གླིང་སྒྲུང་གི་གཏམ་དཔེའི་སྒྱུ་རྩལ་རང་བཞིན་དང་སློབ་གསོའི་དོན་སྙིང་སྐོར་རགས་ཙམ་གླེང་བ།

གནད་བསྡུས། བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བརྗོད་བྱའི་ནང་དོན་ངོ་མཚར་ཆེ་ཞིང་བརྗོད་བྱེད་ཚིག་སྦྱོར་སྙན་པ་ཞིག་ཡིན་ཞིང་། ཁྱད་པར་དུ་དེའི་ནང་དམངས་ཁྲོད་ཀྱི་གཏམ་དཔེས་རབ་ཏུ་ཕྱུག་པ་ནི་དེ་བས་ཀྱང་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན། དེ་ཡང་གླིང་སྒྲུང་གི་གཏམ་དཔེ་ནི་ནང་དོན་མདོར་བསྡུས་ལ་སྙན་འཇེབས་ལྡན་པ་དང། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་ཟབ་མོ་ལྡན་ཞིང་། དེ་ནི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་གི་ཐོན་སྐྱེད་ལག་ལེན་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྩ་ཆེའི་ཤེས་རིག་ཅིག་ཡིན། དཔྱད་རྩོམ་འདིའི་ནང་གླིང་སྒྲུང་གི་གཏམ་དཔེའི་ཁྱད་ཆོས་ལས་གཙོ་བོ་སྒྱུ་རྩལ་གྱི་ཁྱད་ཆོས་དང་སློབ་གསོའི་དོན་སྙིང་སྐོར་བརྗོད་འདུག

གནད་ཚིག གླིང་སྒྲུང་། གཏམ་དཔེ། སྒྱུ་རྩལ་རང་བཞིན། སློབ་གསོའི་དོན་སྙིང་།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2018)01-133-09

གླེང་གཞི།

དེ་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་གི་གཏམ་དཔེའི་ཆ་ནས་བརྗོད་ན་མཛེས་ཆོས་ཕུན་སུམ་ཚོགས་ཤིང་། ཚིག་སྦྱོར་ལེགས་ལ་སྙན་འཇེབས་ལྡན་པ་སོགས་རྩོམ་རིག་སྒྱུ་རྩལ་གྱིས་རབ་ཏུ་ཕྱུག་པ་ཞིག་ཡིན་ཞིང་། 《གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང》ལས། གལ་སྲིད་གླིང་སྒྲུང་གི་ནང་དུ་གཏམ་དཔེ་དེ་འདྲ་གསོན་ཉམས་ལྡན་པ་མང་པོ་ཞིག་མེད་པའི་དབང་དུ་བཏང་ན། གེ་སར་རྒྱལ་པོའི་རྣམ་ཐར་ལ་ཡང་འདི་ལྟའི་མཚན་སྙན་མཐོ་ཞིང་ཡིད་དབང་འཕྲོག་པའི་ནུས་པ་ཡང་ཐོན་དཀའ་མོ་འདུག་①ཅེས་བརྗོད་པ་ལྟར། གླིང་སྒྲུང་གི་གཏམ་དཔེའི་བརྗོད་བྱའི་ནང་དོན་ཐད་བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་འདུས་ཤིང་། བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆོས་ལུགས། མི་ཆོས། འཚོ་བའི་གོམས་གཤིས། ས་ཁམས་ཆགས་ཚུལ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་དམ་ཟབ་ལྡན་ཡོད། དེ་ཡང་དམིགས་བསལ་གཅེས་འཛིན་བྱེད་འོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་སློབ་གསོའི་དོན་སྙིང་ཆེན་པོ་ལྡན་ཡོད་པས། དམིགས་བཀར་གཅེས་འཛིན་བྱེད་འོས་པ་ཞིག་ཏུ་མཆིས། དེ་ཡང་རྩོམ་ཡིག་འདིའི་ནང་གནད་དོན་དེའི་སྐོར་རགས་ཙམ་གླེང་བར་བྱ།

དང་པོ། ཚིག་འདུས་ཤིང་གནད་ལ་འཕིགས་པ།

བརྗོད་ཚིག་མདོར་འདུས་ཤིང་གོ་དོན་ཟབ་པ་དང་། བསམ་གཞིགས་ཇི་ཙམ་བྱས་པ་དེ་ཙམ་གྱིས་གསོན་ཉམས་དོད་དུ་འགྲོ་བ་དང་དྲན་པའམ་རྟོག་པ་ཇེ་ཆེར་བསྐྱེད་ནུས་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཁྱད་འཕགས་སྟེར་ནུས་པ་ནི་གླིང་སྒྲུང་གི་གཏམ་དཔེའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཞིང་། གཏམ་དཔེའི་སྒྱུ་རྩལ་ཁྱད་ཆོས་དེ་དག་ལ་བརྟེན་ནས་གླིང་སྒྲུང་གི་ཡིད་དབང་འཕྲོག་ཤུགས་ཀྱང་རང་ཤུགས་སུ་ཆེ་རུ་འགྲོ་བ་སྨོས་ཅི་དགོས། དེ་ཡང་སྙན་ཞིང་གོ་སླ་བའི་ཚིག་གི་ཕྲེང་བར་སྤེལ་བ་དང་། ནང་དོན་དང་གནས་ལུགས་ཟབ་མོ་སྟོན་ཐུབ་པ་སྟེ། དཔེར་ན། ཁམ་ཆེ་ན་སྟག་མོ་མི་ཤས་བརྣང་། ངར་ཆེ་ན་རལ་གྲི་སོ་ཁ་གྲུག རྒོད་ཆེ་ན་དགྲ་ཡའི་མཚོན་འོག་ཤི།② ཁྲ་དང་ནེའུ་ལེ་འུག་པ་གསུམ། སྤོ་ཏོ་གཅིག་ལ་སྔས་བྱས་ཀྱང། བློ་སེམས་མི་གཅིག་ཁ་ཁ་རེད། ཁྲ་ཡིས་ནམ་མཁའ་ཨེ་ལང་བསམ། འུག་པས་ཉི་མ་ནམ་འགྲིབ་བསམ། ནེའུ་ལེས་ས་ཆུ་ནམ་དྲོས་བསམ།③ ཞེས་པ་ལྟ་བུར་མཚོན་ན། བྱེའུ་སོགས་གསོད་མཁན་གྱི་བྱ་ཁྲ་དང་གཅན་གཟན་ནེའུ་ལེ་སྟེ་སྲེ་མོང་། མཚན་མོ་འཕུར་བའི་བྱ་རིགས་འུག་པ་བཅས་སྲོག་ཆགས་རིགས་མི་འདྲ་བ་གསུམ་དཔེར་དྲངས་ནས་སྡོད་སའི་གནས་གཅིག་མཚུངས་སུ་སྤོ་ཏོའི་ཁུལ་དུ་བསྡད་ཀྱང་རང་སོ་སོའི་བསམ་རྒྱུ་མི་འདྲ་བ་ཡིན་པ་ལྟ་བུ་བྱེད་མི་རུང་བར་བརྗོད་འདོད་དོན་གྱི་ལྟེ་བ་བློ་སེམས་གཅིག་སྒྲིལ་དང་།  རྡོག་རྩ་གཅིག་སྒྲིལ་བྱས་ནས་དགྲ་བོར་ཁ་གཏད་གཅོག་དགོས་པ་དང། མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དཔེ་དོན་འབྲེལ་ཆགས་པའི་ཐོག་ནས་ཟབ་མོར་བསྟན་ཡོད་པ་ལྟར་རེད། གཏམ་དཔེ་དེ་དག་ལ་དོན་གནད་ལ་འཕིགས་པ་དང། དཔེ་གསོན་ཉམས་ལྡན་པ། ཤུགས་བསྟན་གྱི་གོ་དོན་ཟབ་པ་བཅས་ཀྱི་ཁྱད་ཆོས་ལེགས་པར་མཆིས། ཡང་དཔེར་ན། ཕོ་རབ་འཁྱོགས་པ་སྦ་འཁྱོགས་རེད། སྦ་ཉི་མས་དྲོས་ན་གར་སྲོང་ཡིན། ཕོ་འབྲིང་འཁྱོགས་པ་རྭ་འཁྱོགས་རེད། རྭ་ཚ་གྲང་འཛོམས་ན་ཅི་བཟོ་རེད། ཕོ་ཐ་འཁྱོགས་པ་རྡོ་འཁྱོགས་རེད། རྡོ་གོར་མོ་འཁྱོགས་ན་བྱེད་རྒྱུ་མེད།④ཅེས་པ་ལྟ་བུ་སྦ་ཤིང་དང་། རྭ་ཅོ། རྡོ་བཅས་དཔེ་རུ་དྲངས་ནས། སྐྱེ་བོ་རབ་འབྲིང་ཐ་གསུམ་གྱི་དོན་བསྟན་པར་བྱས་པ་དང་།  སྐྱེ་བོ་རབ་འཁྱོགས་པ་སྟེ་སྐྱོན་དང་ནོར་འཁྲུལ་བྱུང་ནའང་འབྲོག་ཁུལ་གྱི་འདུག་སྟེགས་སོགས་སླ་ཆོག་པའི་མཉེན་ཆ་ཆེ་བའི་སྦ་ཤིང་ལྟ་བུ་ཉི་མའམ་མེ་ཡིས་ཚ་པོ་བཟོས་ན་འཁྱོགས་འདྲོངས་ཐུབ་པ་ལྟ་བུ་དང་།  ཕོ་འབྲིང་ཞིག་འཁྱོགས་པ་སྟེ་སྐྱོན་དང་ནོར་འཁྲུལ་བྱུང་ཚེ་འབྲི་གཡག་སོགས་སེམས་ཅན་གྱི་རྭ་ཅོ་དང་འདྲ་བར་ཚ་དྲང་འཚམ་པོ་བྱུང་ན་འཁྱོགས་འདྲོང་ཐུབ་པ་ལྟ་བུ། ཕོ་ཐ་མ་འཁྱོགས་པ་སྟེ་སྐྱོན་དང་ནོར་འཁྲུལ་བྱུང་ཚེ་རྡོ་ལྟ་བུར་འཁྱོགས་འདྲོང་ཐབས་མེད་པར་གས་ཆག་འགྲོ་བའི་གནས་ལུགས་བསྟན་པའི་ཐོག་ནས་བརྗོད་འདོད་སྡིག་གཅོད་ཤན་པ་རྨེ་རུ་རྩེས་འདན་མ་ནས་ཕོ་ཚོད་བཟུང་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་བསྟན་ཡོད། དེ་ཡང་ཚིག་སྡེབ་སྦྱོར་ལེགས་པ་དང་། བསམ་བློའི་རང་བཞིན་ཆེ་བ་སོགས་བོད་མི་རིགས་ཀྱི་བསམ་བློའི་རྣམ་དཔྱོད་དང་རིག་གནས་ཀྱི་གོ་དོན་ལེགས་པར་མངོན་ཐུབ། ཡང་དཔེར་ན། བློ་སྔོན་ལ་དྲན་ན་དགའ་འོ་ཟེར། ལས་རྒྱབ་ནས་འགྱོད་ཚར་འཕྱིས་སོ་ཟེར།⑤ ལྟ་བུ་ཚིག་ཉུང་ལ་དོན་ཆ་ཚང་བ་སྟོན་ཐུབ་ཅིང་། བྱ་བ་ཅི་ཞིག་བྱས་རུང་སྔོན་ལ་བསམ་གཞིགས་དང་གྲོས་བསྡུར་བྱ་རྒྱུ་གལ་ཆེ་ཞིང་། བྱ་བ་ཚར་ནས་ཕྱི་འགྱོད་བྱེད་པ་ནི་དོན་སྙིང་མེད་པའི་གནས་ལུགས་ཟབ་མོ་བསྟན།⑥ ཡང་དཔེར་ན། བློ་སྔོན་དུ་དྲན་པ་གྲུང་པོ་ཡིན། རྒྱབ་ལ་དྲན་ན་གླེན་པ་ཡིན། འགྱོད་པ་ལས་ཀྱི་མཐའ་མ་ཡིན། ཕོ་རབ་དེ་མ་ཐག་ནས་དྲན། ཕོ་འབྲིང་རི་ཐང་མཚམས་ནས་དྲན། ཕོ་མཐའ་མས་སྐྱ་ཕྱ་ཐང་ནས་དྲན། དེ་ནས་དྲན་དང་མ་དྲན་མེད། ཅེས་པ་ལྟ་བུ་བྱ་བ་ཅི་ཞིག་བྱས་རུང་སྔ་བསམ་ཕྱི་བསམ་བྱེད་དགོས་པའི་གནས་ལུགས་དཔེ་དང་དཔེ་ཅན་འབྲེལ་ཆགས་པའི་ཐོག་ནས་བརྗོད་པར་བྱས་པ་དང་། མི་རྣམས་ལ་རང་བཞིན་གྱིས་གོ་བ་རྙེད་ཐུབ་པ་དང་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཐོན་ཐུབ། གླིང་སྒྲུང་གི་གཏམ་དཔེ་འདི་ལྟ་བུའི་མདོར་བསྡུས་ཡིན་པ་ནི། བོད་རིགས་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་དང་འཐབ་འཛིང་གི་བརྒྱུད་རིམ་ལས་བྱུང་བ་ཞིག་ཡིན་ཞིང་། དཔེར་ན་ཤིང་སྡོང་པོ་གཞོན་དུས་བྲེགས་ན་དགའ། མེ་འབར་བ་ཆུང་དུས་བསད་ན་དགའ། སྟག་སྤགས་མགོ་ནས་མཉེས་ན་ལེགས། སྡང་དགྲ་བོ་མགོ་ནས་བཅོམ་ན་དགའ།⑦ ཞེས་པ་ལྟ་བུ་ཚིག་སྔ་མ་གསུམ་དཔེ་དང་ཕྱི་མ་གཅིག་དཔེ་ཅན་གྱི་རྣམ་པའི་ཐོག་ནས་བརྗོད་འདོད་དགྲ་བོ་སྟོབས་ཤུགས་ཆུང་དུས་ནས་འཛོམས་དགོས་པའི་གནས་ལུགས་ཤེས་ཐུབ་པའི་ཁྱད་ཆོས་ལྡན། ཡང་དཔེར་ན། གོས་གོང་བ་མེད་ན་བཟོ་འཕྲོ་རེད། མཚོན་ཡུ་བ་མེད་ན་གྲོ་ལུ་རེད། གཏམ་ཕུགས་སོ་མེད་ན་རྫུན་གཏམ་རེད།⑧ཅེས་པ་ལྟ་བུ་རྫུན་གཏམ་ནི་ཕུགས་མི་འཕེར་བ་ཞིག་ཡིན་པའི་གནས་ལུགས་དེ་དཔེ་གོས་གོང་བ་མེད་པ་དང་། མཚོན་གྱི་ཡུ་བ་མེད་པ་གཉིས་ལ་བཞག་ནས་བརྗོད་དོན་མཚོན་པར་བྱས་ཡོད། མི་ཤི་ཁར་རིག་པ་བྲེལ་ཚུབ་ཚུབ། ཁྱི་ཤི་ཁར་འདུར་རྒྱུག་ཏུངས་སེ་ཏུང་། སྟོན་དགུན་ཕྱེ་ཁར་སྤྲིན་མགོ་བྲེལ། ཁུ་བྱུག་ཡོང་ཁར་ཁྭ་ཏ་བྲེལ།⑨ལྟ་བུ་དང་། ཡང་དཔེར་ན། གཟར་མོའི་བྲག་ལ་མ་སོང་ན། བདེ་མོའི་སྤང་ལ་མི་ཕྱིན་ཏོ། ཡིད་སྐྱོ་མོའི་ལམ་ལ་མ་ཕྱིན་ན། སེམས་དགའ་བའི་གྲོགས་དང་མི་འཕྲད་དོ།⑩ ལྟ་བུ་སོགས་ཀྱི་གཏམ་དཔེ་ནི་ངོས་འཛིན་དང་ལག་ལེན་གྱི་འབྲེལ་བ་བརྗོད་པ་ཞིག་ཡིན་ཞིང་། ལག་ལེན་ནི་ངོས་འཛིན་འབྱུང་ཁུངས་ཡིན་པ་དང་། ཡང་དག་པའི་ངོས་འཛིན་ལག་ལེན་དངོས་ནས་བྱུང་བ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། དེ་ཡང་གླིང་སྒྲུང་ཁྲོད་ཀྱི་གཏམ་དཔེ་འདི་དག་སློབ་གྲྭ་འབྲིང་ཆུང་སོགས་ཀྱི་བོད་སྐད་ཡིག་གི་སློབ་ཁྲིད་ནང་བེད་སྤྱོད་བཏང་ཚེ། སློབ་མས་སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་ཡིག་གི་ཁྱད་ཆོས་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་དང། གང་འདྲ་བྱས་ནས་ཞུན་བརྡར་བྱས་པའི་ཚིག་སྦྱོར་བེད་སྤྱོད་གཏོང་རྒྱུ། ཕུན་སུམ་ཚོགས་པའི་ཚིག་སྦྱོར་ལ་གོ་བ་ལེན་རྒྱུ་དང་བྱང་ཆུབ་པ་ཆགས་རྒྱུར་ཕན་ཐོགས་ཆེན་པོ་ལྡན་ཡོད། དེ་མིན་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དུ་གཏམ་དཔེ་རྒྱ་ཁྱབ་ཀྱིས་ངོ་སྤྲོད་བྱེད་པ་དང་འགྲེལ་བརྗོད་བྱེད་པ་དེ་ཡང་སློབ་མ་ཚོས་བོད་སྐད་ཡིག་གི་ཐ་སྙད་ཁོང་དུ་ཆུད་ཚད་རྒྱ་སྐྱེད་གཏོང་བ་དང་། ཐ་སྙད་བེད་སྤྱོད་གཏོང་བའི་དོན་སྙིང་དང་ཚིག་གྲུབ་སྦྱོར་སྟངས་ཁོང་དུ་ཆུད་པར་བྱེད་པའི་ཐབས་ཡག་ཤོས་ཤིག་ཀྱང་ཡིན། དེ་ཡང་གླིང་སྒྲུང་གི་གཏམ་དཔེ་ནི་ཚིག་སྟབས་བདེ་ཤ་སྟག་ཡིན་རུང་། གོ་བདེ་ཞིང་རྟོགས་སླ་བའི་གནས་ལུགས་སྟོན་ཐུབ་པ་དང་།  སློབ་མས་མིང་ཚིག་ཐ་སྙད་སློབ་སྦྱོང་བྱེད་རྒྱུ་དང། ནང་དོན་གོ་བ་ལེན་རྒྱུར་ཕན་ཐོགས་བླ་མེད་མཆིས་པར་སྙམ། དཔེར་ན། ཆབ་སྔོན་མོ་ཁ་ཞེང་ཆེ་ན་ཡང་། གྲུ་བཟང་པོས་ཕར་བཅད་ཚུར་བཅད་ཡིན། ཤིང་སྡོང་པོའི་རྩེ་མོ་མཐོ་ན་ཡང་། རྣོ་སྟ་གྲིས་ཕར་བཅད་ཚུར་བཅད་ཡིན།⑾ ལྟ་བུ་སྙན་ཞིང་འཇེབ་པའི་ཚིག་སྦྱོར་གྱི་ཐོག་ནས་ཧོར་ལ་མི་རྟ་མང་པོ་ཡོད་ནའང་ཨ་ཁུ་ཁྲོ་ཐུང་མི་གཅིག་གིས་འདུལ་ཐུབ་པའི་རྫིག་གཏམ་གྱི་དོན་མཚོན་ཕྱིར། ཆུ་ཆེན་ཟམ་པས་གཅོད་པ་དང་།  ཤིང་སྡོང་མཐོ་པོ་སྟ་རེས་འབྲེག་ཐུབ་པ་དཔེར་བླངས་ནས་བརྗོད་བྱའི་དོན་གྱི་གསོན་ཉམས་འབུར་དུ་ཐོན་པར་བྱས་ཡོད། ཡང་དཔེར་ན། དཔྱིད་ཟླ་གསུམ་ཉི་མའི་ཚ་ཟེར་དེས། གངས་དཀར་པོ་རྩེ་ནས་བཞུ་ངེས་ཡིན། བཞུ་ཟེར་ན་ལུང་པ་ཆུ་ཡིས་འགེངས། ཡུལ་གྲུ་བཞི་གྲམ་ཐང་སྐྱ་མོར་བཟོ། ཡུལ་ཆུང་འགག་གི་ཐལ་བའི་མེ། རླུང་ནག་པོས་དེད་ན་འུར་སྒྲས་བཀང་། འབར་ཟེར་ན་ཡུལ་ཆུང་མེ་ལྕེས་བཀང་། མཁར་བཟང་དྲུག་ཐལ་ཕུང་བཟོ་ངེས་རེད། དབྱར་གནམ་རྒོད་འཁྲུག་པའི་ཐོག་དམར་དེ། དགུང་འབྲུག་སྒྲས་འཇིག་རྟེན་གང་ཞིང་འདྲེན། བབས་ཟེར་ན་ས་གཞི་ཐོག་སེར་བཀང་། གར་བབས་དེ་ལ་ཐལ་བར་བཟོ།⑿ ལྟ་བུ་བརྗོད་བདེའི་ཚིག་སྦྱོར་སྙན་མོའི་ཐོག་ནས་བདེན་དོན་དང་ནོར་འཁྲུལ་གྱི་དབྱེ་བ་བཤད་པ་དང་། བདེན་དོན་ནི་དུས་ནམ་ཡང་འཐབ་ན་རྒྱལ་ཁ་ཐོབ་ངེས་ཡིན་པའི་གནས་ལུགས་གསལ་བཤད་བྱས་ཡོད།

གཉིས་པ། དཔེ་དོན་འབྲེལ་ཆགས་ཤིང་བརྗོད་དོན་ཟབ་པ།

གླིང་སྒྲུང་ནང་གི་གཏམ་དཔེ་ནི་བརྗོད་ཚིག་གསོན་ཉམས་ལྡན་ཞིང་། སྒྱུ་རྩལ་གྱི་ཡིད་དབང་འགུག་ནུས་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་། དེའི་ཐོག་ནས་མི་རྣམས་ཀྱིས་བསྲེགས་བཅད་བརྡར་གསུམ་གྱི་འཚོ་བའི་ཉམས་མྱོང་དང་འཇིག་རྟེན་ཁམས་དང་མི་ཚེའི་གནས་ལུགས་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་སྒྱུ་རྩལ་གྱི་མཛེས་ཆོས་ལོངས་སྤྱོད་ཐུབ་པ་ཞིག་ཡིན། དཔེར་ན། སྐོམ་ན་ཡུར་ཆུ་མི་འཐུང་བ། བྲེ་སེར་འབྲོང་གི་ངང་ཚུལ་ཡིན། ལྟོགས་ན་ཕུབ་རུལ་མི་ཟ་བ། ཁ་དཀར་རྐྱང་གི་ངང་ཚུལ་ཡིན། སྡུག་ན་མཆི་མ་མི་གཏོང་བ། སྐྱེས་པ་ཕོ་ཡི་དཔའ་ཚུལ་ཡིན།⒀ཞེས་པ་ལྟ་བུ་ངོ་བོ་མི་འདྲ་བའི་དཔེ་བྲེ་སེར་འབྲོང་དང་། ཁ་དཀར་རྐྱང་སྟེ་དཔེ་རྣམ་པ་གཉིས་བཀོད་པའི་ཐོག་ནས་བརྗོད་བྱའི་དོན་དཀའ་སྡུག་གི་མདུན་དུ་མགོ་བོ་མི་སྒུར་བའི་ཕོ་རྒོད་ཀྱི་ངང་ཚུལ་དཔེ་དོན་འབྲེལ་ཆགས་པའི་སྒོ་ནས་བརྗོད་པར་བྱས་ཤིང་། འབྲོང་དང་། རྐྱང་ནི་བོད་མི་ཡོངས་ཀྱིས་རྒྱུས་མངའ་ཆེ་བའི་སྲོག་ཆགས་ཀྱི་མཚོན་དཔེ་དེ་དག་ལས་དཔའ་བོའི་ངང་ཚུལ་བཟུང་དགོས་པ་ལས་ཞབས་འདྲེན་ཞུ་མི་རུང་བའི་མཚོན་དོན་བསྟན་པར་བྱས་ཡོད། ཡང་དཔེར་ན། གླིང་སྒྲུང་གི་གཏམ་དཔེར་ད་དུང་ཁ་ཏ་བསླབ་བྱ་དང་།  སྐུལ་འདེབས་སམ་བཟོད་བསྲན་སོགས་ཀྱི་བྱེད་ནུས་ལྡན་པ་མ་ཟད། རིག་གནས་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དཔེར་ན། ཤིང་ལྗོན་པས་སྐྱེ་ཚུགས་མ་ཟིན་ན། ལམ་སྐྱ་རིང་ཟུར་ལ་གནོད་པ་སྐྱེལ། ཕོ་སྟ་ཐོག་གཅིག་གིས་ཤིང་རྩེ་གཅོད། ཆབ་ཆུ་བོས་ཆེ་ཚད་མ་ཟིན་ན།མགྲོན་ལམ་རིང་འགྲིམ་པའི་ལམ་ལ་གནོད། གྲུ་ཟམ་པས་ཆུ་ཆེན་གཉའ་བ་གཉོན། དགྲ་ཤན་པས་རྒོད་ཚོད་མ་ཟིན་ན། ཕོ་གཉོམ་ཆུང་གྲུ་བཞིའི་ཇུས་ལ་གནོད།⒁ཅེས་པ་ལྟ་བུར་མཚོན་ན། ཕོ་ཚོད་མ་ཟིན་ན་མཐའ་མཇུག་ཕམ་ཉེས་སུ་འགྲོ་བའི་དཔེ་ཅན་ལ་མཚོན་བྱེད་ཀྱི་དཔེ་ལྗོན་ཤིང་དང་། ཆུ་བོ་གཉིས་བཀོད་ནས་བརྗོད་བྱའི་དོན་དེ་གསོན་ཉམས་ལྡན་པར་བྱས་པ་མ་ཟད། ཤུགས་བསྟན་གྱི་གོ་དོན་གཏིང་ཟབ་པོ་ཞིག་གསལ་བཤད་བྱས་ཡོད། ཡང་དཔེར་ན། སེམས་ཆུང་སྡུག་གིས་མ་གང་དང། རི་ཆེན་པོ་ཆུ་ཡིས་ཁྱེར་བ་མིན། ཐང་ཆེན་པོ་རླུང་གིས་ཁྱེར་བ་མིན། འབྲོང་བྲེ་སེར་ཁལ་འགེལ་ཡོང་བ་མིན། སྟག་དམར་ཡག་སྒོ་ཁྱི་ཉན་པ་མིན།⒂ཞེས་པ་ལྟ་བུ་དཔེ་དང་དཔེ་ཅན་དབར་ཐུན་མོང་གི་མཚུངས་ཆོས་གསལ་པོ་ཡོད་པའི་ཐོག་ནས་བརྗོད་འདོད་བྱ་བ་ཅི་ཞིག་བྱས་རུང་སེམས་ཆུང་གུ་དོག་བྱེད་རྒྱུ་མེད་པ་དང་། ཚད་རན་པོ་ཞིག་ལ་མཚམས་འཇོག་བྱེད་དགོས་པའི་གནས་ལུགས་རྒྱས་བཤད་བྱས་ཡོད། ཡང་དཔེར་ན། རྡོ་ལྕགས་བར་ནས་མེ་ཞིག་སྲིད། སྤྲ་བ་མེད་ན་ཅི་བྱེད་མེད། ས་སྨུག་བར་ནསJལོ་ཏོག་སྲིད། དྲོད་གཤེར་མ་འཛོམས་ཅི་སྐྱེ་མེད། ཅེས་ཚིག་ཉུང་ཉུང་འཀའ་ཤས་ཀྱི་ཐོག་ནས་རྡོ་ལྕགས་བར་ནས་མེ་འབྱུང་བའི་རྒྱུ་རྐྱེན་སྤྲ་བ་ཡོད་དགོས་པ་དང་། ས་ཞིང་ནས་ལོ་ཏོག་སྐྱེ་བའི་རྒྱུ་རྐྱེན་ནི་ས་རྒྱུན་གཤིན་པོ་ཡོད་པའི་རྨང་གཞིའི་ཐོག་དྲོད་དེ་ཉི་འོད་དང་ཆར་ཆུ་གཉིས་ཀ་མ་འཛོམས་ཚེ་ལོ་ཏོག་སྐྱེ་མི་ཐུབ་པའི་རྒྱུ་དང་འབྲས་བུའི་རྩོད་སྒྲུབ་འབྲེལ་བ་གསལ་པོར་བསྟན་པ་མ་ཟད་བོད་གངས་ལྗོངས་ས་མཐོའི་རང་བྱུང་ཁོར་ཡུག་ཀྱང་མཐོང་ཐུབ་པ་ཞིག་རེད། ཡང་དཔེར་ན། ཕ་བླ་མ་ཆོས་ར་ཤོར་བའི་དོན། ཆོས་གྲུབ་མཐའ་ཆགས་སྡང་བྱས་པས་ལན། གོང་དཔོན་པོ་ཁྲིམས་ས་མི་ནོན་དོན། ཁྲིམས་ཡོ་གཟུར་ལྐོག་རྔན་ཟོས་པས་ལན། སྡེ་ཁྲ་བོ་རང་ཇུས་མི་ནོན་དོན། དགྲ་ཕར་འགྲོ་དྲན་པས་ཚུར་ཕུང་བྱུང་།⒃ཞེས་པ་ལྟ་བུ་དང་།  བན་སྡོམ་མེདསྐོར་རྫས་ཅི་རག་བྱེད། འདི་ཕྱི་གཉིས་མེད་འཕྲལ་ཕུགས་ཕུང་། དཔོན་ཁྲེལ་མེད་རྒྱུ་རྫས་ཅི་རག་ལེན། འདི་ཕྱི་གཉིས་མེད་འཕྲལ་ཕུགས་ཕུང་། དམག་ཇུས་མེད་དཔོན་པོས་ལག་སྔ་བྱེད། འདི་ཕྱི་གཉིས་མེད་འཕྲལ་ཕུགས་ཕུང་།⒄ཞེས་པ་ལྟ་བུ་དང་། ལྷོ་མོན་ཡུལ་གྱི་ཁུ་བྱུག་ཅིག ལྷོ་སྤྲིན་ཕྱུག་མོའི་སྦྲང་ཆར་གཉིས། རྩི་ཤིང་ལོ་འདབ་རྒྱས་དང་གསུམ། འཛོམ་བསམ་ལེ་ཞེ་ལ་མེད་ན་ཡང། དཔྱིད་ཟླ་གསུམ་པ་ཤར་བའི་ཚེ། འཛོམ་དགོས་པ་སྔ་མའི་བསྐོས་ཐང་རེད། དཔྱིད་དྲོ་གྲང་སྙོམ་རྒྱུ་བཟློག་མེད་རེད།⒅ཅེས་པ་ལྟ་བུས། རྒྱུ་དང་འབྲས་བུའི་ཆ་རྐྱེན་གྱི་རྩོད་སྒྲུབ་འབྲེལ་བ་བསྟན་པ་དང་། ཡང་དཔེར་ན། དཔྱིད་ཟླ་གསུམ་ས་བོན་མ་བཏབ་ན། སྟོན་ཟླ་གསུམ་འབྲུ་དྲུག་དཀའ་མོ་འོང་། དགུན་ཟླ་གསུམ་བ་མོ་མ་གསོས་ན། དབྱར་ཟླ་གསུམ་འོ་མ་ལོན་ལེ་མིན། རྟ་འདོ་བ་རྒྱུན་དུ་མ་གསོས་ན། དགྲ་ཐོབ་རྒྱབ་བྱུང་དུས་ཁུག་ལེ་མིན།⒆ཞེས་དང་། སྤྲིན་དཀར་པོ་ལང་ལོང་གཡོ་བ་ན། ཆར་མི་འབེབས་ཐན་པའི་སྔ་ལྟས་ཡིན། དགུང་ཉི་མས་གུར་ཁྱིམ་ཕེབས་པ་ན། དུས་མ་ཡིན་ཐན་པའི་སྔ་ལྟས་ཡིན། ཞེས་དང་།  སྤྲིན་ནག་ཕག་གི་སེར་བ་འདིས། འབྲས་སྙེ་མ་འབུར་ལ་གཏོང་བ་མིན། སྐར་ཚོགས་ཕག་གི་བ་མོ་འདིས། སྔོ་ལྗང་གསོན་ལ་གཏོང་བ་མིན། ཞེས་དང་། སྦྲང་ཆར་ཟིལ་མ་འབབ་པའི་དུས། རྩྭ་དང་ལོ་ཏོག་རྒྱས་པ་ཡིན། ཟླ་བས་བསིལ་སྣང་སྤྲོ་བའི་དུས། གླིང་གཞིའི་རྒྱ་མཚོ་འཕེལ་བ་ཡིན། ཞེས་པ་དང་། ཇ་ག་ལེར་བསྐོལ་ན་ཁུ་བ་བཟང་། ལ་ག་ལེར་བརྒྱབ་ན་ལུས་ལ་འཕྲོད། དགྲ་ག་ལེར་འཐབ་ན་རྒྱལ་ཁ་ཐོབ། ཅེས་པ་སོགས་གཞི་རྩའི་ཆ་ནས་གངས་ཅན་ལྗོངས་ཀྱི་རང་བྱུང་ཁམས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་ཡོད་པ་མ་ཟད། གངས་ལྗོངས་ས་མཐོར་གནས་པའི་བོད་མི་རིགས་མི་དམངས་ཀྱིས་ནམ་དུས་ཀྱི་འགྱུར་བ་ཁོང་དུ་ཆུད་པ་དང་། ནམ་དུས་ལ་བརྟེན་ནས་སོ་ནམ་དང་འབྲོག་ལས་ཀྱི་ལས་ཀ་བཀོད་སྒྲིག་བྱེད་དགོས་པའི་ཤེས་བྱ་ཡང་ཁྱབ་གདལ་བྱས་ཡོད། སྤྲིན་ནག་པོ་ལང་ལོང་ལྷོ་ལ་འགྲོ། རླུང་བསེར་མའི་ཚ་གྲང་འཐབ་ན་ཡང་། ཆར་ཕུགས་ནས་འབབ་འདོད་བཤོལ་ཐབས་མེད། ཆུ་རྒྱ་མཚོ་ཆེན་པོའི་ཁ་གསོས་ལ། ཆུ་གྲངས་མེད་ལུང་དགུ་ཐུར་དུ་འབབ། རྐ་ཟབ་མོ་གྱེན་དུ་དྲངས་ན་ཡང་། ཆུ་ཐུར་དུ་འབབ་འདོད་བཤོལ་ཐབས་མེད། ཚེ་རེ་རེའི་དགེ་སྡིག་འབྱེད་དོན་ལ། ཕོ་སྐྱེས་ཚད་གཤིན་རྗེའི་གྲོང་དུ་འགྲོ། སྲོག་བླ་བླུ་ཅི་ཙམ་བྱས་ན་ཡང་། ཚེ་ཕུགས་ནས་རྫོགས་པ་གཤོལ་ཐབས་མེད།⒇ཅེས་པ་ལྟ་བུས། རྒྱུ་དང་འབྲས་བུའི་འབྲེལ་བ་ནི་བྱ་དངོས་འབྲེལ་བའི་རྣམ་པ་ཞིག་ཡིན་པ་དང་། དེ་ཡང་རྒྱུ་དང་འབྲས་བུའི་འབྲེལ་བའི་རྩོད་སྒྲུབ་ཀྱི་གནས་ལུགས་ཇི་བཞིན་རྟོགས་ཚེ། བྱ་བ་ཅི་ཞིག་བྱས་རུང་དེའི་སྔོན་དཔག་རང་བཞིན་དང་། རང་རྟོགས་རང་བཞིན་མཐོ་རུ་གཏོང་ཐུབ་ཅིང་། མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན།

གསུམ་པ། བརྗོད་དོན་ཟབ་ཅིང་སློབ་གསོའི་དོན་སྙིང་ཆེ་བ།

གླིང་སྒྲུང་གི་གཏམ་དཔེའི་འབྱུང་ཁུངས་ནི་མང་ཚོགས་ཀྱི་འཚོ་བ་ཡིན་ཞིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མཉམ་སྡུད་མཉམ་གསོག་བྱས་ནས། ཟམ་མི་ཆད་པར་ཕུན་སུམ་ཆོགས་སུ་སོང་བ་དང་གོང་འཕེལ་སོང་བ་ཞིག་ཡིན་པ་གོར་མ་ཆག གླིང་སྒྲུང་གི་གཏམ་དཔེ་ལས་ཤུགས་བསྟན་བྱས་པའི་དོན་སྙིང་གིས། གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བ་དང་། སྤྱི་ཚོགས་འབྲེལ་བ། ཐོན་སྐྱེད་འཚོ་བ་སོགས་ཐད་ཀྱི་གཏིང་ཟབ་པའི་གནས་ལུགས་མཚོན་ཐུབ་ཅིང་། དེ་ཡང་བོད་རིགས་མི་དམངས་ཀྱི་ལག་ལེན་དང་ཉམས་མྱོང་གི་རྨང་གཞིའི་ཐོག་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་དང་རྣ་བར་སྙན་པའི་སྐད་ཆའི་ཐོག་ནས། བོད་མི་རིགས་ཀྱི་བློ་གྲོས་དང་ཉམས་མྱོང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས། རིག་གནས། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས། ས་ཁོངས་གྲུབ་ཚུལ་སོགས་ཕྱོགས་བསྡོམས་བྱས་པ་མ་ཟད། སློབ་གསོའི་དོན་སྙིང་ཡང་ཆེན་པོ་ལྡན་ཡོད། དཔེར་ན། ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས། ས་ཆ་གང་ཡིན་སྐད་ཀྱིས་འབྱེད། ལ་ཁའི་ཁ་བ་ཆེ་ཆུང་དེ། ལྷ་བྱ་གོང་མོའི་སྐད་ལ་ཉོན། ལུང་པ་ཕུ་ཐག་རིང་ཐུང་དེ། གཙང་ཆབ་སྔོན་མོའི་འགྲོས་ལ་ལྟོས།﹙21﹚ལྟ་བུ་དང་། ཤར་གྱི་ཁྲི་གདུགས་ཉི་མ་དེ། འདུག་ལ་མ་བསྐོས་འགྲོ་ལ་བསྐོས། གླིང་བཞི་བསྐོར་ཞིང་མུན་པ་སེལ། རྩི་ཤིང་ལོ་ཐོག་དྲོད་ཀྱིས་སྨིན། མར་འབབས་གཙང་ཆབ་སྔོན་མོ་དེ། འདུག་ལ་མ་བསྐོས་འགྲོ་ལ་བསྐོས། ལུང་པ་འགྲིམ་ནས་ས་ཞིང་བརླན། འབྲུ་དྲུག་སྨིན་པའི་བཅུད་དུ་བྱེད།﹙22﹚ལྟ་བུ། ཞིབ་ཅིང་ཕྲ་བ་དང་། གསོན་ཉམས་ལྡན་པ། གཟུགས་སུ་བཀོད་པ། གོ་བ་ལེན་བདེ་བ་བཅས་ཀྱི་ཚིག་སྦྱོར་གྱི་རྣམ་པའི་ཐོག་ནས་རང་བྱུང་ཁམས་ཀྱི་ཁྱད་ཆོས་མཚོན་པར་བྱས་ཡོད། དཔེར་ན། ཁྱི་རྡ་ལིས་རྨུག་འདོད་སྔོན་རྒྱུག་བྱས། རྡོ་གོར་མོས་རྩིབ་གོག་བཅད་སྤྱད་རེད། ཕོ་སྡར་མས་དཔའ་གཏམ་སྔོན་ལ་འདོན། དཔའ་མི་ལོན་མགོ་རྣ་བཙོང་སྤྱད་རེད། སྨན་ཤེས་མེད་གནས་ལ་འགྲོ་སྔ་བྱས། གནས་མི་ཟིན་མི་ཁ་སྡང་སྤྱད་རེད།﹙23﹚ལྟ་བུ་དཔེ་དང་དཔེ་ཅན་འབྲེལ་ཆགས་པའི་ཐོག་ནས་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་།  རང་བྱུང་ཤེས་བྱ་སོགས་ཕྱོགས་བསྡོམས་བྱས་ཡོད་པ་དང་། ཤེས་བྱ་དང་། བསམ་བློ། རིག་གནས། བསམ་བློའི་འདུ་ཤེས་བཅས་གཅིག་སྡུད་ཀྱིས་མཚོན་པར་བྱས་ཤིང་། གངས་ལྗོངས་ས་མཐོའི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ཀྱང་འབུར་དུ་མངོན་ཡོད། དཔེར་ན། ཕ་བླ་མ་ཆོས་ར་ཤོར་བའི་དོན། ཆོས་གྲུབ་མཐའ་ཆགས་སྡང་བྱས་པས་ལན། གོང་དཔོན་པོ་ཁྲིམས་ས་མི་ནོན་དོན། ཁྲིམས་ཡོ་གཟུར་ལྐོག་རྔན་ཟོས་པས་ལན། སྡེ་ཁྲ་བོ་རང་ཇུས་མི་ནོན་དོན། དགྲ་ཕར་འགྲོ་དྲན་པས་ཚུར་ཕུང་བྱུང་།﹙24﹚ཞེས་པ་ལྟ་བུས། བླ་མས་ཆོས་ར་ཤོར་དོན་དང་། དཔོན་པོས་དཔོན་གནས་ཤོར་དོན་ཆོས་ལུགས་གྲུབ་མཐའ་རྩོད་པ་དང་། དཔོན་པོས་རྒྱུ་ཟ་རྔན་ལེན་བྱས་པའི་འབྲས་བུ་ལས་བྱུང་བ་དཔེ་རུ་དྲངས་ནས་བརྗོད་འདོད་ཧོར་གླིང་གཉིས་ཕན་ཚུན་འཁྲུག་རྩོད་སློང་མི་རུང་བའི་འདོད་ཚུལ་རྒྱས་བཤད་བྱས་པ་དང་ཆབས་ཅིག་མི་རྣམས་ལ་ཆོས་ལུགས་གྲུབ་མཐའི་བར་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་བྱེད་དགོས་པ་དང། དཔོན་རིགས་ནས་རྔམ་མེད་སྤྱོད་གཙང་བྱེད་དགོས་པའི་བསླབ་བྱ་བསྟན་ཡོད་པས། དེང་གི་ཆར་ཡང་དངོས་ཡོད་ཀྱི་སློབ་གསོའི་དོན་སྙིང་ལྡན་ཡོད། ཡང་དཔེར་ན། ཁྲི་འཛིན་བླ་མའི་བཀའ་དྲིན་གྱིས། བན་བཙུན་ཆུང་གྲྭ་པའི་གྲས་སུ་བཞག དཀོར་ཟས་རག་དུས་བླ་མ་བརྗེད། བཀའ་སྡོམ་པ་བུ་མོའི་པང་ལ་ཤོར། ལེ་ལན་བླ་མའི་ཐོག་ལ་བདའ།﹙25﹚ལྟ་བུས་ཇ་ལན་ཆུ་འཇལ་མི་བྱེད་པར་དྲིན་ཚོར་བ་བྱེད་དགོས་པའི་བསླབ་བྱ་བྱས་པ། འབུ་གྲོག་མ་རྡོག་པོ་ཆུང་ན་ཡང་། ཚོ་མང་བས་གྲོག་ཚང་བཙན་ས་བཟུང་། བྱ་ཁུག་རྟ་རྡོག་པོ་ཆུང་ན་ཡང་། ཐབས་མཁས་ནས་བྱ་ཚང་མཐོ་ལ་བཙན།﹙26﹚ལྟ་བུས་མི་རྣམས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་དགོས་པའི་སློབ་གསོ་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན་པ་ངོས་འཛིན་བྱ་རྒྱུར་སློབ་གསོའི་ནུས་པ་གལ་ཆེན་ལྡན་ཡོད། ཡང་དཔེར་ན། ཉལ་བའི་བུ་ལ་བདེ་བ་མེད། བདེ་བ་ཨེ་འདུག་རྡོ་ལ་ལྟོས། རྡོ་གོར་མོ་ཉལ་ཏེ་དྲེག་པས་མནན། ཤིང་སྡོང་པོ་ཉལ་ཏེ་རྩ་བ་རུལ། གོང་དཔོན་པོ་ཉལ་ན་ཁྲིམས་ར་ཉམས། སྟག་ཤར་པ་ཉལ་ན་དགྲ་མགོ་ལངས། སྨན་བུ་མོ་ཉལ་ན་གནས་མགོ་འཆོར།﹙27﹚ལྟ་བུས་མི་རྣམས་ལ་ལས་ལ་བརྩོན་པ་དང་། ངལ་རྩོལ་གྱི་གྲུབ་འབྲས་ལ་བརྩི་འཇོག་བྱེད་དགོས་པའི་དྲན་སྐུལ་གྱི་ནུས་པ་ལྡན་ཞིང་། དེ་དག་གི་ཐོག་ནས་བོད་རིགས་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ཕུལ་བྱུང་གཤིས་རྒྱུད་མངོན་པར་བྱས་ཡོད། དེ་བཞིན། སྐྱིད་དཀའ་སྡུག་གལ་ཏ་མགོ་སྦྲེལ་རེད། ལ་རེ་རྒྱག་དུས་ཐུར་རེ་ཡོད། མཐོན་པོའི་ལ་ཞིག་མ་བརྒྱབ་ན། བདེ་མོའི་ཐང་ལ་སླེབས་ལེ་མིན།﹙28﹚ཞེས་པ་སོགས་ཀྱིས་བདེ་བ་འདོད་ན་དཀའ་ངལ་ལ་མི་འཛེམས་པའི་སྙིང་སྟོབས་དགོས་ཤིང་། ལས་གང་ཞིག་བྱས་པ་འབྲས་བུ་དེ་ལྟར་འབྱུང་བ་ཆོས་ཉིད་ཡིན་པའི་གནས་ལུགས་བསྟན། ཡང་དཔེར་ན། ཕོ་མ་བྱས་ཚོད་མེད་གྲི་མགོ་འཕུར། ད་ཤོག་མ་མཆུ་ལྕེ་ཡིས་བསུ། གདོང་ཐུག་ཚེ་མགོ་བོ་སྨད་ནས་འདུག རྟ་མ་བྱས་ཚོད་མེད་འདུར་འགྲོས་ཅན། འགྲོ་ཟེར་ན་འདོ་ཕྲུག་རྔུལ་ཆུས་ཁེངས། རི་ཡར་གཤམ་ཟུར་ན་ཚུབས་སེ་ཉལ། ཁྱི་མ་བྱས་ཚོད་མེད་ཤི་འཐེན་བྱེད། དེ་ཆད་ན་རྔ་མ་སྒྱིད་ཁུག་འདྲེན། ཁྱིམ་ར་ཕུག་ངུ་ཟུག་ལྷང་སེ་ལྷང་།﹙29﹚ལྟ་བུས་བོད་རིགས་མི་དམངས་ཀྱི་འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད་པ་དང་། བོད་རིགས་མང་ཚོགས་ཀྱིས་ཆ་རྒྱུས་ཆེ་བའི་འཚོ་བའི་ནང་གི་དཔེ་མཚོན་བདམས་པ་མ་ཟད་གཟུགས་སུ་བཀོད་པའི་ཐོག་ནས་བརྗོད་པར་བྱས་པ་དང་། གསོན་ཉམས་ལྡན་པའི་ཚིག་སྦྱོར་གྱི་ཐོག་ནས་བབ་ཆགས་ཀྱི་གནས་ལུགས་རྒྱས་བཤད་བྱས་ཡོད།

མཇུག་གཏམ།

མདོར་ན་གླིང་སྒྲུང་གི་གཏམ་དཔེའི་གྲངས་འབོར་དང་། ནང་དོན་ཁྱབ་རྒྱ་ཆེ་བ་ནི་རང་རེ་བོད་ཀྱི་རྩོམ་རིག་གཞན་གྱིས་འགྲན་ཐབས་བྲལ་བ་ཞིག་ཡིན་ཞིང་། གླིང་སྒྲུང་གི་གཏམ་དཔེ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་། བརྗོད་བྱའི་དོན་འདུས་པ། བརྗོད་བྱེད་ཚིག་གོ་བདེ་ཞིང་སྙན་འཇེབས་ལྡན་པ། ཤུགས་བསྟན་གྱི་གོ་དོན་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་འཛོམས་པ་ཞིག་ཡིན། དེ་ཡང་གྲངས་ལས་འདས་པའི་གཏམ་དཔེ་དེ་དག་གིས་གླིང་སྒྲུང་གི་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། མི་རིགས་རང་བཞིན་བཅས་ཆེ་རུ་སོང་བ་མ་ཟད། མི་དམངས་མང་ཚོགས་ལ་ཐོན་སྐྱེད་འཚོ་བའི་ཉམས་མྱོང་རྒྱུད་སྤེལ་དང་། མི་རྣམས་ནས་དགེ་སྡིག་གི་བླང་དོར་འབྱེད་རྒྱུ། ལས་རྒྱུ་འབྲས་སྲུང་རྒྱུ། མི་རིགས་སྙིང་སྟོབས་ཆེ་རུ་གཏོང་རྒྱུ། བླ་ན་མེད་པའི་ཀུན་སྤྱོད་སྐྱེད་སྲིང་བྱེད་རྒྱུ་སོགས་ཀྱི་ཐད་གལ་ཆེའི་ནུས་པ་ལྡན་པ་མ་ཟད། ལྷག་པར་དུ་བོད་སྐད་ཡིག་གི་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱིས་བསམ་བློའི་རང་བཞིན་ཆེ་བ་དང་། སྐུལ་འདེད་ཀྱི་བྱེད་ནུས་ཆེ་བའི་གླིང་སྒྲུང་ཁྲོད་ཀྱི་གཏམ་དཔེ་འོས་འཚམས་ཀྱིས་དྲངས་ནས་སློབ་མར་སློབ་གསེང་གི་ཤེས་བྱ་རྒྱ་སྐྱེད་བྱས་ཚེ། སློབ་མས་བོད་སྐད་ཡིག་དང་བོད་ཀྱི་རིག་གནས་ལ་ཤེས་རྟོགས་སྔར་བས་ཆེ་བ་བྱེད་རྒྱུ་དང་། སློབ་མ་ཚོའི་རིག་གནས་བྱང་ཚད་ཆེ་རུ་གཏོང་རྒྱུ། སློབ་མ་རྣམས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་ཆེན་པོ་བྱེད་ཐུབ་པ་དང་།  བློ་སྒོ་འབྱེད་ཐུབ་པ་མ་ཟད། བསམ་བློར་ཤུགས་རྐྱེན་བཟང་པོ་ཡང་ཐེབས་ཐུབ། དཔེར་ན། ཕོ་ཁྲེལ་མེད་ཇག་པས་གཞན་ནོར་འཕྲོག དཔོན་ཁྲེལ་མེད་ཁྲམ་པས་རྒྱབ་ལ་ལངས། མཐའ་མི་བདེ་འཁྲུག་རྩོད་གཞི་མ་བཞག སྨན་ཁྲེལ་མེད་བྱི་ཕོའི་རྗེས་ལ་རྒྱུགས། མ་ཁྲེལ་མེད་བུ་མོའི་རྒྱབ་ལ་ལངས། མཐའ་མི་བདེ་ཁྱིམ་གཞིས་ཕུང་ལ་སྦྱོར། ཕོ་དཔའ་མེད་སྡར་མས་ལག་སྔ་བྱེད། དཔུང་རྒྱབ་མེད་འཇབ་མདས་མི་ཤ་བཟོས། མཐའ་མི་བདེ་རྒྱལ་ཁབ་འཁྲུགས་གཞི་སློང་།﹙30﹚ལྟ་བུ་དང་། ལྷ་སྡེ་བརྒྱད་སེར་བ་འབེབས་པའི་དུས། སྔགས་ནུས་པས་སེར་བ་མ་བཟློག་ན། ཆང་སྐྱེམས་པོ་འཐུང་མཁན་ཨ་མྱེ་ཡིས། རྔ་བརྐོར་བརྡུང་བྱས་ཀྱང་ངོ་རེ་ཚ། ལུས་ལང་ཚོ་རྒྱས་པའི་གཞོན་ནུ་མས། ལོ་ཆུང་དུས་གནས་འགོ་མ་ཟིན་ན། མགོ་བརྒྱན་ཆས་སྤྲས་ནས་ཨ་མའི་རྩར། ལུས་འཕྱོར་སྒེག་བྱས་ཀྱང་ངོ་རེ་ཚ།﹙31﹚ཞེས་པ་ལྟ་བུས་བོད་ཀྱི་སྤྱི་ཚོགས་གནས་སྟངས་མངོན་སུམ་གྱིས་བསྟན་ཞིང་། བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་དུ་འོས་འཚམས་ཀྱིས་དྲངས་ནས་སློབ་སྦྱོང་དང་འགྲེལ་བརྗོད་བྱས་ཚེ། བོད་ཀྱི་སྤྱི་ཚོགས་གནས་སྟངས་ཤེས་རྟོགས་དང་། སྐད་ཡིག་ལ་གོ་བ་ལེན་རྒྱུ་དང་། སྐད་བརྡའི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཧ་ཅང་དགེ་མཚན་ལྡན་པའི་ནུས་པ་དང་དོན་སྙིང་ལྡན་ཡོད་པ་དང་། ང་ཚོས་བོད་ཀྱི་གནའ་རབས་སྤྱི་ཚོགས་དང་རིག་གནས་ཤེས་རྟོགས་བྱེད་རྒྱུར་གལ་ཆེའི་རིག་གཞུང་གི་རིན་ཐང་ལྡན་ཡོད།

དཔྱད་གཞིའི་ཡིག་ཆ།

① གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན། གླེང་གེ་སར་རྒྱལ་པོའི་སྒྲིང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1994ལོར་དཔར། ཤ259

② གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ8པར་དཔར། ཤ147

③ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ96

④ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ69

⑤ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ18

⑥ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ22

⑦ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ28

⑧ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ29

⑨ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ74

⑩ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ84

⑾ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ98

⑿ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ205

⒀ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ171

⒁ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ89

⒂ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ84

⒃ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ87

⒄ གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ294

⒅ གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ157

⒆ རྟ་རྒྱུགས་ནོར་བུ་ཆ་བདུན། [M] ཁྲེན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་9པར་དཔར། ཤ91

⒇ ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ130

﹙21﹚ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ68

﹙22﹚གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ54

﹙23﹚གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ113

﹙24﹚ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ87

﹙25﹚གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར།  ཤ31

﹙26﹚ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ207

﹙27﹚རྟ་རྒྱུགས་ནོར་བུ་ཆ་བདུན། [M] ཁྲེན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་9པར་དཔར། ཤ14

﹙28﹚མོན་གླིང་གཡུལ་འགྱེད། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ58

﹙29﹚ཧོར་གླིང་གཡུལ་འགྱེད་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1980ལོའི་ཟླ་5པར་དཔར། ཤ225

﹙30﹚གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ88-89

﹙31﹚གངས་རི་ཤེལ་རྫོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་8པར་དཔར། ཤ202-203

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།