འབྲེལ་སྒྲའི་སྐོར་གྱི་གནད་དོན་འགའ་གླེང་བ། ——“ཀྲུང་གོའི་མི་དམངས་དངུལ་ཁང”དང“ཀྲུང་གོ་མི་དམངས་དངུལ་ཁང”

༄༅།། འབྲེལ་སྒྲའི་སྐོར་གྱི་གནད་དོན་འགའ་གླེང་བ།

                       ——“ཀྲུང་གོའི་མི་དམངས་དངུལ་ཁང་།”དང“ཀྲུང་གོ་མི་དམངས་དངུལ་ཁང་།”

【 རྩོམ་པ་པོ། འཇིགས་བྱེད་སྐྱབས།  ཧྲོ་མཱིན་ཡོན།】

(ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་ཁང་།  ཧྲང་ཧེ།  200234)

(ཀྲོང་ཧྲན་སློབ་གྲྭ་ཆེན་མོ།  ཀུང་ཀྲོའུ།)

ནང་དོན་གནད་བསྡུས། རྩོམ་འདིས་ཡིད་བྱེད་སྐད་བརྡ་རིག་པ(认知语言学)དང་བརྡ་དོན་རིག་པའི(语义学)གཞུང་ལུགས་ལ་གཞི་བཅོལ་ཅིང་།  འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་གཙོ་བོར་གླེང་ནས།  བོད་སྐད་ཀྱི་ཚད་བཀག་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན(定中结构)གྱི་ཆེད་སྤྱོད་ཀྱི་མིང་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་རུང་བའི་ལྟ་བ་བཏོན་ཡོད།

ཐ་སྙད་གཙོ་བོ།  འབྲེལ་སྒྲ།  མིང་འདུས་མ།  མིང་ཚོམས།  ཆེད་སྤྱོད་ཀྱི་མིང་།   

དེ་ཡང་མིང་གཉིས་སམ་དུ་མ་ཚོགས་ནས་མིང་འདུས་མ(复合词)གྲུབ་པའི་ཚེ།  དེ་འགྲུབ་བྱེད་ཀྱི་མིང་རྣམས་ནི་མ་གཞིའི་དོན་ལྡོག་པ་རེ་རེ་སྟོན་ཞིང་རང་སྐྱ་འཕེར་བའི་མིང་ནས། མིང་འདུས་མ་གང་གི་དོན་རྫས་ཙམ་མམ།  དོན་གྱི་གྲུབ་ཆ་ཙམ་དུ་གྱུར་ནས་ཡོད་པས།  མིང་འདུས་མ་དེ་ནི་རང་སྐྱ་འཕེར་བའི་མིང་དུ་མ་ཕྱོགས་གཅིག་ཏུ་སོར་བཞག་བྱས་པ་ཙམ་མ་ཡིན་པར།  དོན་རྫས་དུ་མའམ།  དོན་གྱི་གྲུབ་ཆ་འགའ་ཞིག་གིས་གྲུབ་ཅིང་མིང་བརྡའི་གོ་དོན(词汇意义)སྟོན་ནུས་པའི་མིང་ཞིག་ལས་མ་འདས་སོ། །འདི་དང་མིང་རྐྱང་བའི་བར་ལ་དོན་གྱི་འདུས་ཚད(信息量)མཐོ་དམན་གྱི་ཧེ་བག་ཙམ་ལས།  ངོ་བོ་ལ་ཁྱད་པར་ཅི་ཡང་མེད་པར་ངེས་བཟུང(指称)དང་འབོད་བྱེད(称谓)ཀྱི་རང་བཞིན་ལྡན་པས།  དེ་ནི་བསྟན་བྱ་གང་ངེས་འཛིན་བྱེད་ཀྱི་མིང་དུ་སྤྱོད་ཆེའོ། །མིང་ཚོམས(短语)ནི་མིང་གཉིས་སམ་དུ་མ་ཚོགས་ནས་གྲུབ་པ་ཡིན་གྱི།  དེ་དག་གི་བར་ལ་རྣམ་དབྱེའི་ཕྲད་ཀྱིས་མཚམས་སྦྱར་ཡོད་པས།  གཙོ་བོར་བརྡ་སྤྲོད་ཀྱི་གོ་དོན་སྟོན་ཞིང་།  སྒྲིག་གཞིའང་མིང་འདུས་མ་ལས་ཚགས་ལྷོད།  དེ་མིན་དེར་འཚོགས་པའི་མིང་རྣམས་ནི་རང་སྐྱ་འཕེར་བའི་མིང་རྐྱང་རྐྱང་ཡིན་པ་དང་།  སོ་སོ་ནས་དོན་ལྡོག་པ་རེ་རེ་སྟོན་པས།  བསྟན་བྱ་གང་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་མི་འཚམ་མོ། །

གོང་ནས་སྤྲོས་པ་ནི་མིའི་རིགས་ཀྱི་སྐད་བརྡ་སྤྱིའི་ཐུན་མོང་གི་རང་བཞིན་ཡིན་ཡང་།  ང་ཚོས་བརྟག་དཔྱད་བྱས་པ་ལྟར་ན།  བོད་སྐད་ཀྱི་ལག་ལེན་ཁྲོད་དུ།  བསྟན་བྱ་གང་ངེས་འཛིན་བྱེད་དམ།  འབོད་བྱེད་དུ་མིང་ཚོམས་ཀྱི་རིགས་སྤྱོད་བཞིན་པའང་ཡོད། སྣང་ཚུལ་དེའང་གཙོ་བོ་ཆེད་སྤྱོད་ཀྱི་མིང་གི་རིགས་སུ་འབྱུང་བཞིན་མཆིས།  ང་ཚོས་འདི་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གམ་ཡང་ན་བོད་སྐད་ཀྱི་མིང་གི་འཕེལ་ཕྱོགས་ཤིག་ཡིན་ཞེས་མི་འདོད་པར།  དེ་ནི་སྐད་བརྡའི་ནོར་འཁྲུལ་གྱི་སྤྱོད་སྟངས་ཤིག་ཏུ་སེམས་བཞིན་ཡོད།  སྤྱིར་ཆེད་སྤྱོད་ཀྱི་མིང་ནི་བསྟན་བྱ་གང་འབའ་ཞིག་དམིགས་བསལ་དུ་སྟོན་བྱེད་དམ་ངེས་འཛིན་བྱེད་ཀྱི་མིང་ཞིག་ཡིན་པ་དང་།  དེ་ལ་དོན་སྤྱི་གཅིག་ཁོ་ན་ལས་མེད་པས།  ངེས་འཛིན་གྱི་རང་བཞིན་ནི་སྤྱིར་བཏང་གི་མིང་ལས་ཀྱང་མངོན་གསལ་ཡིན།  རྣམ་པའི་ཆ་ནས་མིང་དུ་མ་འདུས་ནས་གྲུབ་པ་ཞིག་ཡིན་ནའང་།  མིང་དེ་དག་ནི་ཆེད་སྤྱོད་ཀྱི་མིང་སྤྱིའི་གྲུབ་ཆ་ཙམ་དུ་གྲུབ་ནས།  སྒྲིག་གཞི་ཤིན་ཏུ་ཚགས་དམ།  དོན་གྱི་ཐད་ནས།  བྱེ་བྲག་གི་དོན་ཁོ་ན་ཞིག་སྟོན་པ་ལས།  དེར་འདུས་པའི་མིང་རྣམས་ཀྱི་བསྟན་དོན་ཐད་ཀར་སོར་བཞག་བྱས་ནས་བྱུང་བ་མིན།  དཔེར་ན།  “ཀྲུང་གོ་མི་དམངས་དངུལ་ཁང་།”ཞེས་དུས།  ཀྲུང་གོ་ན་གནས་པའི་མི་དམངས་དངུལ་ཁང་དང་ཀྲུང་གོ་ལ་དབང་བའི་མི་དམངས་དངུལ་ཁང་།  ཀྲུང་གོ་དང་འབྲེལ་བའི་མི་དམངས་དངུལ་ཁང་སོགས་ཀྱི་དོན་སྟོན་པ་མ་ཡིན་པར།  བྱེ་བྲག་གི་ལས་ཁུངས་གཅིག་ཁོ་ན་ཙམ་ལས་མི་སྟོན་པ་ལྟ་བུའོ།། དེ་ཡང་གོ་བདེ་བར་བཤད་ན།  མིང་གང་ཞིག་རང་གཅིག་པུས་དོན་ལྡོག་པ་ཞིག་སྟོན་ཡང་།  ཆེད་སྤྱོད་ཀྱི་མིང་གི་གྲུབ་ཆ་ཞིག་ཏུ་གྱུར་ཚེ།  མ་གཞིའི་དོན་ལྡོག་པ་དེ་མི་སྟོན་པར་མིང་འདུས་མ་གང་གི་དོན་གྱི་གྲུབ་ཆ་ཙམ་སྟོན་ཞེས་པའོ། །ཕྱི་རྒྱལ་གྱི་སྐད་བརྡ་སྨྲ་བThomas E. Payne ལགས་ཀྱིས“མིང་འདུས་མའི་བརྡ་དོན་ཐད་ཀྱི་ཁྱད་ཆོས་ནི།   དོན་བྱེ་བྲག་ཏུ་སྟོན་ལ།  རང་གི་བསྟན་དོན་ནི་རང་འགྲུབ་བྱེད་ཀྱི་མིང་གི་དོན་རྣམས་ཐད་ཀར་སོར་བཞག་བྱས་པ་མིན།  དཔེར་ན།  Windshieldལྟ་བུར་མཚོན་ན།  རླུང་འགོག་ཐུབ་པའི་ཤེལ་སྒོ་མཐའ་དག་སྟོན་པ་མ་ཡིན་པར།  དམིགས་བསལ་གྱི་རྒྱུ་ཆ་ལས་བྱས་ཤིང་།  འགྲུམ་འགྲུལ་ལག་ཆར་ཁོ་ནར་བཀོལ་བཞིན་པའི་རླུང་འགོག་བྱེད་ཀྱི་ཤེལ་སྒོ་དེ་འབའ་ཞིག་སྟོན།”ཞེས་གསུངས་པའང་གནད་དོན་འདི་ལྟ་བུ་ལ་མཛུབ་སྟོན་བྱས་པ་ཡིན་ནོ་སྙམ།  གལ་ཏེ།  མིང་འདིའི་རིགས་ལ་འབྲེལ་སྒྲ་སྦྱར་ནས་མིང་ཚོམས་སུ་གྲུབ་པར་བྱས་ཚེ།  མ་གཞིའི་བསྟན་བྱའི་དོན་དེ་མི་སྟོན་པར་དོན་ཡན་གར་ཞིག་སྟོན་པར་འགྱུར་སྲིད་དེ།  དཔེར་ན།  “ཀྲུང་གོའི་མི་དམངས་དངུལ་ཁང་།”ཞེས་ཚེ།  “ཀྲུང་གོ”ནི་རྒྱལ་ཁབ་ཅིག་དང་།  “མི་དམངས་དངུལ་ཁང་།”ནི་ལས་ཁུངས་ཤིག་ཏུ་གྱུར་པའི་མུར།  མིང་སྔ་ཕྱི་གཉིས་ལ་བརྡ་སྤྲོད་ཀྱི་འབྲེལ་བ་ཆགས(语法关系)ཤིང་།  དེའི་བསྟན་དོན་ཡང་སྔ་ཕྱི་མིང་གཉིས་ཀྱི་དོན་སོར་བཞག་བྱས་པའི་རྨང་གཞིའི་སྟེང་ནས་བྱུང་ཡོད།  དེ་བས་འདིའི་རིགས་ཀྱིས་བརྡ་སྤྲོད་ཀྱི་གོ་དོན་གཙོ་བོར་སྟོན་པས་ན།  བསྟན་བྱ་གང་ངེས་འཛིན་བྱེད་དང་།  འབོད་བྱེད་ཀྱི་ནུས་པ་མེད།  འོ་ན།  བོད་སྐད་དུ་ཅིའི་ཕྱིར་ཆེད་སྤྱོད་ཀྱི་མིང་དུ་འབྲེལ་སྒྲ་སྦྱོར་བའི་མི་ཚད།  དེ་ནི་སྤྱི་ཚོགས་རང་བཞིན་གྱི་གནད་དོན་ཞིག་ཏུ་ཆགས་ཡོད།  རྩོམ་པ་པོས་བལྟས་ན།  གཙོ་བོ་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་ལ་གོ་བ་ཡང་དག་མ་ལོན་པར་ཡིན་པས་འདོད།  དེ་བས་རྩོམ་འདིས་ཕྱོགས་གསུམ་གྱི་སྒོ་ནས་ཆེད་སྤྱོད་ཀྱི་མིང་ལ་འབྲེལ་སྒྲ་སྦྱོར་མི་རུང་བ་བསྒྲུབས་ཡོད་དེ།  གཅིག་ནི་བརྡ་དོན་རིག་པ་ནས་བལྟས་ན།  འབྲེལ་སྒྲའི་ཕྲད་ལ་དོན་ལྡོག་པ་དུ་མ་སྟོན་པ་དང་།  ཚད་འཛིན།  ཞིབ་བརྗོད་བཅས་ཀྱི་ནུས་པ་ལྡན་པས་ཆེད་སྤྱོད་ཀྱི་མིང་དུ་འདི་སྦྱོར་མི་རུང་།  གཉིས་ནི་ངེས་ཤེས་སྐད་བརྡ་རིག་པ་ནས་བཤད་ན།  འབྲེལ་སྒྲའི་ཕྲད་ལ་ཤེས་པ་གང་དམིགས་བྱའི་ཡུལ་དུ་འདྲེན་པའི་ནུས་པ་ལྡན་པས་ཆེད་སྤྱོད་ཀྱི་མིང་དུ་འདི་སྦྱོར་མི་དགོས།  གསུམ་ནི་མིང་བརྡ་རིག་པ་ནས་དཔྱད་ན།  ཆེད་སྤྱོད་ཀྱི་མིང་ནི་བསྟན་བྱ་གང་ངེས་འཛིན་བྱེད་དང་འབོད་བྱེད་དུ་གྱུར་ཡོད་པས་འབྲེལ་སྒྲའི་ཕྲད་སྦྱོར་མི་རིགས་པ་བཅས་སོ། །  འདི་དག་ནི་གཤམ་གྱི་ས་བཅད་སོ་སོ་ནས་བཤད་པར་འགྱུར་ཏེ།  འདི་ནས་ཐོག་མར་རང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་དཔྱད་འབྲས་དག་རགས་ཙམ་གླེང་བར་བྱའོ། །

དང་པོ།  མཁས་པ་སྔ་མ་རྣམས་ཀྱི་དཔྱད་འབྲས།

དེ་ཡང་ཕྱི་རོལ་ཡུལ་གྱི་ཆོས་ཐམས་ཅད་ནི་ཕྱི་རྣམ་པ་དང་།  ནང་དོན་གྱི་ཆ་གང་རུང་ནས་ཚུལ་ཅི་རིགས་སྒོས་རྟེན་ཅིང་འབྲེལ་བ་ནང་བཞིན།  དེ་དག་མཚོན་བྱེད་ཀྱི་སྐད་ཆའི་ཁྲོད་ཀྱི་མིང་ཕན་ཚུན་གྱི་བར་ལའང་ཕྱི་རྣམ་པ་དང་བརྡ་སྤྲོད་ཀྱི་གོ་དོན་ཡན་ཆད་ནས་འབྲེལ་བ་སྣ་ཚོགས་ཆགས་ཡོད།  དེིའི་ཁྱད་ཆོས་ནི་འབྲེལ་བ་ཡོད་པའི་མིང་རྣམས་ནི་རྟག་ཏུ་མཉམ་པར་འདུས་སྲིད་པ་དང་།  འབྲེལ་བ་ཆགས་མི་ཐུབ་པའི་མིང་དག་ནི་ནམ་ཡང་གཅིག་ཏུ་འཛོམས་མི་ཐུབ།  དེའང་གཙོ་བོ་བརྡ་སྤྲོད་པའི་དགོས་དབང་ལ་ཐུག་ཡོད་དོ། །བོད་སྐད་དུ་ཕན་ཚུན་འབྲེལ་བ་ཡོད་པའི་མིང་གཉིས་སམ་དུ་མ་མཉམ་དུ་འདུས་པ་ལ།  འབྲེལ་སྒྲས་མཚམས་སྦྱོར་བ་དང་མི་སྦྱོར་བ་རིགས་གཉིས་མཆིས།  འདིའི་སྦྱོར་མི་སྦྱོར་ཟེར་བའང་བོད་སྐད་གཞི་ན་ཡོད་པའི་སྐད་ཆའི་སྣང་ཚུལ་དང་ཆོས་ཉིད་ཅིག་ཡིན་པ་ལས།  མི་ཆེ་གེ་མོ་ཞིག་གིས་གཏན་འབེབས་སམ་གསར་གཏོད་བྱས་པ་མ་ཡིན།  རང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་འདིའི་ཆོས་ཉིད་ལ་འགྲེལ་བ་དང་སྤྱི་བསྡོམས་བྱས་པ་གཙོ་བོ་འབྲེལ་སྒྲ་སྦྱར་བ་ཅན་གྱི་མིང་སྔ་ཕྱིར་བརྡ་དོན་གྱི་འབྲེལ་བ་ཅི་ཆགས་ཡོད་པ་དེའི་སྐོར་ཡིན་ལ།  དེ་ལའང་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ།  རེ་རེ་བཞིན་བཀོད་ན་གཤམ་གསལ།

དེ་ཡང་དང་པོར་སློབ་དཔོན་ཐོན་མི་སམ་བྷོ་ཊ་མཆོག་གིས“དེ་དག་ཨི་སྦྱར་འབྲེལ་བའི་ས། །”ཞེས་གསུངས་ནས“གི”སོགས་དྲུག་ནི་བརྡ་དོན་ནས་མིང་སྔ་ཕྱིའི་འབྲེལ་བ་སྟོན་བྱེད་ཀྱི་ཕྲད་ཙམ་ཡིན་པ་བསྟན།  ཡིན་ཡང་དེ་རུ་མིང་སྔ་ཕྱིའི་བར་ལ་བརྡ་དོན་གྱི་འབྲེལ་བ་གང་དག་ཡོད་པའི་ཚུལ་སོགས་ཞིབ་ཏུ་གསུངས་མེད།  དེ་ནས《སི་ཏུ་ཞལ་ལུང》དུ་བརྡ་སྤྲོད་ཀྱི་གོ་དོན་ཐད་ནས་འབྲེལ་སྒྲ་ལ་རྟེན་དང་བརྟེན་པ་དང་།  ཡན་ལག་དང་ཡན་ལག་ཅན་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ།  དེའི་རྗེས་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་ནས།  ཡན་ལག་དང་ཡན་ལག་ཅན(ཤིང་གི་ཡལ་ག)  རྟེན་དང་བརྟེན་པ(ཡུལ་གྱི་ལྷ།)  བདག་ཉིད་གཅིག་འབྲེལ(གསེར་གྱི་བུམ་པ)།  ཆོས་དང་བདག་པོ(རྒྱལ་པོའི་བང་མཛོད)ཞེས་ནང་གསེས་བཞི་རུ་དབྱེ།  དེའི་གཞུག་ནས《ཐོན་མི་ཞལ་ལུང》དུ།  ཁྱད་གཞི་དང་ཁྱད་ཆོས(གོས་ཀྱི་ཚོན་མདངས)།  ཡན་ལག་དང་ཡན་ལག་ཅན(ཁྱོད་ཀྱི་ལག་པ)།  རྟེན་དང་བརྟེན་པ(དཀར་ཡོལ་ནང་གི་འོ་མ)།  རྒྱུ་དང་འབྲས་བུ(གྲོ་ནས་ཀྱི་སྨྱུ་གུ)ཞེས་རིགས་བཞི་རུ་བསྡུས།  དེིའི་འཕྲོར《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》སུ་ཡང་བདག་ཉིད་གཅིག་འབྲེལ་དང་།  ཡན་ལག་དང་ཡན་ལག་ཅན།  བདག་པོ་དང་ཡུལ།  རྟེན་དང་བརྟེན་པ་ཞེས་རིགས་ཆེན་པོ་བཞི་རུ་མཛད།  དེ་ནས《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》ཞེས་པ་རུ།  བདག་པོ་དང་བདག་ཏུ་གཟུང་བྱ།  ཁྱད་གཞི་དང་ཁྱད་ཆོས།  གཞི་ཆོས་ངོ་བོ་གཅིག་པ།  ཡན་ལག་དང་ཡན་ལག་ཅན།  གནས་གཞི་དང་གནས་ཆོས་ཞེས་རིགས་ཆེན་པོ་ལྔ་རུ་འདུ་བར་བྱས།  དེའི་རྗེས《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》ཞེས་པ་རུ།  བདག་དང་བདག་གི་བ།  ཡན་ལག་དང་ཡན་ལག་ཅན།  རྟེན་དང་བརྟེན་པ།  ཁུངས་དང་ཐོན་རྫས།  ཆ་དང་ཆ་ཅན།  རྒྱུ་དང་འབྲས་བུ།  སྐབས་དང་དོན།  བྱ་བ་དང་གྲུབ་པ།  ཁྱད་གཞི་དང་ཁྱད་ཆོས།  དཔེ་དང་དཔེ་ཅན།  བདག་ཉིད་གཅིག་པ།  བྱེད་པ་གཅིག་པ།  ལས་གཅིག་པ་ཞེས་དབྱེ་བ་བཅུ་གསུམ་དུ་བསྟན།  འདི་དག་གི་རྨང་གཞི་ནས《བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན》ཞེས་པ་རུ།  བདག་པོ་དང་རྫས།  ངོ་བོ་གཅིག་པ།  ཆ་དང་ཆ་ཅན།  ཡན་ལག་དང་ཡན་ལག་ཅན།  ཁྱད་གཞི་དང་ཁྱད་ཆོས།  རྫས་གཅིག་པ།  རྫས་ཐ་དད།  རྟེན་དང་བརྟེན་པ།  ཁྱབ་བྱ་ཁྱབ་བྱེད།  བརྗོད་བྱ་རྗོད་བྱེད།  ཡུལ་དང་ཡུལ་ཅན།  རྒྱུ་དང་འབྲས་བུ།  དེ་ལས་དེ་བྱུང་།  བྱ་བ་དང་བྱ་ཡུལ།  སྣོད་དང་བཅུད།  གོང་འོག  དགྲ་གྲོགས།  ཕྱོགས་སྟོན།  དཔེ་དོན།  གཞི་མཐུན།  བསྒྲུབ་བྱ་སྒྲུབ་བྱེད་ཅེས་ནང་གསེས་བཅུ་དགུའི་གྲངས་སུ་མཛད་ཡོད་དོ། །

གོང་གི་དབྱེ་བ་འདི་དག་ནི་དོན་དུ་བརྡ་སྤྲོད་ཀྱི་གོ་དོན་ནམ་ཡང་ན་མིང་སྔ་ཕྱིའི་བརྡ་དོན་གྱི་འབྲེལ་བ་འབའ་ཞིག་ལ་གཞི་བཅོལ་ནས་འབྲེལ་སྒྲར་དཔྱད་པ་བཏང་བ་རེད།  ཡིན་ནའང་།  བརྡ་དོན་གྱི་འབྲེལ་བ་ཞེས་པ་དེ་མདོར་དེད་ན།  སྐད་ཆའི་སྐབས་ཐོག་གང་གི་བརྗོད་འདོད་ལས་གྲུབ་པ་ཞིག་ཡིན་པས།  “སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།”ཟེར་བ་ལྟར།  བརྗོད་པ་པོའི་ཀུན་སློང་དང་སྐད་ཆའི་ཁོར་ཡུག་སོགས་ལ་བསྟུན་ནས་མིང་སྔ་ཕྱིའི་བརྡ་དོན་གྱི་འབྲེལ་བ་དེ་ལ་ཡང་འགྱུར་བ་སྣ་ཚོགས་འབྱུང་སྲིད།  དཔེར་ན།  “བཀྲ་ཤིས་ཀྱི་སྨྱུ་གུ”ཞེས་པར་མཚོན་ན།  སྨྱུ་གུ་དེའི་བདག་པོ་བཀྲ་ཤིས་ཡིན་པ་སྟོན་དུས།  ཆོས་དང་བདག་པོའི་འབྲེལ་བ་དང་།  སྨྱུ་གུ་དེའི་འབྱུང་ཁུངས་བཀྲ་ཤིས་ཡིན་པར་འཆད་སྐབས།  ཆོས་དང་འབྱུང་ཁུངས་ཀྱི་འབྲེལ་བ་ཡིན་ཞིང་།  སྨྱུ་གུ་དེའི་བཟོ་བ་བོ་བཀྲ་ཤིས་ཡིན་པ་བརྗོད་ཚེ།  ཡང་བྱེད་པོ་དང་རྫས་ཀྱི་འབྲེལ་བར་ཆགས་པ་བཞིན་ནོ། །  དེ་བས།  བརྡ་དོན་གྱི་འབྲེལ་བ་འབའ་ཞིག་གཞིར་བཟུང་ནས།  རྣམ་དབྱེ་དྲུག་པ་འབྲེལ་སྒྲར་དཔྱད་པ་ནི་ཕུགས་མི་བརྟན་ལ།  ཕྱོགས་ཡོངས་ཀྱི་རང་བཞིན་ཡང་མི་ལྡན་སྙམ་མོ། །  འདིའི་སྟོང་ཆ་སྐོང་བའི་ཕྱིར་དུ་གཤམ་ནས་ང་ཚོས་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་དང་།  འབྲེལ་སྒྲ་སྦྱོར་མི་སྦྱོར་གྱི་ཆོས་ཉིད་བཅས་ཟུར་གཉིས་ནས་དེ་ལ་རགས་ཙམ་དཔྱད་པར་བྱའོ། །

གཉིས་པ།  འབྲེལ་སྒྲའི་ཕྲད་ཀྱི་ནུས་པ།

འབྲེལ་སྒྲའི་ཕྲད་ནི་བོད་སྐད་དུ་སྤྱོད་རྒྱ་ཤིན་ཏུ་ཆེ་བའི་རྣམ་དབྱེའི་ཕྲད་ཅིག་ཡིན།  དེར་ང་ཚོས་གནའ་དེང་གི་བརྩམས་ཆོས་འགའ་ཞིག་བདམས་ནས་བརྟག་དཔྱད་བྱས་པ་ཡིན་ཏེ།  དཔེར་ན།  གནའ་བོའི་སྐབས་ཀྱི་ཞོལ་རྡོ་རིང་ཕྱི་མ་ལྟ་བུར་མཚོན་ན།  ཡིག་ཆ་ཧྲིལ་བོ་ནས་འབྲེལ་སྒྲའི་ཕྲད་ཐེངས69ལ་བྱུང་ཡོད།  དེའི་རྗེས་ཀྱི་དུས་རབས་བཅོ་ལྔ་རུ་བརྩམས་པའི《མི་ལ་རས་པའི་རྣམ་ཐར》ལྟ་བུར་འབྲེལ་སྒྲའི་ཕྲད་ཐེངས3491ལ་བྱུང་།  དེའི་གཞུག་གི“ལང་ཚོའི་རྦབ་ཆུ”ལྟ་བུ་རུ་འབྲེལ་སྒྲའི་ཕྲད་ཐེངས160ལ་བྱུང་ཡོད་པ་ལྟ་བུའོ། །གཞན་ཡང་འབྲེལ་སྒྲའི་ཕྲད་དེ་དག་ནི་མིང་དང་མིང་ཁོ་ནའི་མཚམས་སྦྱོར་བ་ཙམ་མ་ཡིན་པར།  མིང་དང་མིང་ཚོམས།  མིང་ཚོམས་དང་མིང་ཚོམས།  མཐའ་ན་ཚིག་དང་བརྗོད་པ་སོགས་རིམ་པ་སོ་སོ་ནས་སྤྱོད་བཞིན་ཡོད་དོ། །  དེ་བས་བོད་སྐད་དུ་ཕྲད་འདི་ལ་བཀོལ་ཚད་མཐོ་བ།  ཁྱབ་རྒྱ་ཆེ་བ།  སྤྱོད་ཐབས་མང་བ་སོགས་ཀྱི་ཁྱད་ཆོས་ལྡན།  འོ་ན་ཕྲད་འདི་དག་ནི་མིང་དང་ཚིག་སོགས་ཀྱི་མཚམས་སུ་སྦྱར་ཚེ།  དེ་ལ་ནུས་པ་ཅི་ཞིག་མཆིས་ཤེ་ན།  དོན་ལྡོག་པ་དུ་མ་སྟོན་པར་བྱེད་པ་དང་།  ཚད་བཀག  ཞིབ་བརྗོད།  ཤེས་པ་དམིགས་བྱའི་ཡུལ་དུ་འདྲེན་པར་བྱེད་པ་བཅས་ཀྱི་ནུས་པ་ལྡན་པར་འདོད་དེ།  རེ་རེ་བཞིན་བཤད་ན།

གཅིག  དོན་ལྡོག་པ་གཉིས་སམ་དུ་མ་སྟོན་པར་བྱེད་པ།

དེ་ཡང་མིང་དང་མིང་འདུས་ནས་དོན་སྟོན་པ་ལ།  དོན་ལྡོག་པ་གཅིག་ཅན་སྟོན་པ་དང་།  དོན་ལྡོག་པ་གཉིས་སམ་དུ་མ་སྟོན་པ་རིགས་གཉིས་མཆིས།  སྔ་མ་ནི་མིང་གཉིས་སམ་དུ་མ་འདུས་ནས་དོན་གསར་བ་གཞན་ཞིག་སྟོན་པའི་མིང་འདུས་མའི་རིགས་ཡིན་ལ།  དཔེར་ན།  ཤིང་རྟ།  ལྕགས་རྟ།  ཆུ་བྱ།  ཁང་ཐོག  རི་རྩེ།  མཚོ་སྙིང་།  འགྲོ་ལམ།  མྱུར་ལམ།  ནུས་ལྡན་འཐུང་ཆུ།  དབུས་མཇལ་བ།  གསར་བྱུང་ནད་དུག་གློ་ནད་ལྟ་བུ་སོགས་སོ། །མིང་འདིའི་རིགས་ནི་མིང་གཉིས་སམ་དུ་མ་འཚོགས་ནས་གྲུབ་པ་ཡིན་ཡང་།  དེ་དག་འདུས་ནས་གྲུབ་པའི་དོན་ནི་རང་གི་གྲུབ་ཆའི་མིང་རྣམས་ཀྱི་བསྟན་དོན་ཐད་ཀར་བསྣན་པ་ཙམ་ནས་བྱུང་བ་མིན་པར་མ་ཟད།  འགའ་ཞིག་ནི་རང་གི་གྲུབ་ཆའི་མིང་དང་གཏན་ནས་འབྲེལ་བ་མེད།  གོང་གི“ཤིང་རྟ”ལྟ་བུར་མཚོན་ན།  ཅ་ལག་གང་ཞིག་ལ་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཕར་བཏགས་པ་མ་གཏོགས།  དེ་ནི“རྟ”ཡི་མ་གཞིའི་དོན་ལ་འབྲེལ་བ་ཅུང་ཟད་ཙམ་ཡང་མེད་པ་དང་།  “ཤིང”ལའང་འབྲེལ་བ་མེད་པ་ད་བར་ལྕགས་ལས་བྱས་པའི་ཅ་ལག་དེ་ལའང“ཤིང་རྟ”ཞེས་མིང་འདོགས་རུང་བ་བཞིན་ནོ། །དེ་བཞིན།  “ལྕགས་རྟ”ཞེས་པའང་རྗེས་གྲུབ་ཀྱི་མིང་ཡིན་པ་གང་ཞིག  དེའི་བསྟན་དོན་ནི་རང་གི་གྲུབ་ཆའི་མིང་གཉིས་ཀྱི་མ་གཞིའི་དོན་དང་འབྲེལ་བ་མེད།  “ཆུ་བྱ”ཞེས་པ་རྟེན་དང་བརྟེན་པའི་སྒོ་ནས་བཏགས་པའི་མིང་ཡིན་ཡང་།  མིང་འདུས་མར་གྲུབ་ཚེ།  དེ་ནི་བྱ་ཡི་རིགས་གང་ཞིག་གི་མིང་ཁོ་ནར་རུང་བ་ལས།  ཆུ་ན་གནས་པའི་བྱ་ཐམས་ཅད་དང་ཡང་ན་ཆུ་ལས་བྱས་པའི་བྱ་སོགས་ཀྱི་དོན་མི་སྟོན།  “ཁང་ཐོག”ཅེས་པས་ཀྱང་གནས་གང་གི་དོན་སྤྱི་དེ་ཁོ་ན་ལས།  “ཁང་པ”དང“ཐོག”ཅེས་དོན་སྤྱི་རེ་རེ་མི་སྟོན།  དེ་དང་མཚུངས་པར“རི་རྩེ”  “མཚོ་སྙིང”  “འགྲོ་ལམ”  “མྱུར་ལམ”སོགས་ཀྱང་དོན་རྫས་གཉིས་ཀྱིས་གྲུབ་ཅིང་དོན་ལྡོག་པ་གཅིག་སྟོན་པའི་མིང་གི་རིགས་ཡིན་པ་ལས།  རང་སྐྱ་འཕེར་བའི་མིང་གཉིས་ཀྱིས་དོན་ལྡོག་པ་ཐ་དད་སྟོན་པ་མིན།  དེ་ནི“རི་རྩེ”ཞེས་པར་དོན་སྤྱི་གཅིག་ལས་“རི”དང“རྩེ་མོ”ཞེས་དོན་ལྡོག་པ་གཉིས་མེད་པས་ཀྱང་ཤེས་ཐུབ།  དེ་བས་འདིའི་རིགས་ནི་མིང་གཉིས་སམ་དུ་མ་འཚོགས་ནས་གྲུབ་ཀྱང་།  དེ་དག་གི་སྒྲིག་གཞི་ནི་ཤིན་ཏུ་ཚགས་དམ་པས་མིང་ཧྲིལ་བོ་གཅིག་མ་གཏོགས་སུ་ལྟ་མི་རུང་ལ།  བསྟན་བྱའི་དོན་ནས་ཀྱང་མིང་སྔ་ཕྱི་རྣམས་ནི་མིང་འདུས་མ་གང་གི་དོན་གྱི་གྲུབ་ཆ་ཙམ་མམ་དོན་རྫས་ཙམ་དུ་གྲུབ་པས།  སྤྱིའི་ཆ་ནས་དོན་ལྡོག་པ་གཅིག་མ་གཏོགས་མེད།

ཡང་འདི་ནས་ཞིབ་ཏུ་དཔྱད་རྒྱུ་ཞིག་ལ།  མིང་འདུས་མས་དོན་ལྡོག་པ་གཅིག་མ་གཏོགས་མི་སྟོན་ཟེར་བ་ཡང་གཙོ་བོ་དེ་ལ་དོན་སྤྱི་གཅིག་མ་གཏོགས་མེད་ཟེར་བ་ལས།  དེར་བསྟན་དོན་རྐྱང་བ་གཅིག་ཁོ་ན་མ་གཏོགས་མི་འདུས་ཟེར་བཞིན་མེད་དེ།  རྒྱུ་མཚན་མིང་འདུས་མ་ནི་མ་མཐའ་ཡང་དོན་གྱི་གྲུབ་ཆའམ་དོན་རྫས་དུ་མ་འདུས་ནས་གྲུབ་པ་ཡིན་པས།  དེའི་བསྟན་དོན་ཕུན་སུམ་ཚོགས་ཤིང་དོན་གྱི་འདུས་ཚད(信息量)ཀྱང་མིང་རྐྱང་བ་ལས་མཐོ།  དཔེར་ན་གོང་གི་དཔེ་བརྗོད“ནུས་ལྡན་འཐུང་ཆུ”ལྟ་བུར་མཚོན་ན།  ཐོག་མར་དེ་ནི་འཐུང་ཆུ་གང་གི་རིགས་ཤིག་ངེས་འཛིན་བྱེད་ཀྱི་མིང་དུ་གྲུབ་ཡོད་པས།  དེས་དོན་སྤྱི(概念)དེ་ཁོ་ན་མ་གཏོགས་མཚོན་པར་མི་བྱེད་ན།  སྤྱིའི་ཆ་ནས་དོན་ལྡོག་པ་གཅིག་མ་གཏོགས་མེད།  ཡིན་ནའང་།  མིང་དེ་ནི“ནུས་ལྡན”  “འཐུང”  “ཆུ”བཅས་མིང་ངམ་དོན་རྫས་གསུམ་གྱིས་གྲུབ་པ་ཡིན་པས།  བསྟན་དོན་ཕུན་སུམ་ཚོགས་ཤིང་དོན་གྱི་འདུས་ཚད་ཤིན་ཏུ་མཐོ་སྟེ།  གཅིག་ནས“ནུས་ལྡན”ཞེས་པས་ཆུ་དེ་ནི་སྤྱིར་བཏང་གི་ཆུ་ཞིག་མ་ཡིན་པར་ནུས་པ་དང་ལྡན་པ་ཞིག་ཡིན་པ་གོ་ཐུབ་པ་དང་།  གཉིས་ནས“འཐུང་ཆུ”ཞེས་པས“ཡུར་ཆུ”དང“དུག་ཆུ”སོགས་མ་ཡིན་པར་འཐུང་དུ་རུང་བའི་ཆུ་ཡིན་པ་རྟོགས་པ་ལྟ་བུའོ། །  དེ་བས་མིང་འདུས་མ་ལ་གྲུབ་ཆའི་མིང་ཇི་འདྲའི་མང་ན་དོན་གྱི་འདུས་ཚད་དེ་འདྲའི་མཐོ་བའི་ཁྱད་ཆོས་ལྡན།  དེ་ལྟ་ནའང་།  དེ་ནི་མིང་གི་ཁྱབ་ཁོངས་ལས་བརྒལ་མེད་སྟབས།  མིང་བརྡའི་གོ་དོན་ལས་མེད་ལ།  སྤྱིའི་ཆ་ནས་དོན་ལྡོག་པ་གཅིག་མ་གཏོགས་མི་སྟོན་ནོ། །  དེར་རྒྱའི་མཁས་པ་ཧྲིན་ཞོ་ལྰོང(申小龙)གིས“ཚེག་ཁྱིམ་གཅིག་ཅན་གྱི་མིང་གིས་དོན་སྟོན་པ་ནས།  ཚེག་ཁྱིམ་གཉིས་སམ་དུ་མ་ཅན་གྱི་མིང་གིས་དོན་སྟོན་པར་བྱེད་པ་ནི་མིའི་རིགས་ཀྱི་སྐད་བརྡའི་འགྲོ་ལུགས་ཤིག་ཡིན་ཏེ།  དེ་ནི་བརྗོད་འདོད་ཀྱི་དགོས་དབང་ངམ།  ཡང་ན་སྐད་བརྡའི་ཚེགས་ཡང་རང་བཞིན(经济性原则)དང་།  དོན་འདུས་རང་བཞིན(精准性原则)གྱི་རྩ་དོན་དང་བསྟུན་པ་ཡིན་པར་འདོད།  དཔེར་ན།  ‘ཟླ’ཞེས་པར་བསྟན་དོན་གཅིག་འབའ་ཞིག་མ་གཏོགས་མི་འདུས་པ་དང་།  དེའི་བྱེ་བྲག་གི་དོན་རྣམས་གསལ་བར་སྟོན་ཆེད་དུ།  དེ་དང་འབྲེལ་བའི་མིང་གཞན་རྣམས་དང་འཕྲད་ནས་དོན་གསར་བ་སྟོན་པར་བྱེད་བཞིན་པ‘ཟླ་འོད’  ‘ཟླ་འཛིན’  ‘ཟླ་སྟོད’  ‘ཟླ་སྨད’ལྟ་བུའོ། །འདི་དག་ཀྱང་ཐོག་མར་རང་སྐྱ་འཕེར་བའི་མིང་གཉིས་མཉམ་དུ་འདུས་ནས་བརྗོད་འདོད་ཀྱི་དོན་དེ་གསལ་བར་སྟོན་པ་ཡིན་ཡང་།  བཀོལ་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས།  སྒྲིག་གཞི་ཚགས་ཇེ་དམ་དང་།  བསྟན་དོན་བྱེ་བྲག་ཏུ་བབས་པའི་མུར།  དེའང་མིང་བརྡ་ཅན་དུ་གྱུར(词汇化)ཏེ།  དོན་ལྡོག་པ་གཅིག་སྟོན་པར་བྱེད་བཞིན་ཡོད་དོ། །”ཞེས་གསུངས་པའང་དོན་དང་མཐུན་པར་འདོད་དོ། །

ཕྱི་མ་ནི་མིང་ཚོམས་ཀྱི་རིགས་ཡིན་ཏེ།  འདིའི་རིགས་ནི་མིང་གཉིས་སམ་དུ་མ་འདུས་པའི་བར་ལ་ཕྲད་སོགས་སྦྱར་ཚེ།  དེའི་ནུས་པས་སྔ་ཕྱི་མིང་སོ་སོ་ནི་རང་སྐྱ་འཕེར་བའི་མིང་རེ་རེ་རུ་གྱུར་ཏེ།  སོ་སོ་ནས་རང་རང་གི་བསྟན་དོན་ལྡོག་པ་རེ་རེ་སྟོན་པར་བྱེད་ཅིང་།  རྣམ་པའི་ཆ་ནས་ཀྱང་མིང་དང་མིང་གི་བར་ལ་སྒྲིག་གཞིའི་འབྲེལ་བ་ཆགས་ནས།  གཙོ་བོ་བརྡ་སྤྲོད་ཀྱི་གོ་དོན(语法关系)སྟོན་པའི་ཕྱིར།  སྔ་ཕྱི་མིང་རེ་རེ་ལ་བརྡ་དོན་ལྡོག་པ་རེ་རེ་ཡོད་དོ། །  དེ་ཡང་མིང་ཚོམས་སུ་འབྲེལ་སྒྲའི་ཕྲད་ནི་ཕལ་ཆེ་བ་དངོས་པོའི་མིང་གི་རྗེས་སུ་ཐོབ་པས།  འདི་ནས་གཙོ་བོ་དངོས་པོའི་མིང་ཚོམས་གླེང་བར་བྱའོ། །

གོང་ནས་སྤྲོས་པའི་མིང་འདུས་མའི་རིགས་ནི་མིང་གཉིས་སམ་དུ་མ་འདུས་ནས་གྲུབ་པ་ཡིན་ཡང་།  འདུ་བྱེད་ཀྱི་མིང་དེ་དག་ནི་མིང་འདུས་མའི་དོན་གྱི་གྲུབ་ཆ་ཙམ་མམ་དོན་རྫས་ཙམ་དུ་གྲུབ་པས།  རང་གི་མ་གཞིའི་དོན་གང་དེ་སྟོན་པའི་ནུས་པ་ཉམས་པར་བྱས་ཡོད།  དཔེར་ན། གོང་གི་དཔེ་བརྗོད“ཤིང་རྟ”ལྟ་བུར་མཚོན་ནའང་།  “ཤིང”དང“རྟ”ཞེས་རང་གཅིག་པུས་མིང་ཞིག་གྲུབ་པའི་ཚེ།  དེ་ལ་རང་རང་གི་དོན་ལྡོག་པ་རེ་རེ་མཆིས་པ་དང་།  མིང་འདུས་མར་གྲུབ་དུས།  “ཤིང་རྟ”ཞེས་ཅ་ལག་ཅིག་སྟོན་པ་ལས།  དུས་དང་བར་སྟོང་ག་གེ་མོའི“ཤིང”དང“རྟ”ལ་འབྲེལ་བ་མེད་པ་ལྟ་བུ།  ཡང་དཔེར་ན།  “བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ”ཞེས་པའི“བོད་ལྗོངས”ནི་སློབ་གྲྭ་དེའི་མིང་གི་གྲུབ་ཆ་ཞིག་ཡིན་པ་ལས་བོད་ལྗོངས་ས་ཆ་སྟོན་པའི་ནུས་པ་མེད་པ།  སློབ་གྲྭ་དེ་ཧྲན་ཞི་ས་ཆ་ན་བཏབ་ཡོད་ཀྱང་མིང་ལ་དེ་བཞིན་དུ་འདོགས་རུང་བ་ལྟ་བུའོ། །དེ་བས་མིང་འདུས་མ་ནི་རྣམ་པ་དང་བརྡ་དོན་གང་རུང་ནས་ཧྲིལ་བོ་གཅིག་གམ་ལྡོག་པ་གཅིག་ཏུ་ལྟ་བ་ལས་ནང་གསེས་ཀྱི་གྲུབ་ཆ་སོ་སོ་ཕྲལ་ནས་གོ་བ་ལེན་མི་རུང་ངོ་། །གལ་ཏེ་མིང་འདིའི་རིགས་ཀྱི་བར་ལ་འབྲེལ་སྒྲའི་ཕྲད་སྦྱར་བ་ན།  དེའི་ནུས་པས་སྔར་གྱི་དོན་རྫས་ཙམ་གྱི་གོ་མ་གཏོགས་མི་ཆོད་པའི་མིང་དེ་རྣམས་ཀྱང་ཁེར་ཚུགས་ཀྱི་མིང་དུ་གྱུར་ནས།  སྔ་ཕྱི་སོ་སོ་ནས་དོན་ལྡོག་པ་རེ་རེ་སྟོན་སྲིད།  དཔེར་ན།  “ཤིང་རྟ”ཞེས་པར་འབྲེལ་སྒྲས་མཚམས་སྦྱར་ནས“ཤིང་གི་རྟ”རུ་བསྒྲུབས་པ་ན།  “གི”ཡི་ནུས་པས“ཤིང”དང“རྟ”ཡི་མིང་གི་རང་བཞིན་ཡང་བསྐྱར་སོས་པར(激活名词性质)བྱས་ཏེ།  རེ་རེ་ནས་ཁེར་ཚུགས་ཀྱི་དོན་སོ་སོ་སྟོན་པ་ལྟ་བུའོ། །དེ་བཞིན“བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོ”ཞེས་པས་ཀྱང་འབྲེལ་སྒྲའི་ནུས་པས“བོད་ལྗོངས”དང“སློབ་གྲྭ་ཆེན་མོ”གཉིས་ནི་དོན་ལྡོག་པ་སོ་སོ་རུ་གྲུབ་ཡོད་པ་བཞིན་ནོ། །ཡང“ཀྲུང་གོའི་མི་དམངས་དངུལ་ཁང”ལྟ་བུ་ལ་མཚོན་ནའང་།  འབྲེལ་སྒྲས་མཚམས་སྦྱར་བས།  དེའི་སྔ་ཕྱིའི་གྲུབ་ཆ་གཉིས་ནི་ཁེར་ཚུགས་ཀྱི་མིང་རེ་རེ་རུ་གྱུར་པའི་མུར།  སོ་སོ་ནས་དོན་ལྡོག་པ་རེ་རེ་སྟོན་པ“ཀྲུང་གོ”ཞེས་རྒྱལ་ཁབ་ཅིག་ངེས་བཟུང་བ་དང་།  “མི་དམངས་དངུལ་ཁང”ཞེས་ལས་ཁུངས་ཤིག་བསྟན་པ་ལྟར་རོ། །དེ་བས་དངོས་པོའི་མིང་ཚོམས་འདིའི་རིགས་ནི་མིང་གཉིས་དང་དུ་མ་འདུས་པ་ལ་འབྲེལ་སྒྲས་མཚམས་ཕྱེ་བས་སྒྲིག་གཞི་ཚགས་ལྷོད་པ་དང་།  སྒྲིག་གཞི་སྤྱིའི་བསྟན་དོན་ཡང་དེའི་གྲུབ་ཆའི་མིང་རྣམས་ཀྱི་དོན་ཐད་ཀར་བསྣན་ནས་བྱུང་བ་ཡིན་པས།  དེ་ལ་མ་མཐའ་ཡང་དོན་ལྡོག་པ་གཉིས་སམ་དུ་མ་འདུས་ངེས་ལ།  དེའང་གཙོ་བོ་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་ལས་ཐོན་པ་ཡིན་སྙམ་མོ། །  འདི་ལ་ང་ཚོས་དཔེ་གསོན་ཉམས་ལྡན་པ་ཞིག་འཇོག་སྟེ།  དཔེར་ན་ཐོག་ཁང་ནི་ཁང་བ་མང་པོས་གྲུབ་པ་ཞིག་ཡིན་ལ།  ཁང་བ་དང་ཁང་བའང་གཙོ་བོ་བར་གྱང་ངམ་རྩིག་པས་མཚམས་བཅད་ནས་ཕན་ཚུན་མི་འདྲེས་པར་བྱས་ཡོད།  དེ་བས་ང་ཚོས་ཀྱང་ཕྱོགས་བཞི་བོ་རྩིག་པས་བཅད་པའི་ཁང་བ་དག་ནི་ཁེར་ཚིགས་ཀྱི་ཁང་བ་རེ་རེ་རུ་ལྟ་བཞིན་ཡོད།  གལ་ཏེ་ཁང་བ་དང་ཁང་བའི་བར་ལ་བར་གྱང་གང་ཡང་མ་བརྩིགས་ཚེ།  ཐོག་ཁང་དེ་ནི་ཇེ་འདྲའི་མཐོ་ཡང་།  གང་འདྲའི་རྒྱ་ཆེ་ཡང་།  ང་ཚོས་ཁེར་ཚུགས་ཀྱི་ཁང་བ་ཧྲིལ་བོ་གཅིག་ཏུ་མ་གཏོགས་མི་ལྟ།  གཞན་ཡང་རྩིག་པས་བཅད་པའི་ཁེར་ཚུགས་ཀྱི་ཁང་བ་རེ་རེ་ལ་མཚོན་ནའང་།  དེ་རུ་ཁང་བ་ཡུག་གཅིག་ཅན།  ཁང་བའི་ནང་ནའང་ཁང་མིག་དུ་མ་ཡོད་པ་ཅན།  ཡང་ན་ཁང་བའི་ནང་དུའང་ཁང་བ་བརྩེགས་མ་ཡོད་པ་ཅན་ཅི་རིགས་སྣང་ཡང་།  དེ་ནི་ཁེར་ཚུགས་ཀྱི་ཁང་བ་ཧྲིལ་བོ་གཅིག་ཡིན་པས་ང་ཚོས་ཁང་བ་དུ་མར་མི་ལྟ་བ་ལྟར་རོ། །འདི་རུ་ཁེར་ཚུགས་ཀྱི་ཁང་བ་དུ་མས་གྲུབ་པའི་ཐོག་ཁང་ཞེས་པ་ནི་མིང་ཚོམས་དང་འདྲ་ལ།  ཁེར་ཚུགས་ཀྱི་ཁང་བ་དག་ནི་རང་སྐྱ་འཕེར་བའི་མིང་དང་མཚུངས།  རྩིག་པའམ་བར་གྱང་ནི་འབྲེལ་སྒྲའི་ཕྲད་དང་འདྲ་ཞིང་།  ཁང་བ་ཡུག་གཅིག་ཅན་ཞེས་པ་མིང་རྐྱང་བ་དང་།  ཁང་བའི་ནང་དུའང་ཁང་མིག་དུ་མ་ཡོད་པ་ཅན་ཞེས་པ་ནི་མིང་འདུས་མའི་རིགས་དང་མཚུངས་སོ། །

གཞན་ཡང་སྐབས་འདིར་བོད་སྐད་ལ་ཁྱད་ཆོས་ཤིག་ཡོད་པ།  འབྲེལ་སྒྲའི་ཕྲད་ནི་གཙོ་བོར་དངོས་པོའི་མིང་གི་རྗེས་སུ་སྦྱོར་བ་ལས་བྱ་བའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་སོགས་ཀྱི་རྗེས་སུ་ཐོབ་པ་ཤིན་ཏུ་ཉུང་།  གལ་ཏེ་མིང་དེ་དག་གི་རྗེས་སུ་སྦྱོར་དགོས་པ་བྱུང་ཚེའང་།  ཐོག་མར་མིང་མཐའ་སྦྱོར་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དངོས་པོའི་མིང་གི་རང་བཞིན་དུ་བསྒྱུར(名物化)རྗེས།  ད་གཟོད་དེའི་ཕྲད་སྦྱོར་བཞིན་ཡོད། གསལ་བྱེད་ཀྱི་དཔེ་ནི་གཤམ་གསལ།

འགྲོ་ཡི་མི།*                    འགྲོ་བའི་མི།

བཤད་ཀྱི་སྐད་ཆ།*            བཤད་པའི་སྐད་ཆ།

ཞིམ་གྱི་ཟས།*                  ཞིམ་པའི་ཟས།

མཛེས་ཀྱི་བུ་མོ།*               མཛེས་པའི་བུ་མོ་ལྟ་བུའོ། །

གོང་གི་དཔེ་བརྗོད་དག་གི་སྔ་མ་རྣམས་ནི་བྱ་བའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གི་རྗེས་སུ་ཐད་ཀར་འབྲེལ་སྒྲ་སྦྱོར་བ་ཡིན་ལ།  འདིའི་སྦྱོར་སྟངས་ནི་བོད་སྐད་དུ་ཆེས་ཆེར་མི་མཐོང་ངོ་། །ཕྱི་མ་རྣམས་ནི་བྱ་བའི་མིང་གང་ལ་མིང་མཐའ་སྦྱར་བས་དངོས་པོའི་མིང་གི་རང་བཞིན་དུ་གྱུར་པ་ཡིན་ཏེ།  དཔེར་ན།  “འགྲོ”ཞེས་པ་དུས་དང་རྣམ་འགྱུར་གྱི་རྣམ་གཞག་ཚང་བའི་བྱ་བའི་མིང་དང་།  “འགྲོ་བ”ཞེས་ཚེ་བྱ་བ་དེ་ངེས་འཛིན་བྱེད་ཀྱི་མིང་དུ་གྱུར་བ་ལྟ་བུ།  དེ་བས་འདི་ལ་འབྲེལ་སྒྲ་ཐོབ་པ་ནི་དོན་དུ་དངོས་པོའི་མིང་ལ་འབྲེལ་སྒྲ་ཐོབ་པ་ཡིན་ནོ། །དེ་ཡང་ཆོས་ཉིད་འདིའི་བདེན་རྫུན་བརྟག་ཆེད་དུ།  ང་ཚོས《མི་ལ་རས་པའི་རྣམ་ཐར》ལ་བརྟག་དཔྱད་བྱས་པ་ཡིན་།  དེ་རུ་དངོས་པོའི་མིང་གི་རྗེས་སུ་ཐད་ཀར་འབྲེལ་སྒྲ་སྦྱར་བ་ཅན་བསྡོམས་པས2305ཡོད་པ་དང་།  ཁྱད་ཆོས་བརྗོད་པའི་མིང་གི་རྗེས་སུ་འབྲེལ་སྒྲ་སྦྱར་བ་ཅན254ཡོད།  དེ་ལས252ནི་མིང་མཐའ“པ་པོ་བ་བོ་མ་མོ་ཅན་ལྡན་མཁན”སོགས་སྦྱར་བ་ཅན་ཡིན་པས།  འདིའི་སྐོར་ནི་དངོས་པོའི་མིང་གི་རིགས་སུ་བརྩི་རུང་།  བྱ་བའི་མིང་གི་རྗེས་སུ་འབྲེལ་སྒྲ་སྦྱར་བ་ཅན932ཡོད་པ་དང་།  ཚང་མ་མིང་མཐའ“པ་པོ་བ་བོ་མ་མོ་ཅན་ལྡན་མཁན”སྦྱར་བ་ཅན་རྐྱང་རྐྱང་ཡིན་པས།  དེའང་དངོས་པོའི་མིང་གི་རིགས་ལས་མ་འདས།  དེ་བས་རྣམ་ཐར་དུ་བསྡོམས་པས་འབྲེལ་སྒྲ་ཐེངས3491བྱུང་བའི3489ནི་དངོས་པོའི་མིང་གི་རྗེས་སུ་ཐོབ་པ་འབའ་ཞིག་ཡིན་པས།  སྤྱིའི99.9%ཟིན་ནོ། ། གཞན་དམིགས་བསལ་གཉིས་ནི“གཏན་གྱི་འདུན་མ་དང་དགེའི་རྟགས”ཞེས་པ་དེ་ཡིན་ལ།  འདིའི་སྔ་མའི“གཏན”ཞེས་པ་སྐབས་འདི་རུ་དུས་གང་ངེས་འཛིན་བྱེད་ཀྱི་དངོས་པོའི་མིང་ཡིན་པར་སྙམ་པ་དང་།  ཕྱི་མ“དགེའི་རྟགས”ཞེས་པས“དགེ”ཡི་མིང་མཐའ“བ”བསྡུས་པ་ཡིན་པར་འདོད།  

ཡང་རྣམ་ཐར་དུ“མཐར་འཁྱམས་ཀྱི་བར།  མ་མཐོང་གི་བར།  སྐྱོ་བ་སངས་འདོད་ཀྱི་རྐྱེན།  མི་མེད་ཀྱི་གནས།  དོན་མེད་ཀྱི་ལས།”ཞེས་བྱ་བའི་མིང་གི་རྗེས་སུ་ཐད་ཀར་འབྲེལ་སྒྲ་སྦྱར་བ(VP+འབྲེལ་སྒྲ)ལྟ་བུ་བྱུང་བ་ནི།  དོན་དུ་འབྲེལ་སྒྲའི་ནུས་པསVPདེ་དག་ཀྱང་དངོས་པོའི་མིང་གི་རང་བཞིན་དང་ལྡན་པར་བསྒྱུར་ཡོད་དེ།  སྔ་མ་གསུམ་ནི་འབྲེལ་སྒྲ་མ་སྦྱར་ཚེ།  “མཐའ་རུ་འཁྱམས།  མ་མཐོང་།  སྐྱོ་བ་སངས་འདོད”ཅེས་དོན་ཡོངས་སུ་རྫོགས་པར་སྟོན་པའི་ཚིག་ཏུ་གྲུབ་ཡོད་ཀྱང་།  འབྲེལ་སྒྲ་སྦྱར་བ་ན།  ཞིབ་བརྗོད་ཀྱི་རང་བཞིན་ནས་རང་གི་མིང་ཕྱི་མའི་ཁྱབ་ཁོངས་གང་ཞིག་ངེས་འཛིན་བྱེད་དུ་གྱུར་པ་ལྟ་བུ།  ཡིན་ནའང་།  འདིའི་རིགས་ནི་འབྲེལ་སྒྲ་སྦྱར་བ་ལས།  མིང་གི་རང་བཞིན་ལ་འགྱུར་བ་བྱུང་བ་མ་གཏོགས།  བརྡ་དོན་གྱི་ཐད་ནས་བལྟས་ན།  ཕྱིར་རང་གི་བསྟན་དོན་གང་དེ་ཁོ་ན་སྟོན་པ(自指)མ་གཏོགས་མིང་ཕྱི་མའི་དོན་མཚོན་མི་ཐུབ།  རྗེས་མ་གཉིས་ནི་འབྲེལ་སྒྲའི་ནུས་པསVPནས་དངོས་པོའི་མིང་གི་རང་བཞིན་ཅན་དུ་གྱུར་ཡོད་པ་འདྲ་ཡང་།  བརྡ་དོན་ནས་རང་གི་བསྟན་དོན་གང་དེ་སྟོན་པར་མ་ཟད།  མིང་ཕྱི་མིའི་དོན་ཡང་བརྒྱུད་ནས་སྟོན(转指)ཐུབ་སྟེ།  དཔེར་ན།  “མི་མེད་ཀྱི་གནས”ཞེས་པའི“མི་མེད”ཅེས་པ་ནི“གནས”གང་དེ་བྱེ་བྲག་ཏུ་སྟོན་བྱེད་དང་།  “དོན་མེད་ཀྱི་ལས”ཞེས་པའི“དོན་མེད”དེའང་དམིགས་བསལ་གྱི“ལས”གང་དེ་ངེས་འཛིན་བྱེད་ཡིན་པ་ལྟ་བུའོ། །  འདི་ནི་ཁ་སྐད་དང་སྦྱར་ན་གོ་བ་ཅུང་ཟད་ལེན་བདེ་སྟེ།  དཔེར་ན།  “མི་མེད་ནོ་ས་ཆ།”ལ“ས་ཆ་མི་མེད་ནོ”ཞེས་ཟེར་ཆོག་ལ།  འདིའི“མི་མེད་ནོ”གཅིག་པུས་ཀྱང“ས་ཆ”དེ་སྟོན་རུང་བ་ལྟ་བུ།  དེ་བཞིན།  “དོན་མེད་ནོ་ལས་ཀ”ལ“ལས་ཀ་དོན་མེད་ནོ”ཟེར་རུང་བ་དང་།  “དོན་མེད་ནོ”ཞེས་པས“ལས་ཀ”གང་དེ་སྟོན་ནུས་པ་ལྟར་རོ། །  (འདིའི“ནོ”ནི་འབྲེལ་སྒྲའི་འགྱུར་གཟུགས་ཡིན་པར་སྙམ།)་ ཡང་དཔེ་ཞིག་བཞག་ན།  “སྟག་གསོད”ཅེས་པ་ཚིག་དང་།  “སྟག་གསོད་ཀྱི་གཏམ་རྒྱུད”ཞེས་ཚེ།  “གཏམ་རྒྱུད”དེའི་མིང་ལ“སྟག་གསོད”ཅེས་པ་ལྟ་བུ།  དེ་བཞིན།  “སྟག་མོར་ལུས་སྦྱིན”ཞེས་པ་ཚིག་དང་།  “སྟག་མོར་ལུས་སྦྱིན་གྱི་ལེའུ”ཞེས་ཚེ།  “སྟག་མོར་ལུས་སྦྱིན”ཞེས་པ“ལེའུ”དེའི་མིང་དུ་ཆགས་པ་ལྟ་བུའོ། །  ཡང་དེང་སང“སོང་གི་མི”ཞེས་བྱ་བའི་མིང་གི་རྗེས་སུ་ཐད་ཀར་འབྲེལ་སྒྲ་སྦྱར་ཡང་།  དངོས་པོའི་མིང་གི་རང་བཞིན་དུ་འགྱུར་མེད་པའི་རིགས་བྱུང་བཞིན་ཡོད་པ་ནི།  རྩོམ་པ་པོས་བལྟས་ན་དེ་ནི་བོད་སྐད་ཀྱི་སྐད་སྲོལ་དུ་མི་མཐུན་པས་ཚིག་སྐྱོན་ཡིན་པར་སེམས་སོ། །

གོང་གི་ལྟ་ཚུལ་དག་མདོར་དྲིལ་ན།  འབྲེལ་སྒྲའི་ཕྲད་ཕལ་ཆེ་བ་ནི་དངོས་པོའི་མིང་གི་རྗེས་སུ་སྦྱོར་བཞིན་ཡོད་པ་དང་།  དམིགས་བསལ་བྱ་བའི་མིང་དང་།  ཁྱད་ཆོས་བརྗོད་པའི་མིང་།  མཐའ་ན་ཚིག་དང་བརྗོད་པ་སོགས་ཀྱི་མཐར་བྱུང་ཚེའང་།  དེས་ནུས་པས་དེ་དག་ཚང་མ་ཡང་དངོས་པོའི་མིང་གི་རང་བཞིན་དུ་བསྒྱུར་བཞིན་ཡོད་པས།  འབྲེལ་སྒྲའི་ཕྲད་ནི་རང་བོད་སྐད་དུ་དངོས་པོའི་མིང་དང་ཡང་ན་དངོས་པོའི་མིང་ཚོམས་ཀྱི་རྟགས་མཚན(名物化标记)ལྟ་བུར་གྱུར་ནས་ཡོད་དོ་སྙམ།  འདིའི་དངོས་པོའི་མིང་གི་རྟགས་མཚན་ཡིན་ཞེས་པ་དེ་ནི་མིང་ཚོམས་ཀྱི་རིམ་པ་ནས་བཤད་ན།  འབྲེལ་སྒྲའི་ཕྲད་ནི་དངོས་པོའི་མིང་དང་མིང་གཞན་པ་སྦྲེལ་བྱེད་ཀྱི་ཕྲད་ཡིན་ཞེས་པ་དེའོ། །དེ་བས་འབྲེལ་སྒྲའི་ཕྲད་ལྡན་པ་ཞིག་ཡིན་ན།  མ་མཐའ་ཡང་རང་སྐྱ་འཕེར་བའི་མིང་གཉིས་ཚོགས་ནས་གྲུབ་པའི་མིང་ཚོམས་ཤིག་ཡིན་དགོས་ཤིང་།  བརྡ་དོན་ནས་ཀྱང་སྔ་ཕྱི་མིང་རེ་རེ་ལ་དོན་ལྡོག་པ་རེ་རེ་ཞིག་ཡོད་དགོས་སོ། །བརྡ་སྤྲོད་སྨྲ་བ་དགེ་རྒན་བདེ་མཆོག་ལགས་ཀྱིས“ལྡོག་པ་གཅིག་ལ་འབྲེལ་སྒྲ་མི་སྦྱོར།  ལྡོག་པ་ཐ་དད་ལ་འབྲེལ་སྒྲ་སྦྱོར།”ཞེས་གསུངས་པའང་གནད་ཀ་འདི་ལ་ཐུག་ཡོད་སྙམ།  ཡང་ཁོང་གིས“ངོ་བོ་གཅིག་གམ་དུ་མ་ཡིན་ཡང་ཆོག  ཁྱོད་ལྡོག་པ་གཅིག་ཡིན་ན་འབྲེལ་སྒྲ་མི་སྦྱོར།”ཟེར་བ་ནི་གཙོ་བོ་མིང་བརྡའི་གོ་དོན་མ་གཏོགས་མི་སྟོན་པའི་མིང་རྐྱང་བ་དང་མིང་འདུས་མའི་རིགས་ལ་དམིགས་ནས་བཤད་པ་དང་།  “མཐོ་བའི་རི་ཞེ་ན།  མཐོ་བ་ལྡོག་པ་གཅིག་དང་།  རི་ལྡོག་པ་གཅིག་ཡིན་པས་འབྲེལ་སྒྲ་སྦྱོར་དགོས།”ཞེས་པས་ནི་འབྲེལ་སྒྲ་སྦྱར་བ་ཅན་ཞིག་ཡིན་ན་མ་མཐའ་ཡང་དོན་ལྡོག་པ་གཉིས་སྟོན་ཞེས་པའི་དགོངས་པ་བསྟན་པ་ཡིན་ནམ་སྙམ།  

གཞན་ཡང་མིང་དང་མིང་རྐྱང་བ།  མིང་འདུས་མ།  ཆེད་སྤྱོད་ཀྱི་མིང་བཅས་ནི་རིམ་པ་མི་གཅིག་པའི་སྐད་བརྡའི་མཚན་གཞི་འགའ་ཞིག་ཡིན་ནའང་།  སྐད་བརྡའི་བཀོལ་སྤྱོད་ཁྲོད་དམ་ཡང་ན་བརྡ་སྤྲོད་ཀྱི་དགོས་དབང་གིས་ཕན་ཚུན་གཅིག་གིས་གཅིག་ལ་འགྱུར་བའི་སྣང་ཚུལ་འབྱུང་སྲིད་པས།  དེ་དག་གི་བར་ལ་མུ་རྒྱུད་ཀྱི་འབྲེལ་བ(连续统)ཞིག་ཆགས་ཡོད།  དེའི་འགྱུར་ཚུལ་ནི་མིང་དང་མིང་འཕྲད་པ་ལ་གཙོ་བོ་དེ་གཉིས་ཀྱི་འབྲེལ་བ་སྟོན་པར་བྱེད་པ་ཡིན་ན།  མིང་ཚོམས་ཀྱི་ལམ་ནས་མཚོན་ཞིང་བར་ལ་འབྲེལ་སྒྲ་སྦྱོར་དགོས་པ་དང་།  མིང་ཚོམས་དེ་ཉིད་སྤྱོད་རྒྱ་ཆེ་རུ་སོང་བ་དང་བསྟུན་ནས།  དེ་ལ་ངེས་འཛིན་གྱི་རང་བཞིན་ནམ་འབོད་བྱེད་ཀྱི་རང་བཞིན་ལྡན་པའི་ཚེ།  དེའི་བར་གྱི་འབྲེལ་བ་སྟོན་བྱེད་ཀྱི་རྣམ་དབྱེའི་ཕྲད་ཀྱང་རིམ་བཞིན་ཉམས་པའི་མུར་མིང་འདུས་མར་གྲུབ་པ་དང་།  མིང་འདུས་མ་དེ་ནི་བསྟན་བྱ་གང་ཁོ་ན་ཆེད་དུ་སྟོན་བྱེད་ཀྱི་མིང་དུ་བྱས་ཚེ།  ཆེད་སྤྱོད་ཀྱི་མིང་དུ་སྤྱོད་བཞིན་ཡོད།  དཔེ་ཡིས་གསལ་བར་བྱེད་ན་གཤམ་གསལ།

640 (78).jpeg

གོང་གི་དཔེ་བརྗོད་ལས་ཆེད་སྤྱོད་ཀྱི་མིང་ནས་མིང་ཚོམས་ཀྱི་བར་ལ་མུ་རྒྱུད་ཀྱི་འབྲེལ་བ་ཞིག་ཆགས་ཡོད་པ་ཤེས་ཐུབ།  དེ་རུ་འབྲེལ་སྒྲའི་ཕྲད་ནི་དངོས་པོའི་མིང་ཚོམས་ཀྱི་རྟགས་མཚན་དུ་གྱུར་ཡོད་པས།  འབྲེལ་སྒྲ་སྦྱར་བ་ན།  མིང་སྔ་ཕྱི་རེ་རེ་ནས་དོན་ལྡོག་པ་རེ་རེ་སྟོན་བཞིན་ཡོད་པ་དང་།  འབྲེལ་སྒྲ་མ་སྦྱར་ཚེ།  དོན་སྤྱི་གཅིག་འབའ་ཞིག་གམ་ཡང་ན་རིགས་སྤྱི་ཞིག་ཁོ་ན་ལས་མི་སྟོན་པས།  སྤྱིའི་ཆ་ནས་དོག་ལྡོག་པ་གཅིག་མ་གཏོགས་མེད་དོ། །

ཡང་མིང་འདུས་མ་དང་མིང་ཚོམས་ཀྱི་བར་ལ་སྒྲིག་གཞིའི་ཚགས་དམ་ལྷོད་དང་།  དོན་གྱི་དོམ་ཚད(整合度)མཐོ་དམའ་ནས་ཀྱང་གཤམ་གྱི་མུ་རྒྱུད་ཀྱི་འབྲེལ་བ་འདི་ལྟ་བུ་ཞིག་ཆགས་ཡོད་དེ།

640 (79).jpeg

མདོར་ན།  མིང་དང་མིང་འཕྲད་པ་ལ་ཚགས་དམ་ལྷོད་ཅི་རིགས་སྣང་ཡང་།  ངོ་བོའི་ཆ་ནས་མཚམས་འབྱེད་བྱེད་ནི་འབྲེལ་སྒྲའི་ཕྲད་སྦྱོར་དང་མི་སྦྱོར་བ་ཡིན།  དེ་ཡང་འབྲེལ་སྒྲའི་ཕྲད་མ་སྦྱར་བའི་རིགས་ནི་ཚགས་དམ་ལྷོད་ཅི་རིགས་སྣང་བའི་མིང་འདུས་མའི་སྐོར་ཡིན་པ་དང་།  འབྲེལ་སྒྲའི་ཕྲད་སྦྱར་བ་ཅན་ནི་དོན་ལྡོག་པ་དུ་མ་སྟོན་པའི་མིང་ཚོམས་ཀྱི་རིགས་ཡིན་ནོ། །རྒྱའི་མཁས་པ་ལུའུ་ཧྲོ(陆烁)ལགས་ཀྱིས་རྣམ་པ་བརྡ་དོན་རིག་པ(形式语义学)ནས“འབྲེལ་སྒྲས་མཚམས་སྦྱར་བ་ཅན་ནི་མིང་ཚོམས་དང་།  འབྲེལ་སྒྲས་མཚམས་སྦྱར་མེད་པའི་རིགས་ནི་མིང་འདུས་མ་ཡིན།”ཞེས་གསུངས་པས་ཀྱང་གོང་གི་ལྟ་ཚུལ་འདི་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་བསྐྲུན་ཡོད་དོ། །

གཉིས།  ཚད་བཀག་དང་ཞིབ་འབྲི།(限制与描写)

འབྲེལ་སྒྲའི་ཕྲད་ཀྱི་ཚད་བཀག་དང་ཞིབ་འབྲིའི་ནུས་པ་ཞེས་པ་ནི་བརྡ་དོན་རིག་པ་ནས་བཤད་པ་ཞིག་ཡིན།  གཞུང་ལུགས་འདིས་མིང་དང་མིང་འཕྲད་པའི་བར་ལ་འབྲེལ་སྒྲ་སྦྱར་བ་ན།  དེས་རང་གི་མིང་ཕྱི་མའི་བསྟན་བྱའི་ཁྱབ་ཁོངས་ལ་ཚོད་འཛིན་པ་དང་།  ཡང་ན་མིང་ཕྱི་མའི་བསྟན་བྱ་གང་དེ་ཞིབ་འབྲི་བྱ་སྲིད་ཅེས་འདོད་བཞིན་ཡོད་དེ།  གོ་སླ་བར་བཤད་ན།  X+འབྲེལ་སྒྲ+Yཅན་གྱི་མིང་ཚོམས་སུ།  X+འབྲེལ་སྒྲ་ཡིསYཡི་བསྟན་བྱའི་ཁྱབ་ཁོངས་ཚོད་འཛིན་པ་དང་།  ཡང་ནYཡི་བསྟན་དོན་ཞིབ་འབྲི་བྱེད་བཞིན་ཡོད་ཅེས་པ་དེའོ། །

འབྲེལ་སྒྲའི་ནུས་པ་འདི་ལྟ་བུ་ནི་ང་ཚོས་གོང་ནས་སྤྲོས་ཟིན་པའི་སྔོན་བྱོན་མཁས་དབང་རྣམས་ཀྱིས་འབྲེལ་སྒྲར་ནང་གསེས་བཅུ་དགུས་གྲངས་མཛད་ཡོད་པ་དེ་དག་ཐམས་ཅད་དུའང་ཁྱབ་ནས་ཡོད་དེ།  དཔེར་ན།  ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བའི“གོས་ཀྱི་ཚོན་མདངས”ཞེས་པ་ལྟ་བུར་མཚོན་ན།   སྤྱིར“ཚོན་མདངས”ཞེས་པས་བསྟན་བྱ་ངེས་མེད་ཅིག་སྟོན་ནའང་།  “གོས་ཀྱི”ཞེས་ནས“ཚོན་མདངས”དེའི་བསྟན་བྱ་གཞན་རྣམས་བཀག་པའི་མུར།  “གོས”ཁོ་ནའི“ཚོན་མདངས”སྟོན་པ་ལྟ་བུ་དང་།  ཡན་ལག་དང་ཡན་ལག་ཅན་གྱི“ཁྱོད་ཀྱི་ལག་པ”ལ་མཚོན་ནའང་།  “ལག་པ”ཡི་ཁྱབ་ཁོངས“ཁྱོད”ཁོ་ནར་སྟོན་ཞིང་།  རྟེན་དང་བརྟེན་པའི“དཀར་ཡོལ་ནང་གི་འོ་མ”ཞེས་པ་རུའང་།  “དཀར་ཡོལ་ནང་གི”ཞེས་ནས“དཀར་ཡོལ་ཕྱི”དང་ཡང་ན་སྣོད་གཞན་ཀྱི་ནང་གི“འོ་མ”སོགས་ཀྱི་དོན་བཀག་པ་ལྟ་བུ།  རྒྱུ་དང་འབྲས་བུའི“གྲོ་ནས་ཀྱི་སྨྱུ་གུ”ཞེས་པས་ཀྱང་།  “སྨྱུ་གུ”དེའི་བསྟན་བྱའི་ཁྱབ་ཁོངས“གྲོ་ནས”འབའ་ཞིག་ཡིན་པ་བསྟན་པ་ལྟར་རོ། །  དེ་བཞིན་བདག་ཉིད་གཅིག་འབྲེལ་གྱི“ཚ་ཞིང་སྲེག་པའི་མེ”ལྟ་བུར་མཚོན་ན།  “ཚ་ཞིང་སྲེག་པ”ནི“མེ”ཡི་རང་བཞིན་ནམ་ཁྱད་ཆོས་ཡིན་པ་དང་།  བར་དུ་འབྲེལ་སྒྲ་སྦྱར་བས།  “ཚ་ཞིང་སྲེག་པའི་མེ”ཞེས“མེ”དེ་ཉིད་ཞིབ་འབྲི་བྱེད་པ་ལྟ་བུ།  ཡང་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བའི“ཐམས་ཅད་མཁྱེན་པའི་སངས་རྒྱས”ཞེས་པ་ལྟ་བུ་རུ།  “སངས་རྒྱས”ལ“ཐམས་ཅད་མཁྱེན་པའི་སངས་རྒྱས”དང“ཐམས་ཅད་མཁྱེན་པ་མ་ཡིན་པའི་སངས་རྒྱས”ཞེས་བགར་དུ་མེད་པས།  མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲ་སྦྱར་བ་ན་དེ་ནི་ཞིབ་འབྲི་རང་བཞིན་གྱི་མིང་ཚོམས་སུ་གྱུར་པ་ལྟ་བུའོ། །

འདིའི་ཚད་བཀག་དང་ཞིབ་འབྲི་ཞེས་པའང་གཙོ་བོ་སྐད་ཆའི་སྤྱོད་སྒོ(语用)ནས་བཤད་པ་ཞིག་ཡིན་པས།  འདིའི་རིགས་ཀྱི་མིང་ཚོམས་ནི་དོན་དུ་ཚད་བཀག་གི་རང་བཞིན་ཅན་ཡིན་ནམ་ཞིབ་འབྲིའི་རང་བཞིན་ཡིན་པ།  སྐད་ཆ་བཤད་པ་པོའི་སྐབས་ཐོག་དེའི་བརྗོད་འདོད་ལའང་རག་ལས་ཡོད།  དཔེར་ན།  “ལས་ལ་བརྩོན་པའི་མི”ཞེས་པས།  “མི”གང་ཞིག་གི་ཁྱད་ཆོས་སམ་རང་བཞིན་གང་དེ་ཞིབ་འབྲི་བྱེད་བཞིན་ཡོད་དམ།  ཡང་ན“མི”ཡི་དོན་གྱི་ཁྱབ་ཁོངས་གཞན་རྣམས་ཚོད་འཛིན་བྱེད་བཞིན་ཡོད་པ་ནི།  བཤད་པ་པོའི་བརྗོད་འདོད་ལ་རག་ལས་སྟེ།  “ལས་ལ་བརྩོན་པའི་མི་ཞིག་ཡིན”ཞེས་ཚེ་ཞིབ་འབྲི་ཤུགས་ཆེ་བ་དང་།  “ལས་ལ་བརྩོན་པའི་མི་ནི་ཉུང་ཤས་ཡིན”ཞེས་དུས་ཚད་བཀག་ཤེད་ཆེ་བ་ལྟ་བུའོ། །

གཞན་ཡང་མིང་དང་མིང་འཕྲད་པའི་བར་ལ་འབྲེལ་སྒྲས་མཚམས་སྦྱར་བ་ན།  དེ་གཉིས་ཀྱི་འབྲེལ་བ་ནི་ཅི་ཞིག་ཡིན་ཡང་།  གཙོ་བོ་མིང་སྔ་མ་ལ་བརྟེན་ནས་མིང་ཕྱི་མའི་དོན་དེ་ཕ་རོལ་པོར་ངོ་སྤྲོད་པར་བྱེད་བཞིན་ཡོད།  མིང་ཕྱི་མའི་དོན་གྱི་སྟོན་རྒྱར་ཚོད་འཛིན་པ་ཞེས་པའང་།  དོན་དུ་བསྟན་བྱ་གང་ཉིད་ཕ་རོལ་པོར་བྱེ་བྲག་ཏུ་བསྟན་པ་ཞིག་ཡིན་པས།  ཅིས་ཀྱང་ཞིབ་འབྲིའི་ཆ་ཞིག་ལྡན།  དེ་བས་འབྲེལ་སྒྲའི་ཕྲད་ཀྱི་ཚད་བཀག་རང་བཞིན་ཞེས་པའང་བརྡ་དོན་གྱི་རིམ་པ་ནས་བཤད་ན་ཞིབ་འབྲིའི་ཐབས་ཤིག་ཡིན་སྟབས།  གཤམ་གྱི་འབྲེལ་བ་འདི་ལྟ་བུ་ཞིག་གྲུབ་ནས་ཡོད།

640 (80).jpeg

འབྲེལ་སྒྲའི་ཚད་བཀག་དང་ཞིབ་འབྲིའི་རང་བཞིན་གཉིས་ལ་གོང་གི་རི་མོར་ལྟར་དུ་དབྱེ་གཞི་དང་དབྱེ་ཆོས་ཀྱི་འབྲེལ་བ་ཞིག་ཆགས་ཡོད་པས།  ང་ཚོས“ཚད་བཀག་གི་རང་བཞིན་ཡིན་ན་ཞིབ་འབྲིའི་རང་བཞིན་ཡིན་པས་ཁྱབ་པ་དང་།  ཞིབ་འབྲིའི་རང་བཞིན་ཡིན་ཚེ་ཚད་བཀག་གི་རང་བཞིན་ཡིན་པས་མ་ཁྱབ”ཅེས་པའི་སྡོམ་ཚིག་ཅིག་ཀྱང་བཞག་ཆོག  དེ་ཡང་ཞིབ་འབྲིའི་རང་བཞིན་ཡིན་ལ།  ཚད་བཀག་གི་རང་བཞིན་མ་ཡིན་པ་ཅན་ནི་ཆེ་ཕྱོགས་ནས་རིགས་གཉིས་སུ་བསྡུས་ཆོག་པར་འདོད་དེ།  གཅིག་ནི་མིང་སྔ་མ་ནི་མིང་ཕྱི་མའི་རང་བཞིན་ནམ་ངོ་བོ་དང་།  ཡང་ན་མིང་ཕྱི་མའི་བསྒྱུར་དུ་མེད་པའི་ཁྱད་ཆོས་གང་ཤིག་ཏུ་གྱུར་ཡོད་པ་ཅན་ཏེ།  དཔེར་ན།  ཚ་བའི་མེ།  བརླན་པའི་ཆུ།  ཐབས་ཤེས་གཉིས་ལྡན་གྱི་སངས་རྒྱས་ལྟ་བུ།  འདིའི་མིང་སྔ་མ་སྔ་ནི་མིང་ཕྱི་མ་ཕྱི་མའི་རང་བཞིན་ནམ་ངོ་བོར་གྱུར་ཡོད་སྟབས།  བར་དུ་འབྲེལ་སྒྲས་མཚམས་སྦྱར་བ་ན།  མིང་སྔ་མ་རྣམས་ཀྱིས་རང་རང་གི་མིང་ཕྱི་མ་གང་དེ་ཞིབ་འབྲི་བྱེད་བཞིན་ཡོད་པ་ལས།  ཚད་བཀག་བྱེད་མི་ཐུབ་པ་ནི“ཚ་བ་མ་ཡིན་པའི་མེ”དང“བརླན་པ་མ་ཡིན་པའི་ཆུ”  “ཐབས་ཤེས་གཉིས་དང་མི་ལྡན་པའི་སངས་རྒྱས”ལྟ་བུའི་དགག་བྱའི་དོན་གཞན་ཞིག་མེད་པ་བཞིན་ནོ། །འདི་ལྟ་བུའི་ཞིབ་འབྲིའི་འབྲེལ་བ་ནས་གོང་གི་མིང་ཚོམས་དེ་དག་ཞིབ་བརྗོད་ཀྱི་ཚིག་ཏུ་བསྒྱུར་ཚེའང་བརྗོད་གཞི་ཡང་དག(真命题)ཅིག་ཏུ་འགྲུབ་ཐུབ་པ་རེའུ་མིག་དང་པོ་ལྟར།  

(རེའུ་མིག་དང་པོ།)

ཞིབ་འབྲི་རང་བཞིན་གྱི་མིང་ཚོམས།(描写性短语)

བརྗོད་གཞི་ཡང་དག(真命题)

ཚ་བའི་མེ།

མེ(ཐམས་ཅད)ཚ་བ་ཡིན།

བརླན་པའི་ཆུ།

ཆུ་བརླན་པ་ཡིན།

ཐབས་ཤེས་གཉིས་ལྡན་གྱི་སངས་རྒྱས།

སངས་རྒྱས་ཐབས་ཤེས་གཉིས་དང་ལྡན་པ་ཡིན།

ཡང་མིང་སྔ་མ་ནི་མིང་ཕྱི་མའི་བསྒྱུར་དུ་མེད་པའི་ཁྱད་ཆོས་སུ་གྱུར་ཡོད་པ་ཅན་གྱིས་ཀྱང་ཚད་བཀག་གི་དོན་མི་སྟོན་པར་ཞིབ་འབྲིའི་དོན་ཁོ་ན་ཞིག་སྟོན་པ་དཔེར་ན།  དམར་བའི་ཁྲག  མངར་བའི་བུ་རམ།  ཟླུམ་པའི་སའི་གོ་ལ།  བསྐ་བའི་ཨ་རུ་ར་ལྟ་བུ།  འདི་རྣམས་ཀྱི་མིང་སྔ་མ་སྔ་མས་རང་གི་མིང་ཕྱི་མ་དག་ཞིབ་འབྲི་བྱེད་པ་ཁོ་ན་ལས།  དེའི་དོན་གྱི་སྟོན་རྒྱ་ཚད་བཀག་བྱེད་མི་ཐུབ་པ་ནི།  “དམར་བོ་མ་ཡིན་པའི་ཁྲག”དང“མངར་མོ་མ་ཡིན་པའི་བུ་རམ”  “ཟླུམ་པོ་མ་ཡིན་པའི་སའི་གོ་ལ”  “བསྐ་བ་མ་ཡིན་པའི་ཨ་རུ་ར”སོགས་ཀྱི་དགག་བྱའི་དོན་གཞན་པ་མེད་པ་བཞིན་ནོ། །དེ་བས་འདི་དག་ཀྱང་ཞིབ་བརྗོད་ཀྱི་ཚིག་ཏུ་བསྒྱུར་ཚེ།  བརྗོད་གཞི་ཡང་དག་ཅིག་ཏུ་འགྲུབ་ཐུབ་པ་རེའུ་མིག་གཉིས་པ་ལྟར།

(རེའུ་མིག་གཉིས་པ།)

ཞིབ་འབྲི་རང་བཞིན་གྱི་མིང་ཚོམས།(描写性短语)

བརྗོད་གཞི་ཡང་དག(真命题)

དམར་བའི་ཁྲག

ཁྲག་དམར་བོ་ཡིན།

མངར་བའི་བུ་རམ།

བུ་རམ་མངར་མོ་ཡིན།

ཟླུམ་པའི་གོ་ལ།

གོ་ལ་ཟླུམ་པོ་ཡིན།

བསྐ་བའི་ཨ་རུ་ར།

ཨ་རུ་ར་བསྐ་བ་ཡིན།

ཅིག་ཤོས་ནི་མིང་ཕྱི་མ་གང་དེ་ཆེད་སྤྱོད་ཀྱི་མིང་ཡིན་ན།  ཞིབ་འབྲིའི་རང་བཞིན་ཁོ་ན་ལྡན་པ་ལས་ཚད་བཀག་གི་དོན་མི་སྟོན་པ་དཔེར་ན།  《ཐོན་མིའི་ཞལ་ལུང》བརྩམས་པའི་མཁས་དབང་ཚེ་ཏན་ཞབས་དྲུང་།  མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ།  ཨ་མདོ་ས་ཆའི་ཨ་མདོ་མཆོད་རྟེན་རང་བྱོན།  བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་ལྟ་བུ།  འདིའི་རིགས་ཀྱི་མིང་ཕྱི་མ་རྣམས་ནི་ཆེད་སྤྱོད་ཀྱི་མིང་ཡིན་པ་དང་།  དེ་དག་ལ་དོན་སྤྱི་གཅིག་ཁོ་ན་མ་གཏོགས་མེད་པས།  བསྟན་བྱ་ངེས་ཅན་གྱི་དངོས་པོའི་མིང་ཞིག་ཀྱང་ཡིན་ན།  ཚོད་འཛིན་བྱ་ཡུལ་གྱི་ཁྱབ་ཁོངས(限制域)གཞན་ཞིག་ནི་ཡོད་པར་མི་འགྱུར་བ་དཔེར་ན།  “མཁས་དབང་ཚེ་ཏན་ཞབས་དྲུང”ཞེས་པ་ལ《ཐོན་མིའི་ཞལ་ལུང》བརྩམས་པའི“མཁས་དབང་ཚེ་ཏན་ཞབས་དྲུང”ཞིག་དང་ཡང་ན་གཞན་པའི“མཁས་དབང་ཚེ་ཏན་ཞབས་དྲུང”ཞེས་པའི་དོན་སྤྱི་ཁ་ཁ་ཞིག་མེད་པ་ལྟ་བུ་དང་།  དེ་བཞིན“མཚོ་སྔོན་པོ”ལའང་མཚོ་སྔོན་ཞིང་ཆེན་གྱི“མཚོ་སྔོན་པོ”ཞིག་དང་དེ་ལས་འདས་པའི“མཚོ་སྔོན་པོ”ཞིག་ཞེས་དོན་སོ་སོ་སྟོན་རྒྱུ་མེད་ལ།  “ཨ་མདོ་མཆོད་རྟེན་རང་བྱོན”ཞེས་པར་ཡང་ཨ་མདོ་ས་ཆའི“ཨ་མདོ་མཆོད་རྟེན་རང་བྱོན”དང་གཞན་ཞིག་གི“ཨ་མདོ་མཆོད་རྟེན་རང་བྱོན”ཞེས་ལོགས་སུ་བགར་རྒྱུ་མེད་པ་ལྟར་དང་།  དེ་མཚུངས་སུ“བཙན་པོ་སྲོང་བཙན་སྒམ་པོ”ཞེས་པ་ལའང་བོད་ཀྱི“བཙན་པོ་སྲོང་བཙན་སྒམ་པོ”དང་ཡང་ན་དེ་མ་ཡིན་པའི“བཙན་པོ་སྲོང་བཙན་སྒམ་པོ”ཞེས་པའི་གང་ཟག་ཐ་དད་པ་ཞིག་མེད་པ་ལྟར་རོ། །དེ་བས་མིང་ཚོམས་འདིའི་རིགས་ཀྱི་མིང་སྔ་མ་དག་གིས་ནི་རང་རང་གི་མིང་ཕྱི་མ་རྣམས་ཀྱི་དོན་གང་དེ་ཞིབ་འབྲི་བྱེད་བཞིན་ཡོད་པ་ལས་དེའི་བསྟན་དོན་ལ་ཚད་བཀག་གཏན་ནས་བྱེད་མི་ཐུབ་བོ། །

གོང་གི་རིགས་གཉིས་པོ་ཕུད་པའི་གཞན་པའི་མིང་ཚོམས་རྣམས་ནི་བརྡ་དོན་ནས་ཞིབ་འབྲིའི་རང་བཞིན་ཡིན་ནའང་།  སྐད་ཆའི་སྤྱོད་སྒོ་ནས་ཚད་བཀག་གི་དོན་ཡང་སྟོན་སྲིད་པས།  སྔ་མ་དེ་གཉིས་ནང་བཞིན་ཞིབ་བརྗོད་ཀྱི་ཚིག་ཏུ་བསྒྱུར་ཚེ།  བརྗོད་གཞི་ཡང་དག་ཅིག་ཏུ་འགྲུབ་ཐུབ་པའི་ངེས་པ་མེད།  དཔེར་ན་གཤམ་གསལ།

ཚད་བཀག་རང་བཞིན་གྱི་མིང་ཚོམས།

བརྗོད་གཞི་ཡང་དག་མ་ཡིན་པ།(伪命题)

ཤིང་གི་ཡལ་ག

ཡལ་ག་ཐམས་ཅད་ཤིང་གི་ཡལ་ག་ཡིན།

བཀྲ་ཤིས་ཀྱི་སྨྱུ་གུ

སྨྱུ་གུ་ཐམས་ཅད་བཀྲ་ཤིས་ཀྱི་ཡིན།

ཞིམ་པའི་ཟས།

ཟས་ཐམས་ཅད་ཞིམ་པོ་ཡིན།

རྩྭ་ཐང་གི་ནོར་ལུག

ནོར་ལུག་ཐམས་ཅད་རྩྭ་ཐང་ན་ཡོད།

ཙན་དན་གྱི་ཤིང་།

ཤིང་ཐམས་ཅད་ཙན་དན་ཡིན།

ཡུལ་གྱི་ལྷ།

ལྷ་ཐམས་ཅད་ཡུལ་གྱི་ལྷ་ཡིན།

དཀར་ཡོལ་ནང་གི་འོ་མ།

འོ་མ་ཐམས་ཅད་དཀར་ཡོལ་ནང་དུ་ཡོད།

གྲོ་ནས་ཀྱི་སྨྱུ་གུ

སྨྱུ་གུ་ཐམས་ཅད་གྲོ་ནས་ཀྱི་སྨྱུ་གུ་ཡིན།

ཡང་སྐབས་འགར་ཚད་བཀག་དང་ཞིབ་འབྲིའི་རང་བཞིན་ནི་སྐད་ཆའི་བརྗོད་རིམ་ལའང་འབྲེལ་བ་ཡོད་དེ།  སྤྱིར་བཏང་དུ་ཁྱད་ཆོས་བརྗོད་པའི་མིང་ནི་མིང་གཙོ་བོའི་སྔོན་དུ་ཡོད་ཚེ།  ཚད་བཀག་གི་རང་བཞིན་ཤུགས་ཆེ་བ་དང་།  གཞུག་ཏུ་ཡོད་ན་ཞིབ་འབྲིའི་རང་བཞིན་ཤེད་ཆེའོ། །འདིའང་གཙོ་བོ་སྐད་ཆའི་སྤྱོད་སྒོ་ནས་བཤད་པ་ཤིག་ཡིན་པ་ལས།  བརྡ་སྤྲོད་ཀྱི་གོ་དོན་ནས་བལྟས་ན།  རིགས་དེ་གཉིས་ཀ་ཞིབ་འབྲི་རང་བཞིན་ཅན་ཡིན།  དཔེར་བརྗོད་རི་མོས་གསལ་བར་བྱས་ན་གཤམ་དུ།

640 (81).jpeg

གཞན་ཡང་གོང་ནས་ང་ཚོས་འབྲེལ་སྒྲའི་ཕྲད་ནི་དངོས་པའི་མིང་དང་ཡང་ན་དངོས་པོའི་མིང་ཚོམས་ཀྱི་རྟགས་མཚན་ལྟ་བུ་ཡིན་ཞེས་བརྗོད་ཟིན།  ཡིན་ཡང་བོད་སྐད་དུ་འབྲེལ་སྒྲའི་ཕྲད་ཕུད་པའི་མིང་མཐའ“པ་བ་པོ་བོ་མ་ཅན་ལྡན་མཁན”བཅས་ཀྱང་དངོས་པོའི་མིང་གི་རྟགས་མཚན་དུ་གྱུར་ཡོད་ན།  དེ་གཉིས་ཀྱི་ཁྱད་པར་གསལ་བར་འབྱེད་བྱེད་དུ་འདིའི་སྐོར་ནས་རགས་ཙམ་གླེང་བར་བྱ།

མིང་མཐའ་པ་བ་སོགས་ནི་བོད་སྐད་དུ་དངོས་པོའི་མིང་གི་རྟགས་མཚན་དུ་གྱུར་ཡོད་དེ།  གལ་ཏེ་བྱ་བའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གང་ཞིག་ཚིག་ཏུ་བཞག་ཅིང་དེ་ལ་མིང་མཐའ་པ་བ་སོགས་མ་སྦྱར་ཚེ།  དེ་ནི་ཞིབ་བརྗོད་རང་བཞིན་ཅན་གྱི་ཚིག་ཏུ་འགྲུབ་པ་དང་།  བརྡ་སྤྲོད་ཀྱི་ནུས་པ་ནས་བལྟས་ནའང་།  རྗོད་ཚིག(谓语)གི་གོ་ཆོད་ཀྱིན་ཡོད།  དཔེར་ན།  རི་མཐོ།  མི་བཟང་། ང་སོང་།  ཁོ་དགའ་ལྟ་བུ།  དེ་མིན།  འདིའི་རིགས་ལ་དུས་ཀྱི་འགྱུར་བ་དང་།(时)  དངོས་མཐོང་།(亲知)  དོན་གསར།(新异)སོགས་བརྡ་སྟོན་གྱི་རྣམ་བཞག(示证范畴)ཀྱང་ཡོད་རུང་བས།  དོན་རྫོགས་པར་སྟོན་པའི་ཚིག་ཏུ་ངེས།  དཔེར་ན།  ཁོ་འགྲོ་རྒྱུ་རེད།  ཁོ་སོང་ཟིན།(时)  ཁོ་བུད་ཐལ།(亲知)  ང་དགའ་གི(新异)  ཁོ་མཐོ་རྒྱུ་རེད་ལྟ་བུའོ། །ཡིན་ཡང་འདི་རྣམས་ལ་མིང་མཐའ་པ་བ་སོགས་སྦྱར་ཚེ།  དེ་དག་གི་ཚིག་གི་ནུས་པ་ཉམས་ནས་མིང་གི་རང་བཞིན་ཅན་དུ་འགྲུབ་སྲིད་དོ། །གཞན“པ་པོ་བ་བོ་མ་ཅན་ལྡན་མཁན”བཅས་ཀྱི་ནང་གསེས་ནས་ཀྱང་མིང་གི་རང་བཞིན་དུ་བསྒྱུར་པའི་ནུས་པ་མི་མཚུངས་པ་རེ་རེ་བཞིན་དགོད་པར་བྱ།

(1)མིང་མཐའ“པ”དང“བ”གཉིས་ནི་ཁྱད་ཆོས་བརྗོད་པའི་མིང་ངམ་བྱ་བའི་མིང་གི་རྗེས་སུ་སྦྱར་ཚེ།  མིང་དེ་ཉིད་དངོས་པོའི་མིང་དུ་འགྱུར་སྲིད་ཀྱང་།  སྤྱིར་བཏང་གི་དངོས་པོའི་མིང་ལྟར་དུ་ངེས་འཛིན་གྱི་རང་བཞིན(指称性)ནམ་འབོད་བྱེད་ཀྱི་རང་བཞིན(称谓性)ཤེད་ཆུང་།  དཔེར་ན།  “བཟང”ཞེས་པ་ཁྱད་ཆོས་བརྗོད་པའི་མིང་དང་།  “བཟང་བ”ཞེས་པ་རྣམ་པ་དེ་སྟོན་བྱེད་ཀྱི་དངོས་པོའི་མིང་དུ་གྱུར་སྲིད་ཀྱང་།  ཡུལ་གང་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་མི་འཚམ་པ་ལྟར་རོ། །གཞན་ཡང་མིང་མཐའ“པ”དང“བ”གཉིས་ཀྱི་དངོས་པོའི་མིང་དུ་བསྒྱུར་ཚུལ་ཅུང་ཟད་སྤྲོས་ན།  གཅིག་ནི་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བའི་མིང་ནི་མིང་གཞན་གྱི་མཐར་བྱུང་ཚེ་ཚིག་ཏུ་འགྲུབ་པ་དང(སེམས་པ་བཟང་།  སྟག་གསོད)།  དེའི་མིང་མཐའ་པ་བ་ཅན་ནི་མིང་གཞན་དང་ཇི་ལྟར་བསྡེབས་ཀྱང་དངོས་པོའི་མིང་ཚོམས་ལས་ཚིག་ཏུ་མི་འགྲུབ།  དཔེར་ན།  སེམས་པ་བཟང་བ།  སྟག་གསོད་པ་ལྟ་བུ་སྟེ།  འདིའི་སྔ་མ་དངོས་པོའི་མིང་དུ་གྱུར་ཡོད་ཚུལ་ནི།  “སེམས་པ་བཟང་བ”ཞེས་པ་ནི“སེམས་པ་བཟང”བའི་རྣམ་པ་དེ་ཉིད་སྟོན་བྱེད་ཀྱི་དངོས་པོའི་མིང་ཡིན་པ་དང་།  “སྟག་གསོད་པ”ཞེས་པ་ནི“སྟག་གསོད”ཅེས་པའི་བྱ་བཞག(事件)དེ་རང་སྟོན་བྱེད་ཀྱི་དངོས་པོའི་མིང་ངམ།  ཡང་ན་བྱ་བ་དེ་སྒྲུབ་མཁན་གྱི་གང་ཟག་སུ་ལ“སྟག་གསོད་པ”ཞེས་མིང་བཏགས་པ་ལྟར་ཏེ།འདིའི་སྟོན་ཚུལ་དེ་གཉིས་གཤམ་དུ་བཀོད་ན།

སྟག་གསོད་པ། — སྟག་གསོད་པའི་ལས་གང་དེའི་མིང་ལ་སྟག་གསོད་པའོ། །(自指)

སྟག་གསོད་པ། —སྟག་གསོད་མཁན་སུ་དེའི་མིང་ལ་སྟག་གསོད་པའོ། །(转指)

གཉིས་ནི་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བའི་མིང་གི་མཐར་ཐད་ཀར་འབྲེལ་སྒྲ་སྦྱོར་མི་རུང་།  དེའི་མིང་མཐའ་པ་བ་ཅན་གྱི་རྗེས་སུ་ཐད་ཀར་འབྲེལ་སྒྲ་སྦྱོར་ཆོག(*བཟང་གི་མི།  བཟང་བའི་མི།  *བྲོས་ཀྱི་རྐུན་མ།  བྲོས་པའི་རྐུན་མ)།  གསུམ་ནི་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བའི་མིང་ནི་ཚིག་ཏུ་བཞག་ཚེ་བརྡ་སྟོན་གྱི་རྣམ་བཞག་མཆིས་པ་དང་།  དེའི་མིང་མཐའ་པ་བ་ཅན་ལ་བརྡ་སྟོན་གྱི་རྟགས་མཚན(示证标记)སྦྱོར་སྲོལ་མེད།  དཔེར་ན།

སེམས་པ་སྐྱིད་སོང་།       *སེམས་པ་སྐྱིད་པ་སོང་།  

ཁོ་འགྲོ་རྒྱུ་རེད།        *ཁོ་འགྲོ་བ་རྒྱུ་རེད།

ཁོས་བཤད་ཐལ།        *ཁོས་བཤད་པ་ཐལ།

ཁོས་གསོད་གི           *ཁོས་གསོད་པ་གི

(2)མིང་མཐའ“པོ་བོ་མོ་མ་ཅན་ལྡན་མཁན”བཅས་ནི་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བའི་མིང་གི་རྗེས་སུ་སྦྱར་ཚེ།  མིང་དེ་ཉིད་དངོས་པོའི་མིང་དུ་བསྒྱུར་ཐུབ་པར་མ་ཟད།  སྤྱིར་བཏང་གི་དངོས་པོའི་མིང་ལྟར་དུ་ངེས་འཛིན་ནམ་འབོད་བྱེད་ཀྱི་རང་བཞིན་ཡང་ལྡན་ཏེ།  དཔེར་ན།  མི་རྒོད་པོ།  བུ་དཔའ་བོ།  ཤིང་དྲང་མོ།  མོ་མཛངས་མ།  བླ་མ་བྱིན་རླབས་ཅན།  སློབ་མ་རིག་ལྡན།  རྒྱལ་པོ་སྦྱིན་པ་གཏོང་མཁན་ལྟ་བུའི་མིང་རྣམས་སུ་ཕྱི་མ་ཕྱི་མ་སྟེ།  རྒོད་པོ་དང་དཔའ་བོ།  དྲང་མོ་།  མཛངས་མ།  བྱིན་རླབས་ཅན་སོགས་ཀྱིས་རང་གི་མིང་སྔ་མ་རྣམས་ཏེ།  མི་དང་བུ།  ཤིང་།  མོ།  བླ་མ་སོགས་ངེས་འཛིན་ཐུབ་པ་དང་།  སྐད་ཆའི་ཁོར་ཡུག་ངེས་ཅན་དུ་རང་གཅིག་པུའང་རང་རང་སོ་སོའི་མིང་སྔ་མ་དེ་འབོད་བྱེད་དུ་རུང་བ་ནི།  མི་གང་ལ་རྒོད་པོ་དང་།  བུ་སུ་ལ་དཔའ་བོ།  ཤིང་གང་ལ་དྲང་མོ།  བུ་མོ་གང་ལ་མཛངས་མ་ཞེས་འབོད་ཆོག་པ་ལྟར་རོ། །གལ་ཏེ་འདིའི་རིགས་ཀྱི་མིང་མཐའ་ནི་གོང་གི“པ”དང“བ”གཉིས་ཡིན་ཚེ།  འབོད་བྱེད་ཀྱི་མིང་དུ་མི་རུང་བ་ནི།  མི་གང་ལ་རྒོད་པ་དང་།  བུ་སུ་ལ་དཔའ་བ།  ཤིང་གང་ལ་དྲང་བ།  བུ་མོ་སུ་ལ་མཛངས་པ་ཞེས་བོས་ན་དེའི་རྣམ་པ་ཙམ་སྟོན་པ་ལས་འབོད་བྱེད་དུ་མི་འཚམ་པ་ལྟ་བུའོ། །

(3)མིང་མཐའ“པ་པོ་བ་བོ་མ་མོ་ཅན་ལྡན་མཁན”བཅས་སྦྱར་བའི་དངོས་པོའི་མིང་གི་རྗེས་སུ་ཡང་བསྐྱར་མིང་མཐའ“པོ་བོ་མོ”བཅས་སྦྱར་ནས་གྲུབ་པའི་མིང་མཐའ་བརྩེགས་མ་ཅན(叠加词缀)གྱི་དངོས་པོའི་མིང་གིས་བསྟན་བྱ་ངེས་ཅན(定指)ཞིག་གམ་ཡང་ན་བསྟན་བྱ་གང་གི་རིགས་སྤྱི་ཞིག་སྟོན་པར་བྱེད།(类指)  དཔེར་ན།  རི་མཐོན་པོ་ཞེས་ཚེ་བསྟན་བྱ་མ་ངེས(不定指)ཤིང་།  རི་མཐོན་པོ་བོ་ཞེ་ན་བསྟན་བྱ་དུ་མ་ནས་བྱེ་བྲག་གི་བསྟན་བྱ་གཅིག་དམིགས་སུ་བཀར་ནས་སམ་ངེས་པར་བྱས་ནས་བསྟན་པ་ལྟ་བུ་དང་།  དེ་བཞིན།  ངན་པ་དང་ངན་པ་བོ།  ཡག་མ་དང་ཡག་མ་བོ།  དང་བོ་དང་དང་བོ་མོ།  འགྲོ་མཁན་དང་འགྲོ་མཁན་པོ།  ལྷག་བསམ་ཅན་དང་ལྷག་བསམ་ཅན་པོ་སོགས་ཀྱི་སྔ་མ་སྔ་མ་ནི་བསྟན་བྱ་ངེས་མེད་ཅན་དང་།  ཕྱི་མ་དག་གིས་བསྟན་བྱ་ངེས་ཅན་ཞིག་སྟོན་བཞིན་ཡོད་པ་ལྟར་རོ། །

(4)བོད་སྐད་དུ་མིང་མཐའ་སུམ་བརྩེགས་ཅན(三加词缀)ཡང་མཆིས་ཏེ།  འདིའི་རིགས་ཀྱིས་བསྟན་བྱ་གང་དེའི་རིགས་སྤྱི་ཁོ་ན་སྟོན་པར་བྱེད་བཞིན་ཡོད།  དཔེར་ན།  མཛེས་མ་ཅན་པོ།  དཔའ་བོ་ཅན་པོ།  བཤད་མཁན་ཅན་པོ།  ནད་པ་ཅན་པོ།  བདེ་ཐང་ཅན་པོ་ལྟ་བུའོ། །

དེ་ཡང་གོང་གི་རིགས་བཞི་བོ་འདི་དག་གིས་གྲུབ་པའི་མིང་ཚོམས་ཀྱི་མིང་སྔ་ཕྱིའི་བར་ལའང་ཚད་བཀག་དང་ཞིབ་བརྗོད་ཀྱི་འབྲེལ་བ་ཆགས་ཡོད་ཀྱང་།  དེ་དག་ནི་འབྲེལ་སྒྲའི་ཕྲད་ཅན་གྱི་མིང་ཚོམས་ནང་བཞིན་མངོན་གསལ་མིན་ལ།  སྐད་ཆའི་ཁོར་ཡུག་དང་བསྟུན་ནས་ཚད་བཀག་དང་ཞིབ་བརྗོད་ཀྱི་འབྲེལ་བ་ནི་ཕན་ཚུན་གཅིག་གིས་གཅིག་ཏུ་འགྱུར་ཡང་སྲིད།  དཔེར་ན།  “མི་ངན་པ”ཞེས་པ་རུ“མི”ནན་གྱིས་བཏོན་ཚེ་ཚད་བཀག་སྟོན་པ་དང་།  “ངན་པ”ནན་གྱིས་ཀློག་དུས་ཞིབ་བརྗོད་སྟོན་པ་ལྟ་བུ།  གལ་ཏེ་འདིའི་མིང་སྔ་ཕྱི་གཉིས་ཀྱི་བར་དུ་འབྲེལ་སྒྲའི་ཕྲད་སྦྱར་བ་ན།  “ངན་པའི་མི”དང“མིའི་ངན་པ”ཞེས་ཚད་བཀག་གི་དོན་མངོན་གསལ་དུ་སྟོན་ནོ། །དེ་བས་འབྲེལ་སྒྲའི་ཕྲད་ལ་མིང་སྔ་ཕྱིའི་ཚད་བཀག་དང་ཞིབ་བརྗོད་ཀྱི་འབྲེལ་གསལ་བར་སྟོན་པའི་ནུས་པ་ཞིག་མཆིས་ཏེ།  ནུས་པ་འདི་ལྟ་བུ་ལྡན་པ་ཤེས་པའི་རྨང་གཞིའི་སྟེང་དུ་ད་གཟོད་བརྡ་དོན་སོགས་ཀྱི་ཟུར་ནས་དབྱེ་བ་ཕྲ་ཞིང་ཞིབ་པར་བཀར་ན་འབྲེལ་སྒྲར་སྔ་ན་མེད་པའི་གོ་བ་བསྐྱེད་ཐུབ་ཅིང་བརྡ་སྤྲོད་ཀྱི་གཞུང་ལུགས་སྤྱི་ལའང་ཆེས་ཆེར་མི་འགལ་སྙམ་མོ། །

གསུམ།  རྟེན་གཞི་དང་དམིགས་བྱ།(参照体-目标)

“དེ་ཡང་རྟེན་གཞིའི་དངོས་པོ་གང་ཞིག་བརྒྱུད་དེ་དམིགས་བྱའི་ཆོས་གང་ཤེས་པར་བྱ་བ་ནི་མིའི་རིགས་ཀྱི་ཤེས་པ་ཡུལ་ལ་འཇུག་པའི་རྩ་བའི་གོ་རིམ་ཡིན་པ་དང་།  ངེས་ཤེས་སྐད་བརྡ་རིག་པས་རིག་པ་འདི་ལ་བརྟེན་ནས་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་གླེང་བཞིན་ཡོད།”

རྟེན་གཞིའི་དངོས་པོ་ཞིག་བརྒྱུད་དེ་དམིགས་བྱའི་ཆོས་གང་བློའི་ཡུལ་དུ་འདྲེན་པར་བྱེད་པ་ནི་ཤེས་པ་ཡུལ་ལ་འཇུག་པར་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན་ཏེ།  གཤམ་ནས་དཔེའི་སྒོ་ནས་བཤད་པར་བྱ།

དཔེ་དང་པོ།  རྨ་ལྷོ་ཁུལ་གྱི་རོང་བོ་དགོན་པའི་འགྲམ་ན་ཆགས་ཡོད་པའི་ས་དཀྱིལ་སྡེ་བ།

དབྱེ་ཞིབ།  གོང་གི་དཔེ་བརྗོད་འདིས་སྤྱིར་ཕ་རོལ་པོར་བཤད་འདོད་པ་ནི“ས་དཀྱིལ་སྡེ་བ”ཞེས་པ་དེ་ཡིན་ནའང་།  གང་དེ“ས་དཀྱིལ་སྡེ་བ”ལ་གསལ་ཆ་མེད་པས།  དེ་བཟློག་པར་བྱེད་ཆེད་དམ་ཡང་ན་བདེ་བླག་ངང“ས་དཀྱིལ་སྡེ་བ”གོ་བར་བྱེད་སླད་དུ།  “རོང་བོ་དགོན་པ”ཞེས་ཕ་རོལ་པོར་གསལ་ཆ་ཡོད་པའི་ཡུལ་ཞིག་ཟུར་ལྟའམ་རྟེན་གཞིར་སྤྲད་པ་ལྟ་བུའོ། །  ཤེས་པ་ཡུལ་ལ་འཇུག་པའི་གོ་རིམ་འདིའི་ཁྲོད།  རྟེན་གཞིའི་དངོས་པོ་དང་དམིགས་བྱའི་ཆོས་གཉིས་ལ་གཤམ་གྱི་འབྲེལ་བའམ་ཆ་རྐྱེན་འདི་ལྟ་བུ་ཚང་དགོས་ཏེ།  གཅིག་ནི་ཟུར་བལྟའི་ཡུལ“རོང་བ་དགོན་པ”དང་དམིགས་བྱའི་ཆོས“ས་དཀྱིལ་སྡེ་བ”གཉིས་ཀ་ཐུན་མོང་གི་ཁྱབ་ཁོངས“རྨ་ལྷོ་ཁུལ”དུ་གནས་པ་དང་།  གཉིས་ནི་རྟེན་གཞིའི་ཡུལ“རོང་བོ་དགོན་པ”ནི“རྨ་ལྷོ་ཁུལ”ནས་ཁྱད་ཆོས་དོད་ཅིང་ཟུར་བལྟའི་ཡུལ་དུ་འོས་པའི་ཆོས་ཤིག་ཡིན་པ།  གསུམ་ནི་རྟེན་གཞིའི་ཡུལ“རོང་བོ་དགོན་པ”ནི་དམིགས་བྱའི་ཆོས“ས་དཀྱིལ་སྡེ་བ”དང་ཡང་ཐད་ཀར་འབྲེལ་བ་ཡོད(འགྲམ་དུ་ཆགས་པ)པའོ། །  གོང་གི་ཆ་རྐྱེན་འདི་གསུམ་པོ་ཚང་ན།  དམིགས་བྱའི་ཆོས་གང་བློའི་ཡུལ་དུ་འདྲེན་པར་བྱེད་པའི་རྟེན་གཞིའི་དངོས་པོར་འཚམ་མོ། །གལ་ཏེ་རྟེན་གཞིའི་དངོས་པོ་ནི་དམིགས་བྱའི་ཆོས་དང་འབྲེལ་བ་མེད་པའམ་ཁྱད་ཆོས་གང་ཡང་མི་བདོག་པ།  ཡང་ན་དམིགས་བྱའི་ཆོས་དང་ཐུན་མོང་གི་ཤེས་བྱའི་ཁྱབ་ཁོངས་གཅིག(共同认知域)ཏུ་མེད་པ་ཞིག་ཡིན་ཚེ།  རྟེན་གཞིའི་དངོས་པོར་མི་རུང་སྟེ།  དཔེར་ན།  ཕ་རོལ་པོ་གང་ཞིག་གིས“བཀྲ་ཤིས”ཟེར་བ་དང“ཚེ་རིང”ཟེར་བའི་མི་གཉིས་ཀ་ངོ་མི་ཤེས་པའི་གནས་ཚུལ་འོག་ནས།  དེ་ལ“ཚེ་རིང”ཞེས་པ་དེ་ངོ་སྤྲོད་དུས་སུ།  དེ་ནི“བཀྲ་ཤིས་ཀྱི་གྲོགས་པོ་རེད”ཅེས་ཟེར་ན།  ཕ་རོལ་པས་ད་རུང“ཚེ་རིང”ནི་ངོ་ཤེས་ཐབས་མེད་པ་ལྟ་བུའོ། །

དཔེ་གཉིས་པ།  ཀ་ལཱི་ཕྱེད་དང་བརྒྱད་སྡེའི་སྡེ་བ་དང་པོའི་དང་པོ་ཀ་ཡིག

དབྱེ་ཞིབ།  གོང་གི་དཔེ་བརྗོད་འདི་རུ་དམིགས་བྱའི་ཆོས་ནི“ཀ་ཡིག”ཡིན་ལ།  དེ་ཤེས་བྱེད་དུ“སྡེ་བ་དང་པོ”ཞེས་གྲངས་ཀའི་ལམ་ནས་གསལ་བར་བྱེད་པ་དང་།  “ཀ་ཡིག”དང“སྡེ་བ་དང་པོ”གཉིས་ཀ“ཀ་ལཱི”འི་ཁྱབ་ཁོངས་སུ་ཡོད་ཅིང་།  “སྡེ་བ་དང་པོ”ནི“ཀ་ལཱི”རུ་གྲངས་ཀས་ལམ་ནས་ངེས་འཛིན་སླ་བ་དང་།  དེ་མིན་“ཀ་ཡིག”དང་ཡང་ཐད་ཀར་འབྲེལ་བ་ཡོད(དང་པོའི་དང་པོ)པས།  དམིགས་བྱའི་ཆོས་དེ་ངེས་འཛིན་བྱེད་ཀྱི་ཟུར་ལྟར་རུང་བ་ལྟ་བུའོ། །

གོང་གི་དཔེ་བརྗོད་གཉིས་ཀ་རི་མོའི་ལམ་ནས་གསལ་བར་བྱེད་ན་གཤམ་དུ།

640 (82).jpeg

640 (83).jpeg

དོན་སྤྱི་གང་ཞིག་ཟུར་ལྟའམ་རྟེན་གཞིར་བྱས་ནས་དོན་སྤྱི་གཞན་ཞིག་བློའི་ཡུལ་དུ་འདྲེན་པར་བྱེད་པ་ནི་མིའི་རིགས་སྤྱིའི་ཐུན་མོང་གི་ནུས་པ་དང་། ཤེས་པ་ཡུལ་ལ་འཇུག་པའི་ཆེས་རྒྱུན་སྤྱོད་ཀྱི་ཐབས་ལམ།  དམིགས་བྱའི་ཆོས་གསལ་བར་བྱེད་པའི་རྨང་གཞིའང་ཡིན།  གལ་ཏེ་རྟེན་གཞིའི་དངོས་པོ་དང་ཁ་བྲལ་ནས་ཐད་ཀར་དམིགས་བྱའི་ཡུལ་ལ་བློ་འཇུག་པར་བྱེད་ན།  དེ་ནི་ཆེས་ཁེགས་པའི་གནས་ཤིག་ཡིན་ཏེ།  དཔེར་ན།  ང་ཚོས་ཀ་ལཱི་སུམ་ཅུ་བོ་བློར་སྐྱོར་དུས་སུ།  ཡི་གེ་སྔ་མ་སྔ་མ་ངག་ནས་ཀློག་མ་ཐག་ཏུ་ཕྱི་མ་ཕྱི་མ་ཡིད་ལ་གསལ་ལེར་འཆར་ཡོང་བ་ནི།  དོན་དུ་ཡི་གེ་སྔ་མ་རེ་རེ་ནི་ཡི་གེ་ཕྱི་མ་དག་གི་ཟུར་ལྟའམ་རྟེན་གཞིར་སོང་བ་དང་།  སྔ་ཕྱི་གཉིས་ཀྱི་བར་ལ་རྟེན་གཞི་དང་དམིགས་བྱའི་འབྲེལ་བ་ཆགས་པས་རེད།  གལ་སྲིད་ཀ་ལཱི་སུམ་ཅུའི་གོ་རིམ་འཆོལ་ཅིང་།  བསྐྱར་ཟློས་ཀྱང་བྱེད་མི་རུང་བར་ཀློག་དགོས་ཚེ་དེ་ནི་ཇི་འདྲའི་ཁེགས་པའི་གནས་ཤིག་རེད་ཨང་།  འདི་ནི་དོན་དུ་རྟེན་གཞིའི་དངོས་པོ་དང་ཁ་བྲལ་ནས་ཐད་ཀར་དམིགས་བྱའི་ཆོས་ལ་བློ་འཇུག་པས་རྐྱེན་རེད་དོ། །

དེ་ཡང་ཟུར་ལྟའི་དངོས་པོ་ལ་བརྟེན་ནས་དམིགས་བྱའི་ཆོས་གང་བློའི་ཡུལ་དུ་འདྲེན་པར་བྱེད་པའི་ཐབས་ལམ་འདི་ནི་སྐད་བརྡའི་རྣམ་པ་ནས་མངོན་པར་བྱེད་པ་ལ་གཙོ་བོ་འབྲེལ་སྒྲའི་ཕྲད་ལ་བརྟེན་བཞིན་ཡོད་དེ།  འབྲེལ་སྒྲ་ཅན་གྱི་དངོས་པོའི་མིང་ཚོམས་དག་ཀྱང་ངེས་ཤེས་འདི་ལྟ་བུ་ནས་གྲུབ་པ་རེད།  རྒྱའི་སྐད་བརྡ་སྨྲ་བ་ལིག་ནིང་ཧྲེང(刘宁生,1995)གིས་ཀྱང“མིང་གཙོ་བོ་དང་ཁྱད་ཆོས་བརྗོད་པའི་མིང་གི་ངེས་ཤེས་ཀྱི་རྨང་གཞི་ནི་རྟེན་གཞིའི་དངོས་པོ་དང་དམིགས་བྱའི་ཆོས་ཀྱི་འབྲེལ་བ་ཡིན།”ཞེས་གསུངས་ཡོད་དེ།  ང་ཚོས་དཔེའི་སྒོ་ནས་དཔྱད་ན།  “རི་རྩེ་ཡི་དར་ལྕོག”  “རྒྱ་མཚོ་དཀྱིལ་གྱི་གླིང་ཕྲན།”  “ཅོག་ཙེ་སྟེང་གི་དཔེ་ཆ།”ལྟ་བུར།  ཤེས་པ་ཡུལ་ལ་འཇུག་པའི་གོ་རིམ་ཁྲོད།  དམིགས་བྱའི་དངོས་པོ“དར་ལྕོག”དང“གླིང་ཕྲན།”  “དཔེ་ཆ”བཅས་ངེས་འཛིན་པར་བྱེད་དུས་སུ།  རིམ་པ་བཞིན“རི་རྩེ”དང“རྒྱ་མཚོ་དཀྱིལ།”  “ཅོག་ཙེ་སྟེང”བཅས་རྟེན་གཞིར་བྱེད་དགོས་ཤིང་།  བརྡ་སྤྲོད་ཀྱི་རྣམ་པ་ནས་བལྟས་ན།  མིང་སྔ་མ་དག་ནི་རང་གི་མིང་ཕྱི་མ་རྣམས་ཀྱི་ཁྱད་ཆོས་སུ་སོང་བ་དང་།  མིང་ཕྱི་མ་དག་ནི་རང་གི་མིང་སྔ་མའི་བརྗོད་གཞིར་གྲུབ་ཡོད་ལ།  འབྲེལ་བ་དེ་ལྟ་བུ་ནི་བར་གྱི་འབྲེལ་སྒྲའི་ཕྲད་ཀྱིས་གསལ་བར་བྱས་ཡོད་དོ། །

རྟེན་གཞི་དང་དམིགས་བྱའི་འབྲེལ་བ་འདི་ལྟ་བུ་ནས་བལྟས་ན།  ང་ཚོས་གོང་ནས་བཤད་ཟིན་པའི“ཚད་བཀག”དང“ཞིབ་འབྲི”ཞེས་པའང་ཁུངས་འདི་ལ་ཐུག་ཡོད་དེ།  “ཚད་བཀག”ནི་དོན་དུ་དམིགས་བྱའི་དངོས་པོ་གང་དེ་གསལ་བར་སྟོན་བྱེད་དུ།  དེ་དང་འབྲེལ་བ་མེད་པའི་ཆོས་གཞན་རྣམས་བཀག་ཅིང་།  དེ་ལ་ཐད་ཀར་འབྲེལ་བའི་ཆོས་གང་ཞིག་ཟུར་ལྟར་བཞག་པ་ཞིག་ཡིན་ཏེ།  དཔེར་ན།  “བཀྲ་ཤིས་ཀྱི་དཔེ་ཆ”ཞེས་པ་ལྟ་བུ་རུ།  “དཔེ་ཆ”ཞེས་དཔེ་ཆའི་རིགས་སྤྱི་ཞིག་སྟོན་པ་དང་།  “བཀྲ་ཤིས་ཀྱི”ཞེས་ནས“དཔེ་ཆ”འི་བསྟན་དོན་ལ་ཚད་བཟུང་བ་ལྟ་བུ།  འདི་ནི་ཤེས་པ་ཡུལ་ལ་འཇུག་པའི་གོ་རིམ་ནས་བལྟས་ན།  དམིགས་བྱའི་ཆོས“དཔེ་ཆ”དེ་ཕ་རོལ་པོར་གསལ་བར་སྟོན་ཆེད།  དེ་ལ་གསལ་ཆ་ཡོད་པའི“བཀྲ་ཤིས”ཞེས་པ་ཞིག་རྟེན་གཞི་རུ་བྱས་ཏེ་བསྟན་བྱ་གང་ཉིད་བྱེ་བྲག་ཏུ་བསྟན་པའོ། །འདིའི་གོ་རིམ་ཁྲོད་འབྲེལ་སྒྲའི་ཕྲད་ཀྱིས་ཟུར་ལྟའི་དངོས་པོ་གང་དེ་འབུར་དུ་ཐོན་པར་བྱེད་པ་དང་མཉམ་དུ་དམིགས་བྱའི་ཆོས་དེ་བློའི་ཡུལ་དུ་འདྲེན་པར་བྱས་ཡོད།  གལ་སྲིད་འབྲེལ་སྒྲའི་ཕྲད་ལ་མ་བརྟེན་པར“བཀྲ་ཤིས་དཔེ་ཆ”ཞེ་ན།  ཆོས་སྔ་ཕྱི་གཉིས་ཀྱི་འབྲེལ་བ་ཤེས་མི་ཐུབ་པར་མ་ཟད་དམིགས་བྱའི་ཆོས་ཀྱང་བློའི་ཡུལ་དུ་འདྲེན་ཐབས་མེད་དོ། །དེ་བཞིན།  “ཞིབ་འབྲི”ཞེས་པའང་ཁུངས་གཏུགས་ན་རྟེན་གཞི་དང་དམིགས་བྱའི་འབྲེལ་བ་ནས་བཤད་པ་ཞིག་ཡིན་ཏེ།  ཕྱི་རྒྱལ་གྱི་སྐད་བརྡ་སྨྲ་བLangacker(1993)ལགས་ཀྱིས“ཆོས་གང་ཞིག་གི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་སམ་རང་བཞིན་དེ་ཞིབ་འབྲི་བྱེད་པ་ཡིན་ན།  དེ་ནི་ཆོས་གང་དེའི་རྟེན་གཞིར་འཇོག་རིགས”ཞེས་བཤད་པ་བཞིན།  ཆོས་གང་དེ་ཞིབ་འབྲི་བྱེད་པའི་ཆ་དེ་ནི་ཆོས་དེ་རྟོགས་བྱེད་ཀྱི་རྟེན་གཞིར་འོས་ཏེ།  དཔེར་ན།  “ཚ་ཞིང་སྲེག་པའི་མེ”ཞེས་པ་ལྟ་བུར་མཚོན་ན།  “ཚ་ཞིང་སྲེག་པ”ནི“མེ”ཡི་རང་བཞིན་ཡིན་པ་དང་ཆབས་གཅིག་ཏུ།  “མེ”དེ་ཞིབ་འབྲི་བྱེད་པའང་ཡིན།  ཤེས་པ་ཡུལ་ལ་འཇུག་པའི་རིམ་པ་རུ།  དམིགས་བྱའི་དངོས་པོ“མེ”དེ་ཤེས་བྱེད་དུ།  དེའི་འབུར་དུ་ཐོན་པའི་ཁྱད་ཆོས་སམ་རང་བཞིན་ཏེ“ཚ་ཞིང་སྲེག་པ”ཞེས་པ་རྟེན་གཞིར་བྱས་ཤིང་།  དེ་ལ་བརྟེན་ནས“མེ”ཞེས་པའི་དམིགས་བྱའི་ཆོས་དེ་བློའི་ཡུལ་དུ་འདྲེན་པ་ཞིག་གོ །

སྲོལ་རྒྱུན་བརྡ་སྤྲོད་རིག་པས་འབྲེལ་སྒྲ་ལ་ནང་གསེས་རིགས་བཅུ་དགུའི་དབྱེ་བ་མཛད་པའང“རྟེན་གཞི”དང“དམིགས་བྱ”འི་འབྲེལ་བ་རྨང་གཞིར་བྱས་ནས་བྱུང་བ་ཡིན་པར་འདོད་དེ།  དཔེར་ན།  ཁྱད་གཞི་དང་ཁྱད་ཆོས(གོས་ཀྱི་ཚོན་མདངས)།  ཡན་ལག་དང་ཡན་ལག་ཅན(ཁྱོད་ཀྱི་ལག་པ)།  རྟེན་དང་བརྟེན་པ(དཀར་ཡོལ་ནང་གི་འོ་མ)།  རྒྱུ་དང་འབྲས་བུ(གྲོ་ནས་ཀྱི་སྨྱུ་གུ)ཞེས་པ་ལྟ་བུ་རུ།  མིང་སྔ་མ་དག་ནི་རྟེན་གཞི་དང་མིང་ཕྱི་མ་རྣམས་ནི་དམིགས་བྱ་ཡིན་ལ།  དམིགས་བྱའི་ཆོས་དེ་དག་རྟོགས་པར་མིང་སྔ་མས་མཚོན་པའི་ཆོས་གང་དེ་ཟུར་ལྟར་བཞག་ཡོད་པ་དང་།  སྔ་མའི་ཆོས་དེ་དག་བརྒྱུད་ནས་ཕྱི་མའི་དམིགས་བྱ་དེ་རྣམས་བློའི་ཡུལ་དུ་འདྲེན་པར་བྱས་ཡོད།

གཞན་ཡང་རྟེན་གཞིའི་དངོས་པོ་བརྒྱུད་ནས་དམིགས་བྱའི་ཆོས་གང་བློའི་ཡུལ་དུ་འདྲེན་པར་བྱེད་པའི་ཐབས་ལམ་འདི་ནི་མིང་དང་མིང་གི་རིམ་པ་ནས་བཀོལ་བཞིན་པར་མ་ཟད།  ཚིག་དང་བརྗོད་པའི་ཁྲོད་དུའང་སྤྱོད་བཞིན་ཡོད་དེ།  “རྟེན་གཞི་དང་དམིགས་བྱ”འི་འབྲེལ་བ་ཅན་འདི་ལྟ་བུ་དུ་མ་ཚིག་གམ་བརྗོད་པ་གང་དུ་ཕྲེང་བ་བཞིན་བསྟར་ཚེ།  དེའི་འབྲེལ་བའི་རྒྱུན་ཐག(关系链)ཅིག་ཆགས་སྲིད་ཅིང་།  དེ་རུ་དམིགས་བྱའི་ཆོས་གསར་བ་གཅིག་འཕྲོར་གཅིག་བྱུང་བ་དང་མཉམ་དུ།  རྟེན་གཞིའི་དངོས་པོ་སྔ་མ་སྔ་མ་ནི་དམིགས་བྱའི་ཆོས་གང་དེའི་ངེས་ཤེས་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ་ཟུར་ལྟར་མི་རུང་བར་འགྱུར་སྲིད་ལ།  དེའི་ཚེ་མིང་དང་མིང་གི་བར་གྱི་འབྲེལ་སྒྲའི་ཕྲད་ཀྱང་དེ་དང་མཐུན་པར་བྱས་ཏེ་སྐོང་ཡང་རུང་ངོ་། །རིམ་པ་འདིའི་གནས་ལུགས་རྟོགས་པར་གྱུར་ན།  འབྲེལ་སྒྲའི་ཕྲད་སྦྱོར་དང་མི་སྦྱོར་གྱི་ཆོས་ཉིད་ཀྱང་བདེ་བླག་ངང་ཤེས་སྲིད་པས།  “རྟེན་གཞི་དང་དམིགས་བྱ”འི་ཟུར་འདི་ནས་འབྲེལ་སྒྲའི་དོན་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་དོ། །

གསུམ་པ།  འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་གྱི་ཆོས་ཉིད།

དེ་ཡང་གོང་ནས་བརྗོད་པའི་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་དག་ལས།  ང་ཚོས་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་བའི་ཆོས་ཉིད་ཅིག་ཀྱང་རྙེད་ཐུབ་སྟེ།  གཅིག་ནི་འབྲེལ་སྒྲའི་ཕྲད་ལ་དོན་ལྡོག་པ་དུ་མ་སྟོན་པའི་ནུས་པ་མཆིས་ཞེས་པ་ནས།  དོན་ལྡོག་པ་གཅིག་ཅན་སྟོན་པ་ཡིན་ན་འབྲེལ་སྒྲའི་ཕྲད་སྦྱོར་མི་རིགས།  གཉིས་ནི་འབྲེལ་སྒྲའི་ཕྲད་ལ“ཚད་བཀག”དང“ཞིབ་བརྗོད”ཀྱི་ནུས་པ་ཡོད་ཅེས་པ་ནས།  སྐད་ཆའི་དགོས་དབང་དུ“ཚད་བཀག”དང“ཞིབ་བརྗོད”ཀྱི་དོན་དམིགས་བསལ་དུ་སྟོན་མི་དགོས་ཚེ་འབྲེལ་སྒྲའི་ཕྲད་སྦྱོར་མི་རུང་།  གསུམ་ནི་དམིགས་བྱའི་ཆོས་གང་སྐད་ཆ་བཤད་པ་པོ་དང་ཉན་པ་པོ་གཉིས་ཀར་གསལ་ཆ་ཡོད་ཅིང་།  ཟུར་ལྟའི་དངོས་པོ་གཞན་ལ་བརྟེན་མི་དགོས་པར་ཐད་ཀར་བློའི་ཡུལ་དུ་འདྲེན་ནུས་པ་ཡིན་ན་འབྲེལ་སྒྲའི་ཕྲད་སྦྱོར་མི་དགོས་སོ། །དོན་དུ་འདི་གསུམ་པོའང་ཞིབ་འཇུག་གི་ཟུར་མི་འདྲ་བ་མ་གཏོགས་བཤད་བྱ་གཅིག་ལ་བབས་ཡོད།  

རང་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པ་སོགས་སུ་འདིའི་སྐོར་ལ་ཞིབ་ཆ་བཏོན་ནས་དཔྱད་མེད་པས།  རྒྱུན་ལྡན་གྱི་སྐད་ཆའི་འཚོ་བའམ་དངོས་ཡོད་ཀྱི་སྐད་བརྡའི་ལག་ལེན་ཁྲོད་དུ།  མིང་དང་མིང་ཕྲད་པའི་ཚེ།  དེའི་བར་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་ཆགས་མེད་སྟབས།  རང་རང་གི་དྲན་ཚོད་ལྟར་གང་བྱུང་དུ་སྦྱོར་བའི་སྣང་ཚུལ་ཤིན་ཏུ་ཚབ་ཆེ།  གནད་དོན་འདི་ནི་ཆེ་ས་ནས་གཞུང་ཕྱོགས་ཀྱི་ཡིག་ཆ་དང་ལས་ཁུངས་སོ་སོའི་མཚན་བྱང་།  ཆུང་ས་ནས་ཟ་ཁང་ཚོང་ཁང་གི་མིང་སོགས་སུ་ཁྱབ་ནས་ཡོད།  ང་ཚོས་སྣང་ཚུལ་འདི་ལ་རྒྱུས་གསལ་བོ་ཞིག་ལོན་ཆེད་དུ་བོད་རིགས་རང་སྐྱོང་ས་ཁུལ་འགའ་ཞིག་སྟེ།  བོད་ལྗོངས་ཀྱི་ལྷ་ས་དང་།  མཚོ་སྔོན་གྱི་རེབ་གོང་།  མགོ་ལོག  ཀན་སུའུ་ཡི་བླ་བྲང་དང་།  གཙོས་བཅས་ས་ཁུལ་ལྔ་བརྟག་དཔྱད་བྱ་ཡུལ་དུ་བདམས་ནས།  དེ་གའི་ལས་ཁུངས་སོ་སོའི་མཚན་བྱང་དང་།  ཟ་ཁང་ཚོང་ཁང་གི་མིང་དུ་འབྲེལ་སྒྲའི་ཕྲད་སྦྱོར་ཡོད་མེད་ལ་ཞིབ་ཏུ་བརྟག་པ་ཡིན་ལ།  དེ་རུ་བོད་ལྗོངས་ལྷ་ས་ནས་ས་མིང་དང་མི་མིང་རྒྱུ་མཚན་དུ་བྱས་ཏེ་ལས་ཁུངས་དང་།  ཟ་ཁང་ཚོང་ཁང་གི་མིང་དུ་བཏགས་པ་ཅན་བསྡོམས་པས50བདམས་ལ།  དེའི་ནང་ནས་མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲའི་ཕྲད་སྦྱར་བ་ཅན28མཆིས་པ་དང་།  སྦྱར་མེད་པ22ཡོད།  མཚོ་སྔོན་རེབ་གོང་ས་ཆ་ནས་དེའི་རིགས་ཀྱི་མིང91བདམས་པ་དང་།  དེ་རུ53ལ་འབྲེལ་སྒྲའི་ཕྲད་ཡོད་པ་དང་།  38ལ་འབྲེལ་སྒྲའི་ཕྲད་མེད།  མཚོ་སྔོན་མགོ་ལོག་ནས་དེའི་སྐོར་གྱི་མིང50བདམས་པ་དང་།  དེའི་ནང་ནས་མིང30ལ་འབྲེལ་སྒྲ་སྦྱར་ཡོད་ལ།  20ལ་འབྲེལ་སྒྲ་སྦྱར་མེད།  ཀན་སུའུ་བླ་བྲང་ནས་མིང30བདམས་ཤིང་།  དེ་རུ་མིང17དུ་འབྲེལ་སྒྲའི་ཕྲད་བྱུང་ཡོད་པ་དང་།  13ལ་འབྲེལ་སྒྲའི་ཕྲད་སྦྱར་མེད།  དེ་བཞིན་ཀན་སུའུ་གཙོས་ས་ཆ་ནས་ཀྱང་འདིའི་རིགས་ཀྱི་མིང30བདམས་ལ།  དེ་ནས་མིང23ལ་འབྲེལ་སྒྲའི་ཕྲད་བཞག་ཡོད་ཅིང་།  7ལ་འབྲེལ་སྒྲའི་ཕྲད་སྦྱར་མེད།  ཞོར་དུ་ང་ཚོས་བོད་ཁུལ་གྱི་ལས་ཁུངས་འགའི་མཚན་བྱང་གི་བོད་འགྱུར་དག་ལའང་བརྟག་དཔྱད་བྱས་པ་ཡིན་ལ།  དེ་རུའང་འབྲེལ་སྒྲའི་ཕྲད་སྦྱར་མ་སྦྱར་ཅི་རིགས་ཤིག་སྣང་ངོ་། །གོང་གི་སྣང་ཚུལ་འདི་དག་ལས་དཔེ་མཚོན་ཅན་དུ་མ་རེའུ་མིག་ཏུ་བཀོད་ན་གཤམ་གསལ།

1.མཚོ་སྔོན་རེབ་གོང་ས་ཆའི་དཔེ་བརྗོད།

རིགས།

འབྲེལ་སྒྲ་སྦྱར་བ་ཅན།

འབྲེལ་སྒྲ་སྦྱར་མེད་པ་ཅན།

ལས་ཁུངས།

རེབ་གོང་ཞིང་སྡེའི་ཚོང་ལས་དངུལ་ཁང་།

ཐུན་རིན་རྫོང་འཕྲོད་བསྟེན་ཞབས་ཞུ་ཁང་།

རྨ་ལྷོའི་ཚགས་པར་ཁང་།

རོང་བོ་དགོན་ཆེན་གསོ་རིག་ཕན་བདེ་གླིང་།

རྨ་ལྷོའི་ཉིན་རེའི་གསར་འགྱུར།

ཐུན་རིན་གློག་རྡུལ་ལས་གཉེར་ཁང་།

ཟ་ཁང་ཚོང་ཁང་།

རོང་བོའི་གོ་རེ་ཚོང་ཁང་།

བལ་ཡུལ་ཚོང་ཁང་།

སྒྲོལ་མའི་སྒེག་སྤྲོས་ཁང་།

སྒྲོལ་མ་ཞོར་ཟས་ཁང་།

ཉི་མའི་ལྕགས་ཐབ་ཚོང་ཁང་།

ཤ་ལོ་ཚད་ཡོད་ཀུང་སི།

རྒྱུན་མཁོའི་ལྷ་རྟེན་མཆོད་རྫས།

ཀུན་འདུས་སྡེབ་ཚོང་ཁང་།

ཨུ་དུམ་ཝ་རའི་ལྷ་རྫས་ཚོང་ཁང་།

བཻཌྰརྱ་ཀུན་ཕན་སྨན་རྫས་ཁང་།

རོང་བོ་དགོན་པའི་སྡེབ་ཚོང་ཁང་།

གསེར་ལྗོངས་ཟས་རིགས་གླིང་།

བུ་མོ་ཐུན་གྱི་སྣ་འཛོམས་ཚོང་ཁང་།

ཆིན་ཆིན་ཞྭ་ལྷམ་ཚོང་ཁང་།

2.མཚོ་སྔོན་མགོ་ལོག་ས་ཆའི་དཔེ་བརྗོད།

རིགས།

འབྲེལ་སྒྲ་སྦྱར་བ་ཅན།

འབྲེལ་སྒྲ་སྦྱར་མེད་པ་ཅན།

ལས་ཁུངས།

ཀྲུང་གོའི་མཉམ་འབྲེལ་འཕྲིན་སྐྱེལ།

ཀྲུང་གོ་ཞི་བདེ་རྒྱ་མཚོ་ཉེན་འགོག

རྟ་བོའི་གཞུང་ལམ་དོ་དམ་ཅུའུ།

མགོ་ལོག་གཞུང་ལམ་དོ་དམ་ཅུའུ།

པད་མའི་ཁྱེར་འཕྲིན་ཀུང་སི།

མགོ་ལོག་ཡན་ལག་དམག་ཁུལ།

ཟ་ཁང་ཚོང་ཁང་།

ལྗང་གླིང་གསར་བའི་སྨན་རྫས་ཁང་།

བླང་བྲང་གསེར་དངུལ་ཁང་།

ཞང་ལྷོའི་མིག་ཤེལ།

ཁྲོང་ཆེན་རྒྱ་ཁོག

གེ་སར་རྒྱལ་བོའི་གྱོན་ཆས།

བཀྲ་ཤིས་ཟ་ཁང་།

ལོའུ་དགེ་རྒན་གྱི་མཉེད་འཕུར།

བདེ་སྐྱིད་མགྲོན་ཁང་།

3.ཀན་སུའུ་བླ་བྲང་ས་ཆའི་དཔེ་བརྗོད།

རིགས།

འབྲེལ་སྒྲ་སྦྱར་བ་ཅན།

འབྲེལ་སྒྲ་སྦྱར་མེད་པ་ཅན།

ལས་ཁུངས།

ཀན་ལྷོ་ཁུལ་ཡུལ་སྐོར་ཞབས་ཞུ་ལྟེ་གནས།

མཐོང་ཆེན་སྲང་ལམ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས།

ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་།

ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།

གཙོས་གྲོང་ཁྱེར་གཙང་སྦྲའི་རུ་ཁག

གཙོས་གྲོང་ཁྱེར་བདག་དམ་ཁྲིམས་འཛིན་ཅུས།

ཟ་ཁང་ཚོང་ཁང་།

བོད་པའི་ཟས་ཁང་།

གངས་ལྗོངས་དུ་ཆང་ཚོང་ཁང་།

བདེ་ལེགས་བོད་ཀྱི་འཚིག་ཇ།

ཞང་ཞུང་གསོལ་ཇ་གླིང་།

ཀྲུང་གོའི་ཕན་བདེ་རྒྱན་ཤོག

ཀྲུང་གོ་ཞིང་ལས་དངུལ་ཁང་།

སི་ཁྲོན་གྱི་བྲོ་ཞིམ་ཟ་ཁང་།

ཁྲིན་ཏུའུ་བསྟར་ཟས་རྒྱ་ཁོག་ཟ་ཁང་།

4.བོད་ལྗོངས་ལྷ་ས་ས་ཆའི་དཔེ་བརྗོད།

རིགས།

འབྲེལ་སྒྲ་སྦྱར་བ་ཅན།

འབྲེལ་སྒྲ་སྦྱར་མེད་པ་ཅན།

ལས་ཁུངས།

ཀྲུང་གོའི་འཁྱེར་འཕྲིན།

ཀྲུང་གོ་གློག་འཕྲིན།

ཀྲུང་གོའི་འབྲེལ་འཕྲིན།

ཀྲུང་གོ་མི་དམངས་ཉེན་འགོག

ལྷ་སའི་སྤྱི་གླིང་།

སེ་ར་དགོན་པ།

ཟ་ཁང་ཚོང་ཁང་།

ཐར་ལོའི་མར་ཚོང་ཁང་།

ཧྥུ་ཧྲིན་ཚོང་ཟོག་སྐམ་སིལ།

དགའ་བདེའི་ཐོན་རྫས་ཚོང་ཁང་།

ལྷ་ས་མཆོད་རྫས་ཁང་།

མཚོ་མོའི་ཟ་ཁང་།

བསམ་ཡས་ཚོང་ཁང་།

ལྷ་སའི་བོད་ལྭ་ཚོང་ཁང་།

ཝེན་ཀྲུའུ་ཚོང་ར།

གོང་ནས་དྲངས་པའི་དཔེ་བརྗོད་དག་ནི་བོད་ཁུལ་གྱི་ས་ཆ་སོ་སོའི་ལས་ཁུངས་དང་ཟ་ཁང་ཚོང་ཁང་གི་མིང་དུ་བྱས་པའི་ཆེད་སྤྱོད་ཀྱི་མིང་རྐྱང་རྐྱང་ཡིན་པ་དང་།  དེ་རུ་འབྲེལ་སྒྲ་སྦྱར་དང་མ་སྦྱར་བ་ཅི་རིགས་ཤིག་སྣང་ལ།  དེའི་འབྲེལ་སྒྲ་ཐོབ་མི་ཐོབ་ཀྱི་ཆོས་ཉིད་ཀྱང་འདིའོ་ཞེས་བསྟན་དུ་མེད་པས།  རང་སྣང་གང་བྱུང་ལྟ་བུའི་དཔེ་རུ་གྱུར་ཡོད།  རྩོམ་པ་པོས་བསམས་ན་གནད་དོན་འདི་ནི་ང་ཚོས་གོང་ནས་བཤད་པའི་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་དེ་དག་མ་ཤེས་པ་ལས་བྱུང་བ་ཡིན་པར་འདོད།  བོད་སྐད་དུ་མིང་དང་མིང་གི་བར་དུ་འབྲེལ་སྒྲ་སྦྱར་དང་མ་སྦྱར་བས་དོན་ལ་ཁྱད་པར་ཆེན་པོ་འབྱུང་སྲིད་ལ།  འབྲེལ་སྒྲ་སྦྱོར་དགོས་ས་ཞིག་ལ་འབྲེལ་སྒྲ་མ་སྦྱར་བ་དང་།  སྦྱོར་མི་རུང་བ་ཞིག་ལ་སྦྱར་བ་གང་ཡིན་ཡང་།  བརྡ་སྤྲོད་ཀྱི་ལུགས་དང་ཆེས་ཆེར་མི་མཐུན་པར་མ་ཟད།  བསྟན་བྱའི་དོན་གང་བདེ་བླག་ངང་སྟོན་པར་ཡང་ཤིན་ཏུ་གནོད་སྲིད།དེ་བས་གཤམ་ནས་གོང་གི་དཔེ་བརྗོད་དག་དང་སྦྲེལ་ཏེ་འབྲེལ་སྒྲ་སྦྱོར་མི་སྦྱོར་གྱི་ཆོས་ཉིད་རགས་ཙམ་གླེང་བར་བྱའོ། །

གཅིག  ལས་ཁུངས་སོགས་ཀྱི་མིང་།

དེ་ཡང་ལས་ཁུངས་སོགས་ཀྱི་མིང་ནི་མིང་གི་རིགས་ལས་ཆེད་སྤྱོད་ཀྱི་མིང་དུ་གཏོགས་པ་དང་།  དེས་ལས་ཁུངས་ག་གེ་མོ་ཁོ་ན་ཞིག་ལས་མི་སྟོན་པས།  རང་འགྲུབ་བྱེད་དུ་མིང་དུ་མ་འདུས་ཀྱང་དོན་ལྡོག་པ་གཅིག་མ་གཏོགས་མེད།  དེའི་ཕྱིར་དེ་རུ་འདུས་པའི་མིང་རྣམས་ནི་བསྟན་བྱ་སྤྱི་གང་དེའི་དོན་གྱི་གྲུབ་ཆ་ཙམ་དུ་གྱུར་ཡོད་པ་ལས།  རེ་རེས་ནས་དོན་ལྡོག་པ་སོ་སོ་མི་སྟོན་ཞིང་།  རྣམ་པའི་ཆ་ནས་ཀྱང་ཕན་ཚུན་བར་ལ་སྒྲིག་གཞིའི་འབྲེལ་བ་ཆགས་མེད།  གལ་ཏེ་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བར་བྱས་ན།  མིང་སྔ་ཕྱི་སོ་སོ་ནས་དོན་ལྡོག་པ་རེ་རེ་བསྟན་ནས།  སྔོན་གྱི་བསྟན་བྱ་ལས་ཁུངས་གང་དེ་མི་སྟོན་པར་འགྱུར།  འདིའི་སྣང་ཚུལ་ནི་བོད་སྐད་དུ་རྒྱའི་འགྱུར་མིང་དང་གསར་བྱུང་གི་ཆེད་སྤྱོད་ཀྱི་མིང་སོགས་སུ་ཆེས་ཆེར་གནས་པས།  འདི་ནས་དཔེ་མཚོན་ཅན་འགའ་བདམས་ཏེ་དཔྱད་པར་བྱའོ། །

1.ཀྲུང་གོའི་མི་དམངས་དངུལ་ཁང་།(中国人民银行)

དེ་ཡང“中国人民银行”ཞེས་པ་ནི་རང་རྒྱལ་གྱི་དངུལ་ཁང་ཞིག་གི་མིང་སྟེ།  དེས་རང་གི་མཚོན་བྱ་དངུལ་ཁང་ག་གེ་མོ་གང་དེ་ཁོ་ན་སྟོན་བཞིན་ཡོད།  བོད་སྐད་དུ་དེ་ལ“ཀྲུང་གོའི་མི་དམངས་དངུལ་ཁང”ཞེས“ཀྲུང་གོ”དང“མི་དམངས་དངུལ་ཁང”གཉིས་ཀྱི་བར་ལ་འབྲེལ་སྒྲས་མཚམས་སྦྱར་ནས་མིང་ཚོམས་སུ་བསྒྱུར་ཡོད་ཅིང་།  འགྱུར་མིང་དེ་ནི་ལས་ཁུངས་གང་དེའི་སྒོ་བྱང་དང་།  དམངས་སྒོར(དམངས་སྒོར་དུ་ཡིག་རིགས་ལྔ་ཡོད་ཀྱང་།  བོད་ཡིག་ཕུད་པའི་ཡིག་རིགས་གཞན་བཞི་བོ་རུ་འབྲེལ་བ་སྟོན་བྱེད་ཀྱི་ཕྲད་སྦྱར་མེད།)སོགས་སུ་སྤྱད་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་ཡོད།

640 (84).jpeg

(དམངས་སྒོར་ངོས་ཀྱི“ཀྲུང་གོའི་མི་དམངས་དངུལ་ཁང་།”)

སྤྱིར“中国人民银行”ནི་ལས་ཁུངས་གང་ཁོ་ན་ཆེད་དུ་སྟོན་བྱེད་ཀྱི་ཆེད་སྤྱོད་ཀྱི་མིང་ཡིན་པ་དང་།  མིང་དེ་འགྲུབ་བྱེད་ཀྱི“中国”、“人民”、 “银行”ཞེས་པ་གསུམ་ནི་ལས་ཁུངས་གང་དེའི་ཁྱད་ཆོས་སམ་རང་བཞིན་སོགས་སྟོན་བྱེད་ཀྱི་མིང་ཡིན་ཡང་།  མིང་དེ་གསུམ་ཀ་མཉམ་དུ་འདུས་ནས་བསྟན་བྱ་གཅིག་གམ་དོན་སྤྱི་གཅིག་ཁོ་ན་སྟོན་པར་བྱེད་ཚེ།  དེ་དག་ནི་རང་གི་བསྟན་བྱ་སྤྱི་གང་དེའི་དོན་གྱི་གྲུབ་ཆ་ཙམ་དུ་གྲུབ་པ་མ་གཏོགས།  རང་སོ་སོ་ནས་དོན་ལྡོག་པ་རེ་རེ་སྟོན་བཞིན་མེད།  དེ་བས་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་ཕྱིར།  རང་འགྲུབ་བྱེད་ལ་མིང་དུ་མ་འདུས་ཀྱང་དོན་ལྡོག་པ་གཅིག་མ་གཏོགས་མེད་དོ། །འདིས་དོན་ལྡོག་པ་གཅིག་ཅེས་པའང་སྤྱིར“银行”ཅེས་པ་ནི་བསྟན་བྱ་ངེས་མེད་ཅན་གྱི་མིང་ཞིག་ཡིན་པ་དང་།  དེའི་བྱེ་བྲག་ཅིག་ངེས་འཛིན་བྱེད་དུ་མིང་ལ“中国人民”ཞེས་བཏགས།  འདིའི་ཚེ“中国人民”ཞེས་པ་ནི“银行”གང་དེ་མཚོན་བྱེད་ཀྱི་མིང་དུ་གྱུར་ཡོད་ཅིང་།  ཕྱིར“银行”དེ་འབའ་སྟོན་བཞིན་ཡོད་ན།  “银行”དང“中国人民”གཉིས་ནི་དོན་ལྡོག་པ་གཅིག་གི་འབྲེལ་བར་གྱུར་ཡོད་པ་བཞིན་ནོ། །ཡིན་ནའང་།  བོད་སྐད་དུ་འདི་ལ“ཀྲུང་གོའི་མི་དམངས་དངུལ་ཁང”ཞེས་འགྱུར་ཡོད་ལ།  བར་གྱི་འབྲེལ་སྒྲའི་ཕྲད“འི”ཡིས“ཀྲུང་གོ”དང“མི་དམངས་དངུལ་ཁང”གཉིས་ཀྱི་མཚམས་བཅད་ཅིང་།  དེའི་ནུས་པས་རྣམ་པའི་ཆ་ནས་མིང་སྔ་ཕྱིའི་བར་ལ་སྒྲིག་གཞིའི་འབྲེལ་བ་ཆགས་ཡོད་པ་དང་།  བརྡ་དོན་གྱི་ཐད་ནས་གཙོ་བོ་སྔ་ཕྱིའི་འབྲེལ་བ་བསྟན་ནས།  “ཀྲུང་གོ”ཞེས་དོན་ལྡོག་པ་གཅིག་དང་།  “མི་དམངས་དངུལ་ཁང”ཞེས་དོན་ལྡོག་པ་གཅིག་ཏུ་གྲུབ་པའི་མུར།  “ཀྲུང་གོ”ཡི“མི་དམངས་དངུལ་ཁང”ཞེས་པའི་དོན་ཞིག་གོ  དེ་ལྟ་ན།  འདིའི“མི་དམངས་དངུལ་ཁང”ནི་ཡན་གར་གྱི་ལས་ཁུངས་གང་གི་མིང་ལྟ་བུར་གྱུར་ཡོད་ཅིང་།  དེ་ནི“ཀྲུང་གོ”ཡི་ཡིན་པའི་དོན་ལྟ་བུ་ཞིག་བསྟན་ཏེ།  མ་གཞིའི་ལས་ཁུངས་གང་དེའམ་ཡང་ན་མ་ཡིག་གི་དོན་དེ་ཇི་བཞིན་མཚོན་ཐུབ་མེད་དོ། །

གཞན་ཡང་།  བོད་སྐད་དུ“ཀྲུང་གོའི་མི་དམངས་དངུལ་ཁང”ཞེས་ནས“ཀྲུང་གོ”ཡི་རྗེས་སུ་འབྲེལ་སྒྲའི་ཕྲད་སྦྱར་ཆོག་ན།  “མི་དམངས་དངུལ་ཁང”ཞེས“མི་དམངས”ཀྱི་རྗེས་སུ་ཅིའི་ཕྱིར་འབྲེལ་སྒྲ་མི་ཐོབ།  གལ་ཏེ་དེ་ལའང་འབྲེལ་སྒྲའི་ཕྲད་སྦྱོར་རུང་ཞེ་ན།  “ཀྲུང་གོའི་མི་དམངས་ཀྱི་དངུལ་ཁང”ཞེས་པར་གྱུར་ནས།  “ཀྲུང་གོ་ན་ཡོད་པའི་མི་དམངས་ཀྱི་དངུལ་ཁང་ཡིན་ནོ་ཅོག”ཅེས་པའི་དོན་ལོག་པ་ཞིག་བསྟན་པའི་མུར།  “ཀྲུང་གོ་ཞིང་ལས་དངུལ་ཁང”  “ཀྲུང་གོ་དངུལ་ཁང”  “ཀྲུང་གོ་བཟོ་ཚོང་དངུལ་ཁང”སོགས་ཀྱང“ཀྲུང་གོའི་མི་དམངས་ཀྱི་དངུལ་ཁང”ཡིན་པས་ཁྱབ་པར་འགྱུར་རོ། །དེ་མིན་བརྡ་དོན་དབྱེ་ཞིབ་ཀྱི་ཐབས་ནས་བལྟས་ནའང་།  “ཀྲུང་གོ་མི་དམངས་དངུལ་ཁང”ཞེས་པར།  “དངུལ་ཁང”ནི་མིང་གཙོ་བོ(中心语)དང་།  “ཀྲུང་གོ་མི་དམངས”ནི་ཁྱད་ཆོས་སྟོན་པ(修饰语)ཡིན་པ་ལས།  “ཀྲུང་གོ”ཞེས་དང་།  “མི་དམངས་དངུལ་ཁང”ཞེས་མཚམས་བཅད་ན་བསྟན་བྱའི་དོན་དང་འགལ་བར་འདོད་དེ་གཤམ་གསལ།

640 (85).jpeg

གལ་སྲིད་འབྲེལ་སྒྲ་མ་སྦྱར་བ་ཡིན་ན།  “ཀྲུང་གོ་མི་དམངས་དངུལ་ཁང”ཞེས“ཀྲུང་གོ”དང“མི་དམངས”  “དངུལ་ཁང”བཅས་དོན་གྱི་གྲུབ་ཆ་གསུམ་འདུས་ནས་དོན་ལྡོག་པ་གཅིག་གམ་དོན་སྤྱི་གཅིག་སྟོན་པར་བྱེད་བཞིན་ཡོད་ལ།  དོན་གྱི་གྲུབ་ཆ་འདི་གསུམ་པོ་ལ་བརྟེན་ནས་ཀྱང་ལས་ཁུངས་གང་དེའི་ཁྱད་ཆོས་སམ།  རིགས།  རང་བཞིན་སོགས་གོ་ནུས་པ་ནི་མིང་སྔ་ཕྱིའི་སྒྲིག་གཞིའི་འབྲེལ་བ་ནས་མ་ཡིན་པར།  དོན་གྱི་འདུས་ཚད་མཐོ་བས(高信息度)རེད།  མདོར་དེད་ན་རྗེས་གྲུབ་ཀྱི་མིང་ཡིན་པས་རེད་འདོད་དོ། །ཡང་འདི་དང་འབྲེལ་ནས།  རྒྱའི་སྐད་ཀྱི“中国人民银行青海分行”དང“中国人民银行西宁支行”གཉིས་ཀྱང་བོད་སྐད་དུ་མིང་འདོགས་ཚེ་རིམ་པ་བཞིན“ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང”དང“ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ཉིང་ལག་དངུལ་ཁང”ཞེས་ཟེར་དགོས་པ་ལས།  “ཀྲུང་གོའི་མི་དམངས་དངུལ་ཁང་གི་མཚོ་སྔོན་གྱི་ཡན་ལག་དངུལ་ཁང”དང“ཀྲུང་གོའི་མི་དམངས་དངུལ་ཁང་གི་ཉིང་ལག་ཟི་ལིང་དངུལ་ཁང”ལྟ་བུ་སོགས་སུ་བསྒྱུར་ཚེ།  སྔ་མས“མཚོ་སྔོན”ས་ཆ་ལ“ཡན་ལག་དངུལ་ཁང”ཞེས་པའི་ལས་ཁུངས་ཡན་གར་ཞིག་ཡོད་པའི་དོན་ལོག་པ་ཞིག་སྟོན་པ་དང་།  ཕྱི་མས“ཀྲུང་གོ་མི་དམངས་དངུལ་ཁང”གི་ཉིང་ལག་ནི“ཟི་ལིང་དངུལ་ཁང”ཡིན་པའི་དོན་འཁྲུལ་བ་ཞིག་སྟོན་པར་འགྱུར་སྲིད་དོ། །དེ་མིན་སྔ་མར་དོན་ལྡོག་པ་བཞི་དང་ཕྱི་མར་དོན་ལྡོག་པ་གསུམ་ཡོད་པར་གྱུར་ཡོད།  དེ་བཞིན།  “中国银行”ཞེས་པའི་ལས་ཁུངས་དེར་ཡང“ཀྲུང་གོའི་དངུལ་ཁང”ཞེས་བསྒྱུར་ན་དོན་དང་མི་མཐུན་པར་འདོད་དེ།  “ཀྲུང་གོའི་དངུལ་ཁང”ཞེ་ན།  བར་གྱི་འབྲེལ་སྒྲའི་ནུས་པས་ཀྲུང་གོ་ན་ཡོད་པའི་དངུལ་ཁང་ཡོད་དོ་ཅོག་ཅིག་བསྟན་ནས་མ་གཞིའི་ལས་ཁུངས་དེ་མི་གོ་བར་གྱུར་ཡོད།  ཡང་མཚོ་སྔོན་རེབ་གོང་ས་ཆའི“同仁农商银行”ཞེས་པར“རེབ་གོང་ཞིང་སྡེའི་ཚོང་ལས་དངུལ་ཁང”ཞེས་བསྒྱུར་ཡོད་དེ།  སྤྱིར“银行”དེའི་མིང་ལ“同仁农商”ཟེར་བ་ཡིན་གྱི།  བོད་སྐད་དུ་མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲ་སྦྱར་བས།  “ཚོང་ལས་དངུལ་ཁང”ཞེས་པའི་ལས་ཁུངས་ཞིག“རེབ་གོང་ཞིང་སྡེ”ཡི་ཡིན་པའི་དོན་ལོག་པ་ཞིག་བསྟན་འདུག  དེ་མིན་རྒྱའི་སྐད་ཀྱི“同仁农商银行”ཞེས་པ་རུ།  “同仁农商”ནི“银行”བྱེ་བྲག་པ་དེ་ངེས་འཛིན་བྱེད་དང་།  “银行”ཞེས་པས་ཕྱིར“同仁农商”དེ་སྟོན་བཞིན་ཡོད་པས།  སྔ་ཕྱི་གཉིས་ནི་དོན་ལྡོག་པ་གཅིག་གི་འབྲེལ་བ་ཡིན།  བོད་སྐད་དུ་འབྲེལ་སྒྲས་མཚམས་བཅད་པས།  “རེབ་གོང་ཞིང་སྡེ”ཡིས“དངུལ་ཁང”བྱེ་བྲག་པ་དེ་སྟོན་བཞིན་མེད་ཅིང་།  “ཚོང་ལས་དངུལ་ཁང”ཞེས་པས་ཀྱང“རེབ་གོང་ཞིང་སྡེ”མི་སྟོན་པས།  སྔ་ཕྱི་གཉིས་ནི་དོན་ལྡོག་པ་ཐ་དད་དུ་གྱུར་ཡོད།

གཞན་ཡང་ཆེད་སྤྱོད་ཀྱི་མིང་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་མི་སྦྱོར་བ་ནི་སྔོན་བྱུང་གི་དགོན་སྡེའམ་ལས་ཁུངས་དག་གི་མིང་འདོགས་སྟངས་ལས་ཀྱང་ཤེས་ཐུབ་སྟེ།  དཔེར་ན།  ས་སྐྱ་དགོན་པ།  སེ་ར་དགོན་པ།  འབྲས་སྤུངས་དགོན་པ།  བསམ་ཡས་གཙུག་ལག་ཁང་།  སྡེ་དགེ་དཔར་ཁང་།  ཞོལ་དཔར་ཁང་།  སྐུ་འབུམ་དཔར་ཁང་།  ཨ་མདོ་མཆོད་རྟེན་རང་བྱོན།  རྡོ་སྦིས་གྲྭ་ཚང་།  བྱ་ཁྱུང་དགོན་པ།  གསེར་རྟ་དགོན་པ།  བླ་བྲང་དགོན་པ་ལྟ་བུ་སོགས་སོ། །གལ་ཏེ་འདིའི་རིགས་ཀྱི་མིང་སྔ་ཕྱིའི་བར་ལའང་འབྲེལ་སྒྲའི་ཕྲད་སྦྱར་བར་བྱས་ན།  དེས་ཀྱང་རང་གི་དོན་སྤྱི་ཁོ་ན་དེ་མི་སྟོན་པར་ས་ཆ་ག་གེ་མོའི་དོན་སྤྱི་ངེས་མེད་ཅིག་སྟོན་པ།  དཔེར་ན།  “ས་སྐྱའི་དགོན་པ”ཞེས་པས་ས་སྐྱ་ས་ཆའི་དགོན་པ་མཐའ་དག་དང་།  “སྡེ་དགེའི་དཔར་ཁང”ཞེས་པས་སྡེ་དགེ་ཡུལ་གྱི་དཔར་ཁང་ཚང་མ་སྟོན་པ་བཞིན་ནོ། །དེ་བས་ཆེད་སྤྱོད་ཀྱི་མིང་ནི་མིང་དུ་མ་འདུས་ནས་གྲུབ་ཀྱང་།  བསྟན་བྱའི་དོན་སྤྱི་གཅིག་འབའ་ཞིག་མ་གཏོགས་མེད་པས།  བར་དུ་ཅིས་ཀྱང་འབྲེལ་སྒྲའི་ཕྲད་སྦྱོར་མི་རུང་སྙམ།  གལ་ཏེ་དེ་དག་གི་དོན་གྱི་ཁྱད་པར་ནན་གྱིས་སྟོན་དགོས་ནའང་།  ཆེད་སྤྱོད་ཀྱི་མིང་ནི་སོར་བཞག་བྱས་པའི་རྨང་གཞིའི་སྟེང་ནས།  དེ་ལ་ཁྱད་པར་འབྱེད་བྱེད་ཀྱི་མིང་གཞན་པ་སོགས་བསྐྱར་དུ་སྦྱར་བའི་ཐབས་ཀྱིས་བརྗོད་འདོད་ཀྱི་དོན་གང་དེ་སྟོན་དགོས་སོ། །དཔེར་ན།  “ས་སྐྱ་དགོན་པ”ནི་ཡུལ་གང་ན་ཡོད་པ་ནན་གྱིས་སྟོན་དགོས་ཚེ།  དེ་ལ“ས་སྐྱའི་ས་སྐྱ་དགོན་པ”ཞེས་པ་ལས“ས་སྐྱའི་དགོན་པ”ཞེས་བརྗོད་མི་རུང་བ་ལྟ་བུ།  དེ་བཞིན།  “ཀྲུང་གོ་མི་དམངས་དངུལ་ཁང”གི་ཡུལ་གྱི་ཁྱད་པར་སྟོན་དགོས་ཚེའང་།  དེ་ལ“མཚོ་སྔོན་གྱི་ཀྲུང་གོ་མི་དམངས་དངུལ་ཁང”དང“བོད་ལྗོངས་ཀྱི་ཀྲུང་གོ་མི་དམངས་དངུལ་ཁང”ཞེས་ཆེད་སྤྱོད་ཀྱི་མིང་སོར་བཞག་བྱས་པའི་རྨང་གཞི་ནས་དེའི་སྔོན་ལ་ཡུལ་གྱི་མིང་སོགས་སྦྱོར་བ་ལས།  ཆེད་སྤྱོད་ཀྱི་མིང་དུའང་འབྲེལ་སྒྲའི་ཕྲད་སྦྱར་ན།  “བོད་ལྗོངས་ཀྱི་ཀྲུང་གོའི་མི་དམངས་དངུལ་ཁང”ཞེས“བོད་ལྗོངས་ཀྱི་ཀྲུང་གོ”ལྟ་བུའི་དོན་ལོག་པ་ཞིག་བསྟན་ཡོང་ངོ་། །  ཡང་དཔེར་ན།  “ཀྲུང་གོ་མི་དམངས་དངུལ་ཁང”ཞེས་པའི་ལས་ཁུངས་དེ་ནི་ཀྲུང་གོ་མ་ཟད་ཀྱི་ཨ་རི་ས་ཆ་ནའང་བཙུགས་ཡོད་དེ།  དེ་གཉིས་ཀྱི་ཁྱད་པར་སྟོན་དགོས་ཚེའང།  “ཀྲུང་གོའི་ཀྲུང་གོ་མི་དམངས་དངུལ་ཁང”དང“ཨ་རིའི་ཀྲུང་གོ་མི་དམངས་དངུལ་ཁང”ཞེས་བརྗོད་དགོས་པ་ལས།  “ཨ་རིའི་ཀྲུང་གོའི་མི་དམངས་དངུལ་ཁང”ཞེ་ན།  “ཨ་རིའི་ཀྲུང་གོ”ཞེས“ཀྲུང་གོ”ནི“ཨ་རི”ཡི་ཡིན་པའི་དོན་ལོག་པ་ཞིག་སྟོན་པ་ལྟ་བུའོ། །  དེ་བས“ཀྲུང་གོའི་མི་དམངས་དངུལ་ཁང”དང“ཀྲུང་གོ་མི་དམངས་དངུལ་ཁང”  གཞན“ཀྲུང་གོའི་ཀྲུང་གོ་མི་དམངས་དངུལ་ཁང”ལྟ་བུ་སོགས་ནི་ཕྲད་ཀྱི་ཁྱད་པར་ཙམ་ཡིན་ཡང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས།  འདིའི་རིགས་ཀྱི་འབྲེལ་སྒྲའི་ཕྲད་སྦྱོར་སྟངས་ལ་བློ་ཕྲ་མོ་འཇུག་དགོས་སྙམ་མོ། །

2.ཁམས་པའི་བརྙན་འཕྲིན།(康巴卫视)

དེ་ཡང་སི་ཁྲོན་ཞིང་ཆེན་བརྙན་འཕྲིན་རྒྱང་སྒྲོག་ལས་ཁུངས་ཀྱིས་བསྒྲུབས་པའི་ཁམས་སྐད་ཀྱི་བརྙན་འཕྲིན་ཁང་དེ་ལ“ཁམས་པའི་བརྙན་འཕྲིན་ཁང”ཞེས་མིང་བཏགས་ཡོད་ལ།  དེར་བརྡ་སྤྲོད་སྨྲ་བ་དགེ་རྒན་བདེ་མཆོག་ལགས་ཀྱིས“ཁམས་པ་དང་བརྙན་འཕྲིན་ཞེས་ལྡོག་པ་གཉིས་ཡིན་པས།  ཁམས་པའི་བརྙན་འཕྲིན་ཞེ་ན་འགྲིག་འདུག”ཅེས་གསུངས་ཡོད།  དེར་བལྟས་ན་རྒན་ཁོང་གིས་འདིའི་རིགས་ཀྱི་མིང་མཐའ་དག་ལ་འབྲེལ་སྒྲའི་ཕྲད་སྦྱོར་དགོས་པར་འདོད་བཞིན་ཡོད།  དེ་ལྟར་ཡིན་ཚེ།  “ཨ་མདོ་བརྙན་འཕྲིན་ཁང་།  བོད་ལྗོངས་བརྙན་འཕྲིན་ཁང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།  མཚོ་སྔོན་སློབ་གྲྭ་ཆེན་མོ།  རྨ་ལྷོ་བོད་ཡིག་ཚགས་པར།”སོགས་དང་།  མཐའ་ན“ས་སྐྱ་དགོན་པ།  སྡེ་དགེ་དཔར་ཁང།  ཨ་མདོ་མཆོད་རྟེན་རང་བྱོན”སོགས་སུའང་འབྲེལ་སྒྲའི་ཕྲད་སྦྱར་ནས།  “ཨ་མདོའི་བརྙན་འཕྲིན་ཁང་།  བོད་ལྗོངས་ཀྱི་བརྙན་འཕྲིན་ཁང་།  མཚོ་སྔོན་གྱི་མི་རིགས་དཔེ་སྐྲུན་ཁང་།  མཚོ་སྔོན་གྱི་མི་རིགས་སློབ་གྲྭ་ཆེན་མོ།  མཚོ་སྔོན་གྱི་སློབ་གྲྭ་ཆེན་མོ།  རྨ་ལྷོའི་བོད་ཡིག་ཚགས་པར།  ས་སྐྱའི་དགོན་པ།  སྡེ་དགེའི་དཔར་ཁང།  ཨ་མདོའི་མཆོད་རྟེན་རང་བྱོན”ལྟ་བུ་མིང་འདོགས་དགོས་པར་འགྱུར་ཏེ།  རྒྱུ་མཚན་ནི་ཁྱོད་ལྟར་ན་དེ་དག་ཀྱང་དོན་ལྡོག་པ་ཐ་དད་ཡིན་པས་ཕྱིར་རོ། །  ཡིན་ནའང་རྩོམ་པ་པོ་ལྟ་ཚུལ་འདིར་ཅུང་མི་འཐད་ལ།  དེ་ནི་དགེ་རྒན་ཁོང་གིས་ཐུགས་མཉམ་མ་བཞག་པ་ཡིན་པར་འདོད་དེ།  ས་མིང་དང་མི་མིང་།  ལས་ཁུངས་སོགས་ཀྱི་མིང་ནི་ཆེད་སྤྱོད་ཀྱི་མིང་དུ་གཏོགས་ཤིང་།  དེའི་རིགས་ལ་དོན་སྤྱི་གཅིག་འབའ་ཞིག(概念的唯一性)མ་གཏོགས་མེད་ན།  དོན་ལྡོག་པ་དུ་མ་སྟོན་པར་བྱས་ཚེ།  བར་གྱི་འབྲེལ་སྒྲའི་ནུས་པས་གཙོ་བོ་སྔ་ཕྱིའི་དོན་གྱི་འབྲེལ་བ་སྟོན་པར་བྱས་ནས།  ངེས་འཛིན(指称)ནམ་འབོད་བྱེད(称谓)ཀྱི་མིང་དུ་མི་རུང་།  དེ་མིན།  སྤྱིར་ཆེད་སྤྱོད་ཀྱི་མིང་ནི་བསྟན་བྱ་ངེས་ཅན(有定)ཞིག་ཡིན་ཡང་།  བར་དུ་འབྲེལ་སྒྲས་མཚམས་སྦྱར་བ་ན།  དོན་གྱི་སྟོན་རྒྱ་ཆེ་རུ་ཕྱིན་ཏེ་བསྟན་བྱ་ངེས་མེད(无定)དུ་འགྱུར་ཡང་སྲིད།  དཔེར་ན།  “ཁམས་པའི་བརྙན་འཕྲིན་ཁང”ཞེས་སྤྱིར་ལས་ཁུངས་གང་ཁོ་ན་ཞིག་སྟོན་པར་བྱེད་བཞིན་ཡོད་ནའང་།  བར་གྱི་འབྲེལ་སྒྲས“ཁམས་པ”དང“བརྙན་འཕྲིན་ཁང”གཉིས་ཀྱི་འབྲེལ་བ་ཡོད་ཚད་ཅིག་བསྟན་ནས།  “ཁམས་པ”དང་འབྲེལ་བའི“བརྙན་འཕྲིན་ཁང”མཐའ་དག་ཅིག་གོ་བར་བྱས་ཡོད།  དེ་ལྟར་ན།  “ཁམས་པ”ན་གནས་པའི“བརྙན་འཕྲིན་ཁང”ཐམས་ཅད“ཁམས་པའི་བརྙན་འཕྲིན་ཁང”ཡིན་པས་ཁྱབ་པ་དང་།  ཁམས་སྐད་ཀྱི་ལམ་ནས་སྟོན་བཞིན་པའི་བརྙན་འཕྲིན་ཡོད་ཚད་ཀྱང“ཁམས་པའི་བརྙན་འཕྲིན”ཡིན་དགོས།  དེས་ན།  “དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང”ཡང“ཁམས་པའི་བརྙན་འཕྲིན་ཁང”ཡིན་པར་འགྱུར་བ་དང་།  “དར་རྩེ་མདོ་བརྙན་འཕྲིན་ཁང”ཡང“ཁམས་པའི་བརྙན་འཕྲིན”ཡིན་དགོས་སོ། །འདི་ལྟར་གྱུར་ཚེ།  “ཁམས་པའི་བརྙན་འཕྲིན་ཁང”ཞེས་པ་འདི་ནི་སྤྱིར་ལས་ཁུངས་གང་འབའ་ཞིག་གི་མིང་དུ་བཏགས་ཀྱང་།  དོན་སྟོན་དུས་ལས་ཁུངས་གཞན་དག་ཀྱང་གོ་བར་གྱུར་ཡོད་པས།  མིང་བཏགས་ཀྱང་མ་ཐོགས་པ་ལྟ་བུར་སྣང་ཡོད་དོ། །གལ་སྲིད་འདིའི་བར་གྱི་འབྲེལ་སྒྲའི་ཕྲད་དོར་ནས“ཁམས་པ་བརྙན་འཕྲིན་ཁང”ཞེས་པར་བཅོས་ན།  གཅིག་ནས་སྒྲིག་གཞིའི་འབྲེལ་བ་མེད་པར་གྱུར་ནས་མིང་སྔ་ཕྱི་ཚགས་དམ་པ་དང་།  གཉིས་ནས་སྔ་ཕྱི་མིང་གཉིས་ནི་བསྟན་བྱ་གང་གི་དོན་གྱི་གྲུབ་ཆ་ཙམ་དུ་གྱུར་ནས་སོ་སོ་ནས་དོན་ལྡོག་པ་རེ་རེ་མི་སྟོན།  གསུམ་ནས་སྔ་མའི་མིང་ནི་ཕྱི་མའི་དོན་གྱི་ངེས་འཛིན་བྱེད་དང་།  ཕྱི་མའི་དོན་དེ་སྔ་མའི་མིང་གི་བསྟན་བྱར་གྱུར་ཏེ།  སྔ་ཕྱི་གཉིས་ནི་དོན་ལྡོག་པ་གཅིག་གི་འབྲེལ་བར་གྲུབ་སྲིད།  བཞི་ནས་མིང་སྔ་ཕྱི་གཉིས་ཀྱིས་མཉམ་དུ་མིང་བརྡའི་གོ་དོན(词汇意义)སྟོན་པར་བྱས་ནས་ངེས་འཛིན་ནམ་འབོད་བྱེད་ཀྱི་མིང་དུ་རུང་ངོ་། །འདི་བཞི་བོ་ནི་དོན་དུ་ཆེད་སྤྱོད་ཀྱི་མིང་འགྲུབ་བྱེད་ཀྱི་ཆ་རྐྱེན་ལྟ་བུ་ཡིན་པས།  “康巴电视台”ཞེས་པའི་ལས་ཁུངས་དེ་ལའང“ཁམས་པ་བརྙན་འཕྲིན་ཁང”ཟེར་དགོས་པ་ལས“ཁམས་པའི་བརྙན་འཕྲིན་ཁང”ཞེ་ན་དོན་དང་མི་མཐུན་པ་ཡང་རྟོགས་ཐུབ་བོ། །

གོང་གི་འདིའི་རིགས་ཀྱི་བླང་དོར་མ་ཤེས་ན།  སྐབས་འགར་དོན་ལོག་པར་སྟོན་ནས་གཞན་གྱི་འཕྱ་བའི་གནས་སུའང་འགྱུར་སྲིད་དེ།  དཔེར་ན།  “甘南日报社”ལ“ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང”ཞེས་མིང་བཏགས་ཡོད་པ།  སྤྱིར་དོན་སྟོན་འདོད་པ་ནི།  ཀན་ལྷོ་ཡི་ཉི་མ་རེ་རེའི་གསར་འགྱུར་སྒྲུབ་བཞིན་པའི་ལས་ཁུངས་ཞེས་པ་དེ་ཡིན་ནའང་།  འབྲེལ་སྒྲའི་ནུས་པས“ཉིན་རེ”ཞེས་དོན་ལྡོག་པ་གཅིག་དང་།  “གསར་འགྱུར་ཁང”ཞེས་དོན་ལྡོག་པ་གཅིག་ཏུ་གྲུབ་ནས།  “ཉི་མ་རེ་རེའི་གསར་འགྱུར་ཁང(每日的报社)”ཞེས་པའི་དོན་ལོག་པ་ཞིག་སྟོན་པ་ལྟ་བུའོ། །

3.བོད་རིག་པའི་སློབ་གླིང་དང་བོད་རིག་པ་ཞིབ་འཇུག་གླིང་།(藏学院与藏学研究院)

དེ་ཡང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་བོད་ཀྱི་རིག་གནས་གཙོ་བོར་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་ཡོད་པའི་སློབ་གླིང་དེ་ལ“བོད་རིག་པའི་སློབ་གླིང”ཞེས་མིང་བཏགས་ཡོད་ཅིང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་དེ་ལ“བོད་རིག་པ་ཞིབ་འཇུག་སློབ་གླིང”ཞེས་མིང་དུ་མཛད་ཡོད།  དེ་རུ་སྔ་མས“བོད་རིག་པ”དང“སློབ་གླིང”གི་བར་དུ་འབྲེལ་སྒྲས་མཚམས་སྦྱར་ཡོད་པ་དང།  ཕྱི་མས་འབྲེལ་སྒྲའི་ཕྲད་སྦྱར་མེད།  དོན་དུ་དེའི་མིང་སྔ་ཕྱིའི་བར་ལ་རྣམ་དབྱེའི་ཕྲད་ཐོབ་བམ་ཞེ་ན་གཤམ་ནས་དཔྱད་པར་འགྱུར་རོ། །

“བོད་རིག་པའི་སློབ་གླིང”དང“བོད་རིག་པ་ཞིབ་འཇུག་གླིང”གང་ཡིན་ཡང་།  དེ་ནི་ལས་ཁུངས་གང་བྱེ་བྲག་ཏུ་སྟོན་པར་བྱེད་པའི་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་པ་སྨྲས་མ་དགོས།  དེ་ལྟར་ཡིན་ཚེ།  ང་ཚོས་གོང་ནས་བཤད་ཟིན་པའི་ཆེད་སྤྱོད་ཀྱི་མིང་གི་ཆ་རྐྱེན་བཞི་བོ་ཚང་དགོས་པར་འདོད་དེ།  གཅིག་ནས་མིང་དེ་ལ་མཚོན་བྱའི་དོན་སྤྱི་གཅིག་ཁོ་ན་མ་གཏོགས་ཡོད་མི་རུང་།  འདིའི་དོན་སྤྱི་གཅིག་ཁོ་ན་ཞེས་པ་ནི་ཆེད་སྤྱོད་ཀྱི་མིང་དེ་ནི་མིང་གཉིས་སམ་དུ་མ་འདུས་ནས་གྲུབ་ཀྱང་།  མིང་དེ་དག་ནི་བསྟན་བྱ་གང་གི་དོན་གྱི་གྲུབ་ཆ་ཙམ་དུ་སོང་བ་ལས།  རང་སྐྱ་འཕེར་བའི་མིང་ལྟར་དུ་རང་རང་སོ་སོ་ནས་དོན་ལྡོག་པ་རེ་རེ་མི་སྟོན།  ཡང་གཅིག་བཤད་ན།  རང་སྐྱ་འཕེར་བའི་མིང་གི་བསྟན་དོན་དང་ཆེད་སྤྱོད་ཀྱི་མིང་གི་གྲུབ་ཆར་གྱུར་བའི་མིང་གཉིས་ནི།  སྐབས་འགར་གཟུགས་གཅིག་ཀྱང་དོན་ཁ་ཁ་སྟོན་ཡང་སྲིད།  དཔེར་ན།  “པེ་ཅིང་སློབ་གྲྭ་ཆེན་མོ”དང“པེ་ཅིང་གི་སློབ་གྲྭ་ཆེན་མོ”ལྟ་བུར་མཚོན་ན།  སྔ་མའི“པེ་ཅིང”ནི་སློབ་ཆེན་གང་གི་མིང་ལ“པེ་ཅིང”ཞེས་བཏགས་པ་ཡིན་པས།  དེ་ནི་སློབ་ཆེན་གང་ངེས་འཛིན་བྱེད་ཀྱི་མིང་དང་།  ཕྱི་མའི“པེ་ཅིང”ནི་སློབ་ཆེན་གང་གི་གནས་སྟོན་བྱེད་ཀྱི་མིང་དུ་གྲུབ་པས།  དེ་ནི་ས་ཆ་གང་ངེས་འཛིན་བྱེད་ཀྱི་མིང་ཡིན་པ་ལྟར་རོ། །  དེ་བཞིན།  “བོད་རིག་པའི་སློབ་གླིང”དང“བོད་རིག་པ་ཞིབ་འཇུག་གླིང”ཞེས་པར་མཚོན་ནའང་།  སྔ་མའི“བོད་རིག་པ”ནི་འབྲེལ་སྒྲས་མཚམས་བཅད་པས།  རྣམ་པའི་ཆ་ནས་སྒྲིག་གཞི་ཚགས་ལྷོད་ཅིང་།  དོན་གྱི་སྟེང་ནས་རང་གཅིག་པུས་ཁེར་ཚུགས་ཀྱི་དོན་ལྡོག་པ་གཅིག་སྟོན་ན།  ཆེད་སྤྱོད་ཀྱི་མིང་གི་དོན་གྱི་གྲུབ་ཆར་གྱུར་མེད།  སྤྱིར“སློབ་གླིང”ནི་བསྟན་བྱ་ངེས་མེད་ཅིག་ཡིན་པ་དང་།  དེ་བྱེ་བྲག་ཏུ་ངེས་འཛིན་བྱེད་དུ་མིང་ལ“བོད་རིག་པ”ཞེས་བཏགས་པ་ཡིན་པས།  འདིའི“བོད་རིག་པ”ནི“སློབ་གླིང”གང་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་གྱུར་ཡོད།  དེ་བས་སྐབས་འདིར“བོད་རིག་པ”དང“སློབ་གླིང”གཉིས་ནི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ཡིན།  དེ་ནི་དཔེར་ན“ས་ཕུད་བླ་མ”ཞེས་བླ་མ་གང་ལ་རྗེས་གྲུབ་ཀྱི་སྒོ་ནས་མིང་བཏགས་པའང་།  “བླ་མ”ནི་བསྟན་བྱ་ངེས་མེད་དང་།  དེའི་ནང་ནས་བྱེ་བྲག་ཅིག་སྟོན་ཕྱིར་དུ་མིང་ལ“ས་ཕུད”ཞེས་བཏགས་ཚེ།  སྐབས་འདིའི“ས་ཕུད”ནི“བླ་མ”གང་དེ་མཚོན་བྱེད་ཀྱི་མིང་དུ་གྱུར་པས།  “ས་ཕུད་ཀྱི་བླ་མ”དེའི་མིང་ལ“ས་ཕུད་བླ་མ”ཞེས་མིང་བཏགས་པ་ལས།  “ས་ཕུད་ཀྱི་བླ་མ”ནི“ས་ཕུད་བླ་མ”འི་འབོད་བྱེད་ཀྱི་མིང་མ་ཡིན།  དཔེ་འདི་དང་མཚུངས་པར“བོད་རིག་པའི་སློབ་གླིང”ཞེས་པའང“སློབ་གླིང”གང་དེའི་རིགས་སམ།  ཁྱད་ཆོས་སོགས་སྟོན་བྱེད་ཀྱི་མིང་ཚོམས་ཤིག་ཡིན་པ་མ་གཏོགས།  “སློབ་གླིང”གང་དེའི་མིང་དུ་གྲུབ་མེད་པས།  “བོད་རིག་པའི་སློབ་གླིང”གི་འབོད་བྱེད་ཀྱི་མིང་ནི“བོད་རིག་པ་སློབ་གླིང”ཡིན་པར་འདོད་ལ།  འདིའི“བོད་རིག་པ”དང“སློབ་གླིང”གཉིས་ནི་དོན་ལྡོག་པ་གཅིག་གི་འབྲེལ་བ་ཡིན་པས་སོ། །  

གཞན་ཡང“བོད་རིག་པའི་སློབ་གླིང”འདི་ལྟ་བུའི་མིང་ཚོམས་དག་ནི་ཆེད་སྤྱོད་ཀྱི་མིང་དུ་བྱས་ནས་མིང་གཞན་དང་འབྲེལ་བ་བྱུང་ཚེ་དོན་ལོག་པར་ཡང་སྟོན་སྲིད་དེ།  དཔེར་ན།  “མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང”ཞེས་པར་མཚོན་ན།  བར་གྱི་འབྲེལ་སྒྲའི་ནུས་པས“མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ”དོན་ལྡོག་པ་གཅིག་དང་།  “བོད་རིག་པ”ལྡོག་པ་གཅིག  “སློབ་གླིང”ལྡོག་པ་གཅིག་བཅས་སུ་གྲུབ་ཡོད་པས།  སྤྱིར་བརྡ་དོན་ནས“སློབ་གླིང”དེ་ནི“མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ”འི་སློབ་གླིང་ཡིན་པ་སྟོན་དགོས་ནའང་།  འདི་ནས“བོད་རིག་པ”ནི“མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ”འི“བོད་རིག་པ”ཡིན་པའི་དོན་ཞིག་སྟོན་པ་ལྟ་བུའོ། །

“བོད་རིག་པ་ཞིབ་འཇུག་གླིང”ལྟ་བུ་རུ་མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲའི་ཕྲད་སྦྱར་མེད་པས།  སྒྲིག་གཞི་ཚགས་དམ་པ་དང་།  དོན་གྱི་ཆ་ནས“བོད་རིག་པ”ནི“ཞིབ་འཇུག་གླིང”དེ་ངེས་འཛིན་བྱེད་ཀྱི་མིང་ངམ་ཡང་ན་དེའི་དོན་གྱི་གྲུབ་ཆར་གྱུར་ཞིང་།  ཐད་ཀར“ཞིབ་འཇུག་གླིང”གང་དེ་སྟོན་པར་བྱས་པས།  སྤྱིའི་ཆ་ནས་དོན་ལྡོག་པ་གཅིག་མ་གཏོགས་མེད་ན།  འདིའི་རིགས་ནི་ཆེད་སྤྱོད་ཀྱི་མིང་དུ་བཀོལ་ན་འོས་སྙམ།  གཞན་ཡང་།  ཆེད་སྤྱོད་ཀྱི་མིང་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་མི་སྦྱོར་བ་ནི་ང་ཚོས་བརྟག་དཔྱད་བྱས་པའི་གཤམ་གྱི་དཔེ་བརྗོད་འདི་དག་ལས་ཀྱང་ཤེས་ཐུབ་སྟེ།  དཔེར་ན།  “མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང”ལ“མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང”མི་ཟེར་ཞིང་།  “ཀན་སུའུ་ནང་བསྟན་སློབ་གླིང”ལའང“ཀན་སུའུ་ནང་བསྟན་གྱི་སློབ་གླིང”ཞེས་མི་འདོགས་པ་ལྟ་བུ།  དེ་བཞིན།  “དཔའ་རིས་གསེར་མཁར་གཡང་ཁྱིམ་སྡེ་ལས་ཚད་ཡོད་ཀུང་སི།  ལི་ཐང་རྫོང་སྨན་སྦྱོར་ཀུན་འདུས་ལྟེ་གནས།  དཔའ་རིས་བོད་རང་སྐྱོང་རྫོང་མ་བུ་བདེ་སྲུང་འཆར་ལྡན་བུ་སྐྱེས་ཞབས་ཞུ་ལྟེ་གནས།  དཔའ་རིས་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་བོད་སྨན་གསར་སྤེལ་ཁང་།  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གོང་འཕེལ་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  གཙོས་གྲོང་ཁྱེར་གྲོང་ཁྱེར་བདག་དམ་ཕྱོགས་བསྡུས་ཁྲིམས་འཛིན་ཅུས།  ཀྲུང་གོ་ནང་བསྟན་སློབ་གླིང”ལྟ་བུ་སོགས་ལའང་འབྲེལ་སྒྲའི་ཕྲད་མི་སྦྱོར་བ་བཞིན་ནོ། །

ཡང་ང་ཚོས་བརྟག་དཔྱད་བྱས་པ་ལྟར་ན།  གོང་གི་ཆེད་སྤྱོད་ཀྱི་མིང་དུ་འབྲེལ་སྒྲའི་ཕྲད་སྦྱོར་བའི་རིགས་ལའང་ཆོས་ཉིད་གཏན་ནས་མེད་པ་ཞིག་མ་ཡིན་པར།  དེ་དག་ནི་གཙོ་བོ་རྗེས་འཇུག“འ”མཐའ་ཅན་གྱི་རྗེས་སུ་བྱུང་བཞིན་ཡོད་དེ།  སྒྲ་གདངས་རིག་པ་དང་སྡེབ་སྦྱོར་རིག་པ་ནས་བལྟས་ན།  “འི”ཡི་སྒྲ་ནི་རང་གི་སྔ་མའི་སྒྲ་ཚིགས་གང་གི་དབྱངས་འཇུག་ཏུ་འགྱུར་སྲིད་པས(与前音节韵尾合音)།  རང་གཅིག་པུ་ཁེར་ཚུགས་ཀྱི་སྒྲ་ཚིགས་ཤིག་ཏུ་མི་འགྲུབ(非自成音节)ན།  ངག་ནས་ཀློག་ཚེ་སྡེབ་སྦྱོར་ལ་མ་གནོད་པས་ཨེ་ཡིན་སྙམ།

གཉིས།  ཟ་ཁང་ཚོང་ཁང་གི་མིང་།

དེ་ཡང་ཟ་ཁང་ཚོང་ཁང་སོགས་ཀྱི་མིང་ནི་ཆེད་དུ་དོན་སྤྱི་གང་འབའ་ཞིག་ལ་དམིགས་ནས་བཏགས་པའི་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་ཏེ།  འདིའི་མིང་འདོགས་སྟངས་ལ་མི་མིང་དང་ས་མིང་གི་སྒོ་ནས་བཏགས་པ་དང་།  སྨོན་ཚིག་གི་ལམ་ནས་བཏགས་པ་སོགས་རིགས་གང་མང་མཆིས།  གང་ལྟར་ཡང་།  མིང་དུ་བཏགས་པ་ན་མི་མིང་དང་ས་མིང་།  སྨོན་ཚིག་དེ་དག་ནི་ཟ་ཁང་དང་ཚོང་ཁང་གང་དེའི་མཚོན་བྱེད་དུ་གྱུར་པས།  རང་རང་གི་བསྟན་བྱ་ནི་གང་དེའི་དོན་སྤྱི་འབའ་ཞིག་ཡིན་ན།  མིང་སྔ་ཕྱིའི་བར་ནི་དོན་ལྡོག་པ་གཅིག་གི་འབྲེལ་བར་གྱུར་ཡོད།  གལ་སྲིད་འདིའི་མི་མིང་ས་མིང་གི་རྗེས་སུ་འབྲེལ་སྒྲའི་ཕྲད་བྱུང་བ་ན།  དེའི་ནུས་པས་མིང་དེ་དག་ནི་ཁེར་ཚུགས་ཀྱི་མིང་ཞིག་ཏུ་གྱུར་ནས།  གཙོ་བོ་ཟ་ཁང་དང་ཚོང་ཁང་དེ་ནི་སུའི་ཡིན་པ་དང་གང་གི་ཡིན་པ་སྟོན་ཞིང་།  རང་གི་བསྟན་བྱའི་དོན་སྤྱིའང་ཟ་ཁང་ཚོང་ཁང་གང་དེ་མ་ཡིན་པར་ཡང་ན་གང་ཟག་ཅིག་ཡང་ན་ས་ཆ་ཞིག་ཡིན་པར་སྟོན་བཞིན་ཡོད་དོ། །འདིའི་གནས་ལུགས་ནི་རི་མོའི་ལམ་ནས་བསྟན་ན་གཤམ་གསལ།

640 (86).jpeg

གོང་གི་རི་མོ་དང་པོའི་དཔེ་བརྗོད“ཀ”རུ།  འབྲེལ་སྒྲའི་ཕྲད་ཀྱི་ནུས་པས“སྒྲོལ་མ”ནི“ཚོང་ཁང”གང་དེའི་བདག་མོའམ་ཡང་ན་དེ་དང་འབྲེལ་བ་ཡོད་པའི་མི་ཆེ་གེ་མོ་ཞིག་ཡིན་པ་སྟོན་པ་དང་།  “ཚོང་ཁང”ནི་མི་དེ་དང་ལོགས་སུ་སྣང་བའི་བྱ་དངོས་ཤིག་ཡིན་པ་གོ  དེ་བས་དེ་རུ་མིང་སྔ་ཕྱི་གཉིས་ནི་དོན་ལྡོག་པ་ཐ་དད་དུ་གྲུབ་ཡོད་ལ་གཙོ་བོ་དེ་གཉིས་ཀྱི་འབྲེལ་བ་བསྟན་ཡོད་པ་ལས།  “ཚོང་ཁང”དེའི་མིང་ལ་ཅི་ཞིག་ཟེར་བཞིན་པ་ད་རུང་ཤེས་མི་ཐུབ་བོ། །དཔེ་བརྗོད“ཁ”རུ“ཚོང་ཁང”གང་དེའི་མིང་ལ“སྒྲོལ་མ”ཞེས་བཏགས་ཡོད་པས།  སྐབས་འདིར“སྒྲོལ་མ”ནི་གང་ཟག་ཅིག་སྟོན་བྱེད་ཀྱི་མིང་མ་ཡིན་པར“ཚོང་ཁང”དེ་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་གྱུར་ཡོད།  དེ་བས་མིང་སྔ་མའི་བསྟན་བྱ་ནི་ཕྱིར་མིང་ཕྱི་མའི་དོན་དུ་གྱུར་ཡོད་པས།  མིང་སྔ་ཕྱི་གཉིས་ནི་དོན་ལྡོག་པ་གཅིག་ཏུ་གྲུབ་ཡོད་དོ། །དེ་བཞིན་རི་མོ་གཉིས་པའི་དཔེ་བརྗོད“ག”ཡི“སི་ཁྲོན”ནི་གནས་གང་ཞིག་སྟོན་པའི་མིང་དང་།  “ང”ཡི“སི་ཁྲོན”ནི་ས་མིང་ཚོང་ཁང་གི་མིང་དུ་བཏགས་པ་ཡིན་པས།  “ཚོང་ཁང”གང་དེ་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་གྱུར་ཡོད་དོ། །

འདི་ལས་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་ཚེ་ཚད་བཀག་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན(定中结构)དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་རུང་བའི་གནས་ལུགས་ཤིག་རྟོགས་ཐུབ།  ཡིན་ནའང་།  དེང་སྐབས་བོད་སྐད་དུ་ཟ་ཁང་ཚོང་ཁང་སོགས་ལ་མིང་འདོགས་དུས་སུ་གོང་གི་གནས་ལུགས་འདི་མ་རྟོགས་པར་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བ་ཅན་ནི་ཤིན་ཏུ་མང་སྟེ།  ང་ཚོས་དེའི་ནང་ནས་མཚོན་བྱེད་ཅན་འགའ་ཞིག་བདམས་ནས་དཔྱད་ན་གཤམ་གསལ།

(3)ལྷ་ས་ས་ཆའི་དཔེར་བརྗོད།  ཀ མཚོ་མོའི་ཇ་ཁང་།  ཁ  ཐར་ལོའི་མར་ཚོང་ཁང་།  ག ལྷ་སའི་བོད་ལྭ་ཚོང་ཁང་།

གོང་གི་དཔེར་བརྗོད་འདི་གསུམ་པོ་ནི་ཇ་ཁང་ཚོང་ཁང་གང་ཞིག་ངེས་འཛིན་བྱེད་དུ་མིང་བཏགས་པ་ཡིན་ཞིང་།  བསྟན་བྱའི་དོན་སྤྱི་ལ་ཡང་ཇ་ཁང་ཚོང་ཁང་གང་དེ་འབའ་ཞིག་མ་གཏོགས་མེད།  ཡིན་ནའང་།  འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བས་གཙོ་བོ་མིང་སྔ་ཕྱིའི་འབྲེལ་བ་སྟོན་ནས།  མ་གཞིའི་དོན་སྤྱི་གང་དེ་མི་གོ་བ་ལྟ་བུར་སྣང་།  དཔེར་ན།  དཔེ་བརྗོད“ཀ”རུ་སྤྱིར“མཚོ་མོ”ཞེས་པའི་མི་མིང་དེ་ནི་རེ་ཞིག་གཡར་ནས“ཇ་ཁང”གང་དེའི་མིང་དུ་བཏགས་པ་ཡིན་གྱི།  འབྲེལ་སྒྲའི་ཕྲད“འི”ཡི་ནུས་པས“མཚོ་མོ”ནི“ཇ་ཁང”གང་དེའི་བདག་མོའམ་དེ་དང་འབྲེལ་བ་ཡོད་པའི་མི་ཆེ་གེ་མོ་ཞིག་ཡིན་པ་བསྟན་པ་ལས་དེའི་མིང་དུ་ཐོགས་མེད་པ་ལྟ་བུའོ། །དེ་བཞིན་དཔེ་བརྗོད“ཁ”ཡི“ཐར་ལོ”ལ་འབྲེལ་སྒྲ་སྦྱར་བས་ཀྱང་དེ་ནི་གང་ཟག་ཅིག་ཡིན་པ་ལས“མར་ཚོང་ཁང”དེའི་མིང་དུ་ཐོགས་མེད་པ་དང་།  དཔེ་བརྗོད“ག”ཡི“ལྷ་ས”ཡང་དེ་ལྟར་རོ། །

(4)མཚོ་སྔོན་རེབ་གོང་ས་ཆའི་དཔེར་བརྗོད།  ཀ རོང་བོ་དགོན་པའི་ཚོང་ཁང་།  ཁ  སྒྲོལ་མའི་སྒེག་སྤྲོས་ཁང་།  ག རོང་བོའི་གོ་རེ་ཚོང་ཁང་།  ང ཨུ་དུམ་ཝ་རའི་ལྷ་རྫས་ཚོང་ཁང་།

གོང་གི་དཔེ་བརྗོད་བཞི་བོའང་སྤྱིར་གང་ཟག་གམ་ཡུལ།  ཡང་ན་རྫས་གང་ཞིག་གི་མིང་དེ་ནི་རེ་ཞིག་གཡར་ནས་ཚོང་ཁང་གང་གི་མིང་དུ་བཏགས་པ་ཡིན་གྱི།  མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བས།  ཚོང་ཁང་དེ་ནི་ཡུལ་གང་ཞིག་གམ་གང་ཟག་སུ་ཞིག་དང་འབྲེལ་བ་ཡོད་པ་ཙམ་སྟོན་པ་ལས།  “ཚོང་ཁང”གང་དེའི་མིང་དུ་ཐོགས་མེད་དོ། །

(5)ཀན་སུའུ་གཙོས་ས་ཆའི་དཔེར་བརྗོད།  ཀ སུ་ཁྲོན་གྱི་བྲོ་ཞིམ་ཟ་ཁང་།  ཁ  ཀུན་དགའི་དུ་ཆང་ཚོང་ཁང་།  ག རྒྱ་མཚོའི་གསེར་ཚོང་ཁང་།

འདིའི་དཔེ་བརྗོད་གསུམ་པོའི་མིང་དེ་དག་ཀྱང་ཟ་ཁང་ཚོང་ཁང་གང་གི་ཆེད་སྤྱོད་ཀྱི་མིང་དུ་བྱས་ཡོད་ནའང་།  འབྲེལ་སྒྲའི་ཕྲད་ཀྱི་ནུས་པས་ཟ་ཁང་དེ་ནི་གང་གི་ཡིན་པ་དང་།  ཚོང་ཁང་དེ་ནི་སུའི་ཡིན་པ་ཙམ་བསྟན་པ་ལས།  དེའི་མིང་ལ་ཅི་ཟེར་བ་མི་གོ་བ་ལྟ་བུའོ། །  དེ་མིན་འདིའི་དཔེ་བརྗོད“ཀ”ཡིས་དོན་ལོག་པ་ཞིག་ཀྱང་སྟོན་སྲིད་དེ།  གལ་སྲིད་ང་ཚོས“སུ་ཁྲོན་གྱི་བྲོ་ཞིམ་ཟ་ཁང”དེ་གཙོས་ས་ཆ་ན་ཡོད་པ་ནན་གྱིས་སྟོན་དགོས་ཚེ།  “གཙོས་ས་ཆའི་སི་ཁྲོན་གྱི་བྲོ་ཞིམ་ཟ་ཁང”ཞེ་ན།  “གཙོས་ས་ཆའི་སི་ཁྲོན”ཞེས“སི་ཁྲོན”ནི“གཙོས”ས་ཆའི་ཡིན་པའི་དོན་འཁྲུལ་བ་ཅན་ཞིན་སྟོན་པ་ལྟ་བུའོ། །

གསུམ།  མི་མིང་།  སྲང་ལམ་གྱི་མིང་།  དངོས་པོ་བྱེ་བྲག་པའི་མིང་།

དེ་ཡང་མི་མིང་དང་སྲང་ལམ་གྱི་མིང་།  གཞན་དངོས་པོ་བྱེ་བྲག་པའི་མིང་སོགས་ཀྱང་ཆེད་སྤྱོད་ཀྱི་མིང་དུ་གཏོགས་ཤིང་།  དེ་ལས་འགའ་ཞིག་གིས་རང་གི་བསྟན་བྱ་གང་དེ་དམིགས་བསལ་དུ་སྟོན་ཆེད་དུ་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ས་ཆའི་མིང་སོགས་བླ་ཐབས་སུ་སྣོན་པའི་སྒོ་ནས་མིང་དུ་བདགས་པའང་ཡོད་དེ།  འདིའི་རིགས་ཀྱི་ཡུལ་གྱི་མིང་སོགས་ཀྱང་མི་མིང་དང་སྲང་ལམ་གང་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་གྲུབ་ཡོད་པ་ལས།  མི་སུའམ་སྲང་ལམ་གང་དེ་ས་ཆ་གང་ཞིག་གི་ཡིན་པ་སོགས་ཀྱི་དོན་སྟོན་བཞིན་མེད་པས།  དེའི་བར་ལའང་འབྲེལ་སྒྲའི་ཕྲད་སྦྱོར་མི་རིགས།  དཔེར་ན།

(1)མི་མིང་།  བོད་མཁས་པ།  རྡོ་སྦིས་དགེ་བཤེས།  སྣང་ར་དཔོན་པོ།  རེབ་གོང་སྐྱབས་དགོན།

གོང་གི་དཔེ་བརྗོད་དག་གི་མིང་སྔ་མ་སྔ་མ་ནི་ཡུལ་གང་གི་མིང་ཡིན་གྱི།  མིང་སྤྱིའི་ཆ་ནས་གང་ཟག་བྱེ་བྲག་པ་སུ་ཞིག་ཁོ་ན་མ་གཏོགས་སྟོན་བཞིན་མེད་པས།  ཡུལ་གྱི་མིང་དེའང་གང་ཟག་སུ་དེའི་མིང་གི་གྲུབ་ཆ་ཙམ་དུ་གྲུབ་པ་ལས།  རང་སྐྱ་འཕེར་བའི་ཡུལ་མིང་ཞིག་ཏུ་གྲུབ་མེད།  གལ་སྲིད་མིང་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་སྦྱར་བ་ན།  སྔ་ཕྱི་མིང་གཉིས་ཀ་དོན་ལྡོག་པ་རེ་རེ་སྟོན་ཞིང་རང་སྐྱ་འཕེར་བའི་མིང་དུ་གྲུབ་པའི་མུར།  མ་གཞིའི་གང་ཟག་གང་དེ་ཁོ་ན་མི་སྟོན་པར་ཡུལ་གང་གི་གང་ཟག་སྤྱི་ཞིག་སྟོན་སྲིད།  དཔེར་ན།  “བོད་མཁས་པ”ཞེས་པ་བསྟན་བྱ་ངེས་ཅན་དང་།  “བོད་ཀྱི་མཁས་པ”ཞེས་ཚེ་བསྟན་བྱ་ངེས་མེད་ཅིག་སྟོན་པ་ལྟ་བུ།  དེ་བཞིན།  “རྡོ་སྦིས་དགེ་བཤེས་དང་།  སྣང་ར་དཔོན་པོ།  རེབ་གོང་སྐྱབས་དགོན”སོགས་ནི་བསྟན་བྱ་ངེས་ཅན་དང་།  “རྡོ་སྦིས་ཀྱི་དགེ་བཤེས།  སྣང་རའི་དཔོན་པོ།  རེབ་གོང་གི་སྐྱབས་དགོན”སོགས་ནི་བསྟན་བྱ་ངེས་མེད་ཡིན་པ་ལྟ་བུའོ། །

(2)སྲང་ལམ་གྱི་མིང་།  བོད་ལྗོངས་སྲང་ལམ།  ཡུན་ནན་སྲང་ལམ།  ཀུའེ་ཀྲོའུ་སྲང་ལམ།  ཀུང་ཞི་སྲང་ལམ།  ཀྲེ་ཅིང་སྲང་ལམ།  ཧྲན་ཏོང་སྲང་ལམ།  སི་ཁྲོན་སྲང་ལམ།

གོང་གི་དཔེ་བརྗོད་འདི་དག་ནི་ཧྲང་ཧེ་ཧུང་ཕུ(上海黄浦区)ས་ཆའི་སྲང་ལམ་འགའ་ཞིག་གི་མིང་ཡིན་པ་དང་།  དེའང་འདི་ནས།  ཞིང་ཆེན་དེ་དག་གི་མིང་རེ་ཞིག་གཡར་ནས་ཧྲང་ཧེ་ས་ཆའི་སྲང་ལམ་གང་འབོད་བྱེད་དམ་ངེས་འཛིན་བྱེད་ཀྱི་མིང་དུ་བཏགས་པ་ཡིན་པས།  དེའི་བསྟན་བྱ་ནི་སྲང་ལམ་དེ་འབའ་ཞིག་ཡིན་པ་ལས་མ་གཞིའི་ས་ཆ་དང་འབྲེལ་བ་ཅི་ཡང་མེད།  གལ་སྲིད་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བར་བྱས་ཚེ།  སྲང་ལམ་གང་དེའི་མིང་དུ་མི་ཐོགས་པར་མ་ཟད།  དོན་ཡང་གཞན་ཞིག་སྟོན་སྲིད་དེ།  དཔེར་ན།  “བོད་ལྗོངས་སྲང་ལམ”ལ“བོད་ལྗོངས་ཀྱི་སྲང་ལམ”ཞེས་ཟེར་དུས།  དེས་སྲང་ལམ་དེ་ནི་བོད་ལྗོངས་ས་ཆའི་སྲང་ལམ་ཞིག་ཡིན་པའི་དོན་སྟོན་པ་ལས།  སྲང་ཧེའི་ས་ཆའི་སྲང་ལམ་གང་དེའི་མིང་དུ་མི་ཐོགས་པ་བཞིན་ནོ། །

(3)དངོས་པོ་བྱེ་བྲག་པའི་མིང་།  རེབ་གོང་གོ་རེ།  ཞོན་ཧྭ་ལཱ་ཙི།  ལྷ་ས་ཆང་ནག  ཧུའུ་ཀྲུའུ་ནས་ཆང་།  ལན་གྲུ་དུ་བ།  རྒྱ་གར་ཙོང་རིལ།

དེ་ཡང་མིང་དུ་མ་འདུས་ནས་གྲུབ་པའི་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་ན་རྗེས་གྲུབ་ཀྱི་མིང་ཡིན་པས་ཁྱབ།  ཡིན་ནའང་།  དེའི་གྲུབ་ཆའི་མིང་དག་ནི་ཆེད་སྤྱོད་ཀྱི་མིང་དེའི་སྤྱིའི་བསྟན་བྱའི་དོན་གྱི་གྲུབ་ཆ་ཙམ་ཡིན་པ་མ་གཏོགས་དོན་ལྡོག་པ་སོ་སོ་སྟོན་ཞིང་རང་སྐྱ་འཕེར་བའི་མིང་མ་ཡིན།  དེ་བས་འདིའི་མིང་སྔ་ཕྱི་གཉིས་ནི་དོན་ལྡོག་པ་གཅིག་གི་འབྲེལ་བ་ཡིན་ཏེ།  མིང་སྔ་མ་ནི་མིང་ཕྱི་མའི་དོན་སྟོན་བྱེད་དང་།  མིང་ཕྱི་མའི་དོན་ནི་མིང་སྔ་མའི་བསྟན་བྱ་ཡིན་ནོ། །གལ་སྲིད་མིང་འདིའི་རིགས་ལ་འབྲེལ་སྒྲའི་ཕྲད་སྦྱར་བ་ན།  སྔ་ཕྱི་གཉིས་ནི་དོན་ལྡོག་པ་སོ་སོར་གྱུར་ནས་མ་གཞིའི་དོན་དེ་མི་སྟོན་པར་འགྱུར་རོ། །དཔེར་ན།  “རེབ་གོང་གོ་རེ”ལྟ་བུར་མཚོན་ན།  སྤྱིར་རེབ་གོང་གི་གོ་རེ་མང་པོ་ནས་གོ་རེ་བྱེ་བྲག་པ་ཞིག་ལ“རེབ་གོང་གོ་རེ”ཞེས་མིང་དུ་བཏགས་པ་ཡིན་གྱི།  འབྲེལ་སྒྲའི་ཕྲད་སྦྱར་ནས“རེབ་གོང་གི་གོ་རེ”ཞེས་པར་བསྒྱུར་ཚེ།  མ་གཞིའི“གོ་རེ”བྱེ་བྲག་པ་དེ་མི་སྟོན་པར།  རེབ་གོང་ས་ཆའི་གོ་རེ་ཡིན་ནོ་ཅོག་ཅིག་སྟོན་པ་ལྟ་བུའོ། །དེ་བཞིན“ལྷ་སའི་ཆང་ནག་དང་ཞོན་ཧྭ་ལཱ་ཙི།  ཧུའུ་ཀྲུའུ་ནས་ཆང་།  ལན་གྲུ་དུ་བ།  རྒྱ་གར་ཙོང་རིལ”སོགས་ལའང་འབྲེལ་སྒྲའི་ཕྲད་མ་སྦྱར་ཚེ།  ཡུལ་མིང་གང་དེ་དངོས་པོ་ཞིག་གི་མིང་དུ་བཏགས་ནས་དེའི་བྱེ་བྲག་ཅིག་དམིགས་སུ་སྟོན་པ་དང་།  འབྲེལ་སྒྲའི་ཕྲད་སྦྱར་བ་ན།  ས་ཆ་གང་གི་དངོས་པོ་སྤྱི་ཞིག་སྟོན་པ་ལྟ་བུའོ། །  དེ་བས་ཚད་བཀག་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་གྱི་ཆེད་སྤྱོད་ཀྱི་མིང་དུ་འབྲེལ་སྒྲའི་ཕྲད་ནི་ཅིས་ཀྱང་སྦྱོར་མི་རུང་བར་སྙམ་མོ། །

མཇུག་བསྡུ་བ།

དེ་ཡང་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་རྣམས་ཀྱིས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་འཆད་དུས་སུ།  གཙོ་བོ་རྣམ་དབྱེའི་ཕྲད་ཀྱི་ཐོབ་ཐང་དང་།  རྣམ་དབྱེ་སྦྱར་སའི་མིང་སྔ་ཕྱིའི་བརྡ་དོན་གྱི་འབྲེལ་བ་ཙམ་གླེང་ཡོད་པ་ལས།  མིང་དང་མིང་འཕྲད་པའི་བར་ལ་སྐབས་ཐོག་གང་ནས་འབྲེལ་སྒྲས་མཚམས་སྦྱོར་དགོས་པ་དང་སྐབས་ཐོག་གང་དུ་འབྲེལ་སྒྲ་སྦྱོར་མི་རུང་བ།   འབྲེལ་སྒྲ་སྦྱར་དང་མ་སྦྱར་བས་དོན་དང་ངོ་བོར་ཁྱད་པར་ཅི་འབྱུང་བ་སོགས་བཤད་མེད།  དེ་བས་བོད་ཡིག་གི་ལག་ལེན་ཁྲོད་འབྲེལ་སྒྲ་སྦྱོར་དང་མི་སྦྱོར་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་ཆགས་ཐུབ་མེད་ཅིང་།  འབྲེལ་སྒྲ་སྦྱོར་མི་རུང་བའི་སྐབས་ཐོག་མང་པོ་ཞིག་ཏུའང་མཐའ་གཅིག་ཏུ་འབྲེལ་སྒྲས་མཚམས་སྦྱོར་བཞིན་པའི་གནད་དོན་གང་མང་ཞིག་བྱུང་ཡོད།  རྩོམ་འདིས་དྲངས་པའི“ཀྲུང་གོའི་མི་དམངས་དངུལ་ཁང་།”ཞེས་པ་ནི་འདིའི་མཚོན་བྱེད་ལྟ་བུར་གྱུར་ཡོད།  སྣང་ཚུལ་འདི་ལྟ་བུ་ནི།  ཆེ་ས་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དག་གི་མིང་དང་།  ཆུང་ས་ནས་བོད་ཁུལ་གྱི་ས་གནས་སོ་སོའི་ཟ་ཁང་ཚོང་ཁང་དག་གི་མིང་དུའང་ཁྱབ་ནས་ཡོད་པས།  སྒེར་གྱི་གནད་དོན་ཞིག་ནས་སྤྱི་ཚོགས་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་ནས་ཡོད་དོ། །རྩོམ་འདིས་འབྲེལ་སྒྲའི་ཕྲད་ཀྱི་ནུས་པ་གསུམ་དང་ཆེད་སྤྱོད་ཀྱི་མིང་གི་ཆ་རྐྱེན་བཞི་སྒྲུབ་བྱེད་དུ་བཀོད་དེ།  དེ་ནི་བརྡ་སྤྲོད་ཀྱི་ནོར་འཁྲུལ་གྱི་བཀོལ་སྟངས་ཤིག་ཡིན་པའི་ལྟ་བ་བཏོན་པའི་མུར།  བོད་སྐད་ཀྱི་ཚད་བཀག་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན(定中结构)གྱི་ཆེད་སྤྱོད་ཀྱི་མིང་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་རུང་སྙམ་ཞེས་རིག་ལྡན་དག་ལ་གྲོས་བཏབ་པ་ཡིན་ནོ། །

དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ།“ས་ཁམས་ཆ་འཕྲིན་གཞིར་བྱས་ཏེ་མཚོ་སྔོན་ནང་ཁུལ་གྱི་བོད་ཀྱི་ཡུལ་སྐད་གྲངས་མཛོད་འཛུགས་སྐྲུན”(ཐེབས་རྩའི་ཆོག་མཆན་ཨང་གྲངས།:14ZD102)ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན། དཔྱད་རྩོམ་འབྲི་བའི་གོ་རིམ་ཁྲོད་དུ་དགེ་རྒན་ཆེན་མོ་ཝང་ཧྲུང་ཁྲིན་ལགས་ཀྱིས་བསམ་འཆར་གལ་ཆེན་བཏོན་པར་ཐུགས་རྗེ་ཆེ་ཞུ།

འཇིགས་བྱེད་སྐྱབས། ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་ཁང་གི་འབུམ་རམས་ཞིབ་འཇུག་སློབ་མ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སྐད་བརྡ་རིག་པ།

ཧྲོ་མཱིན་ཡོན།  ཀྲོང་ཧྲན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ།  ཞིབ་འཇུག་གི་ཁ་ཕྱོགས་སྐད་བརྡ་རིག་པ།

1.Thomas E. Payne , Describing Morphsyntax[M],London,Cambridge University Press,2017,P13-19

2.ཐོན་མི་སམ་བྷོ་ཊ་མཆོག་གིས་བརྩམས་པའི་ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ་ནས་དྲངས།

3.ཀརྨ་སི་ཏུ། མུ་ཏིག་ཕྲེང་མཛེས།[M]  ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2003ལོ། P37

4.稻叶正就,《西藏古典文法学》[M],P183

5.ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M]  ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P151

7.དམུ་དགེ་བསམ་གཏན་རྒྱ་མཚོ། བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས།བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ།། [C] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP25

8.སྐལ་བཟང་འགྱུར་མེད། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ། །[C]  ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP14-15

9.དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན།[M]  ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1992ལོ། P32

10.འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན།བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ། །[C]  ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP116-117

11.རྨོག་རུ་གནམ་ལྷ་ཚེ་རིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་རྡོ་རིང་ལས་བྱུང་བའི་ཨི་ལྡན་གྱི་རྣམ་དབྱེའི་དཔྱད་ཞིབ།[J]མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ།2017(4) P60-73

12.周炜,“米拉日巴传”的语言特征及比较[M],北京,中国藏学出版社,2000年,P13-19

13. 申小龙,“字思维”vs“词思维” [J],文化语言学微信公众号,2020年4月4日。

14.周炜,“米拉日巴传”的语言特征及比较[M],北京,中国藏学出版社,2000年,P54-55

15. 完权,说“的”和“的”字结构[M],上海,学林出版社,2018年,P65-75.“自指是单纯的词类转化,语义保持不变,其意义只跟谓词自身的意义有关”。

16.完权,说“的”和“的”字结构[M],上海,学林出版社,2018年,P65-75. “转指是不仅词类转化了,意义也发生明显变化,其意义跟谓词蕴含的对象相关”。

17. ཆེད་སྒྲིག་གླུ་དབྱངས་ཞིག་སྟེ།  འོད་སྡེར་ཞིག་གི་མིང་ལ་འདི་ལྟར་བཏགས་ཡོད་དོ། །

18.བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།

19.བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།

20.བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།

21.陆烁,汉语定中结构中的“的”字句法语义功能[J],中国语文,2017(1),P43-51。

22.完权,说“的”和“的”字结构[M],上海,学林出版社,2018年,P88.

23.刘宁生,汉语汉语偏正结构的认知基础及其在语序类型上的意义[J],中国语文,1995(2),P11-18。

24. Langscker,Ronald(1993),Reference-point Construction.Cognitive Linguistics4(1):1-38

25. བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།