུལ་བྱ་སྤྱོད་སྤེལ་རྒྱུའི་ངན་སྐུལ་བྱས་པའི་རིགས་ལ་དུས་བཙོན་ལོ་ལྔ་མན་དང་བཙན་ཉར་ལས་སྐུལ།  བཀག་ཉར་དོ་དམ་བཅས་སམ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་གཅོད་རྒྱུ་མ་ཟད་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་ལྔ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དམ་ཡང་ན་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་གཏན་འབེབས་བྱས་ཡོད།  

ལྔ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉི་ཤུ་པའི་ནང་གསེས་དོན་ཚན་དྲུག་པ་ལྟར་ན། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱེད་པའི་དཔེ་དེབ་དང་སྒྲ་བརྙན་དཔྱད་ཡིག་གམ་ཡང་ན་དངོས་རྫས་གཞན་དག་ཡིན་པ་ཤེས་བཞིན་དུ་ཁྲིམས་དང་མི་མཐུན་པར་ཉར་གསོག་བྱས་ཚེ། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་བྱ་རྒྱུའམ་ཡང་ན་བཀག་ཉར་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་དངུལ་ཆད་གཅིག་པུ་གཅོད་རྒྱུ་གཏན་འབེབས་བྱས་ཡོད།

དྲུག་པ། དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པར་རྡུང་རྡེག་གཏོང་བའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས།

གཅིག   མངའ་ཁོངས་ཕྱི་རོལ་གྱི་འབྱུང་རྩར་མྱུལ་ཞིབ་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། 

གཅིག་ནས་མངའ་ཁོངས་ཕྱི་རོལ་དུ་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་སྒྲིག་བཟོ་བྱས་ནས་རྒྱལ་ནང་དུ་བརྒྱུད་གཏོང་བྱེད་མཁན་གྱི་ཚོགས་པའམ་མི་སྒེར་ལ་གཏིང་སྔོག་བྱ་དགོས་པ་དང་། འཇིགས་སྐུལ་རྩ་འཛུགས་ཀྱི་མ་ལག་དང་བརྒྱུད་གཏོང་མི་སྣའི་ཐོབ་ཐང་གི་རྒྱབ་ལྗོངས་ཞིབ་བཤེར་བྱ་དགོས། དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་སྒྲིག་བཟོ་དང་བརྒྱུད་སྒྲོག་བྱེད་པའི་བདེན་དབང་སོར་བཞག་བཅས་བྱས་ནས་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་སྒྲིག་བཟོ་དང་བརྒྱུད་གཏོང་བྱེད་མཁན་ལ་རྡུང་རྡེག་གཏོང་དགོས།  གཉིས་ནས་ཕྱི་རྒྱལ་གྱི་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་དྲ་ཚིགས་དང་འཇིགས་སྐུལ་རྩ་འཛུགས་ཀྱིས་སྤྱོད་པའི་དྲ་གནས་འཚོལ་ཞིབ་བྱས་ནས་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་སྒྲིག་བཟོ་དང་བརྒྱུད་གཏོང་། འཚམས་འདྲི་བྱེད་མཁན་གྱི་ཁུངས་སྣེ་ཁོང་དུ་ཆུད་པར་བྱས་ནས་མྱུལ་ཞིབ་དང་རྡུང་རྡེག་གཏོང་བར་ཡང་དག་པའི་བདེན་དབང་བཙལ་དགོས།

གཉིས།  དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ཐབས་ལམ་གཅོད་དགོས།

གཅིག་ནས་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ལྟར་སྦྲེལ་འཕྲིན་དྲ་རྒྱར་བརྟེན་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་སྒྲིག་བཟོ་དང་བརྒྱུད་གཏོང་བྱེད་མཁན་གྱི་དྲ་རྒྱའི་རྩིས་ཨང་གི་སྒོ་རྒྱག་ཏུ་འཇུག་རྒྱུ་མ་ཟད། དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་གྱི་ཡོངས་ཁུངས་དང་བརྒྱུད་གཏོང་ཁྱབ་ཁོངས་ལ་རྩད་ཞིབ་ནན་མོ་བྱ་དགོས། གཉིས་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་སྒྲིག་བཟོ་དང་ཁྱབ་སྤེལ། ཕྱི་རྒྱལ་གྱི་དྲ་ཚིགས་ནས་ཕབ་འཇུག་བྱས་རྗེས་མངའ་ཁོངས་ནང་ཁུལ་གྱི་དྲ་ཐོག་ནས་བརྒྱུད་གཏོང་བྱེད་པ། དྲ་ཚུགས་ཀྱི་ཐོག་ནས་ཕབ་འཇུག་བྱས་རྗེས་སྤོ་རུང་གསོག་ཆས་སྤྱད་ནས་བརྒྱུད་གཏོང་བྱེད་པ། མི་མང་མཉམ་རུབ་ཀྱིས་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་ལ་ལྟ་བ། མཐར་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་ལ་བརྟེན་ནས་དྲག་ཤུགས་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ལམ་ལ་རྡུང་རྡེག་གཏོང་དགོས།

གསུམ།  དྲ་ཐོག་གཙང་བཤེར་དང་དྲ་འོག་ཞིབ་བཤེར་འཛིན་བཟུང་ལ་ཤུགས་སྣོན་དགོས། 

གཅིག་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་ལས་སྟེགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་བརྒྱུད་གཏོང་ལས་སྟེགས་ལ་དོ་སྣང་བྱས་ནས་དུས་ཐོག་ཏུ་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་ཡོངས་གཏོང་བྱས་པའི་གནས་ཚུལ་རྒྱུས་ལོན་བྱ་དགོས།  གཉིས་ནས་དྲ་དམངས་ཀྱི་དྲ་སྡེར་དང་བརྙན་ཟློས་མཉམ་སྤྱོད། སྐད་གདངས་ཁ་བརྡ་ཁང་། དུས་ཐོག་འཕྲིན་གཏོང་ཡོ་བྱད། ལག་ཐོགས་ཁ་པར་གྱི་བརྙན་ལམ་ཡོ་བྱད། ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་ཕབ་འཇུག་དྲ་ཚིགས། འཚོལ་བཤེར་མ་ལག་སོགས་དྲ་ཚིགས་དང་ཉེར་སྤྱོད་སྐོར་ཞིབ་ལ་ཤུགས་བསྣན་ནས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་དང་སྦྲེལ་མཐུད་བྱེད་གནས། རྩིས་ཨང་བཅས་ལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་མྱུལ་ཞིབ་དང་རྡུང་རྡེག་གཏོང་བར་མཐུན་རྐྱེན་བསྐྲུན་དགོས།

བཞི།  དྲ་སྦྲེལ་ཁེ་ལས་ལ་ལྟ་སྐུལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།  

གཅིག་ནས་དྲ་སྦྲེལ་ཁེ་ལས་ཀྱིས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་འགོག་ཟོན་བྱེད་པའི་ཐད་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་ལས་ཞིབ་གསལ་བྱས་ཏེ། དུས་ཐོག་ཏུ་འགོག་ཟོན་གྱི་བྱ་ཐབས་མ་སྤྱད་པའི་དྲ་སྦྲེལ་ཁེ་ལས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།  གཉིས་ནས་སྤྱི་བདེ་སྡེ་ཁག་དང་དྲ་འཕྲིན་སྡེ་ཁག་སོགས་ཀྱིས་མཉམ་འབྲེལ་སྒོས་དྲ་ཐོག་གཙང་བཤེར་དང་ལག་རྩལ་སྔོན་འགོག  ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་ཟུང་འབྲེལ་བྱས་ཏེ་ཁྱོན་ཡོངས་ནས“གྱང་སློག”མཉེན་ཆས་སོགས་“རྟོལ་བའི”ཡོ་བྱད་ཕབ་ལེན་སྦྲེལ་མཐུད་བྱེད་པར་གཙང་སེལ་བྱ་དགོས་པ་མ་ཟད།  “རྟོལ་བའི”ཡོ་བྱད་སྣ་ཚོགས་བརྒྱུད་སྒྲོག་དང་བཟོ་འཚོང་བྱེད་པའི་དྲ་ཚིགས་དང་བརྒྱུད་གཏོང་མི་སྣ་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།

ལྔ།  དྲིལ་སྒྲོག་དང་སློབ་གསོའི་ཁྲིད་སྟོན་བྱ་བ་ལེགས་པོར་བསྒྲུབ་དགོས། 

གཅིག་ནས་ཐབས་ལམ་སྣ་ཚོགས་སྤྱད་དེ་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་བྱ་དགོས་ཏེ། མང་ཚོགས་ཀྱིས་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་ལ་མི་ཉན་པ་དང་མི་ལྟ་བ། སྒྲ་བརྙན་སྒྲིག་བཟོ་མི་བྱེད་པ། ཕབ་ལེན་མི་བྱེད་པ། བརྒྱུད་སྒྲོག་མི་བྱེད་པ། སྒྲ་བརྙན་མི་འཚོང་བ་སོགས་དྲང་ཕྱོགས་ནས་ཁྲིད་སྟོན་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་ནང་དོན་མཆེད་རྒྱུ་མེད་པར་བཟོ་དགོས།  གཉིས་ནས་དཔེ་མཚོན་གྱོད་དཔེ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཏེ་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པར་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་འབྱེད་དང་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ལ་དྲག་ཤུགས་འཇིགས་སྐུལ་སྒྲ་བརྙན་བརྒྱུད་གཏོང་བྱེད་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ངོས་འཛིན་གསལ་པོ་ཡོང་བར་སློབ་གསོ་གཏོང་དགོས།

མཇུག་བསྡུའི་གཏམ།

མདོར་ན། དྲ་ཐོག་ཏུ་དྲག་ཤུགས་འཇིགས་སྐུལ་གྱི་བསམ་བློ་དང་ཆོས་ལུགས་ཐལ་ཆེའི་བསམ་བློ། མི་རིགས་ཁ་བྲལ་གྱི་བསམ་བློ། དེ་མིན་འབྲེལ་ཡོད་ཀྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད་པས། དེང་གི་ཛ་དྲག་ཆེ་བའི་དྲ་རྒྱའི་གནས་བབ་ཀྱི་མདུན་དུ་སྤྱི་བདེ་ལས་ཁུངས་ཀྱིས་ཧུར་ཐག་སྒོས་དྲ་རྒྱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ནང་ཞུགས་ཏེ། དྲ་རྒྱའི་འཇིགས་སྐུལ་བྱ་སྤྱོད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དོགས་ཟོན་ཐབས་ཇུས་བཟོ་དགོས་པ་མ་ཟད། དྲ་རྒྱའི་དྲག་ཤུགས་འཇིགས་སྐུལ་གྱི་སྒྲ་བརྙན་བརྒྱུད་གཏོང་བྱེད་པར་ཉེན་ཟོན་དང་རྡུང་རྡེག་གཏོང་བའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།