ཐང་གའི་ཆ་ཚད་ཀྱི་དགོས་པ་དམིགས་སུ་བྱས་པའི་དབྱིབས་དང་ཁ་དོག་གི་མཛེས་དཔྱོད་ལྟ་བའི་རིན་ཐང་སྐོར་རོབ་ཙམ་གླེང་བ།

གནད་བསྡུས། དཔྱད་རྩོམ་འདིའི་ནང་བོད་ཀྱི་སྲོལ་རྒྱུན་རི་མོའི་ནང་རྒྱལ་བའི་སྐུ་གཟུགས་འབྲི་བཞེངས་བྱེད་པར་ཐོག་མར་ཐིག་ཡིག་ཚད་ཀྱི་ངེས་པ་རྙེད་དགོས་པ་དང་། དེ་ནས་དེ་ལ་བསྟུན་དགོས་ཚུལ། དེ་བཞིན་དུ་ཐང་གའི་མཛེས་དཔྱོད་ལྟ་བའི་རིན་ཐང་མངོན་པར་བྱེད་པ་ལའང་ཆ་ཚད་གཞུང་དང་། སྒོས་སུ་དབྱིབས་དང་ཁ་དོག་གི་འབྲེལ་བ། འགལ་འདུ་སོགས་ཕྱོགས་ཡོངས་ཀྱི་ཁྱད་ནུས་སམ་ལེགས་ཉེས་སྤང་བླང་གི་གནད་དུ་མ་ཞིག་འཛིན་དགོས་ཚུལ་སྐོར་བརྗོད་འདུག །

གནད་ཚིག མཛེས་ཉམས། ཆ་ཚད། དབྱིབས། ཁ་དོག

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] J20 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-134-15

དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ལྷ་རིས་སྒྱུ་རྩལ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་སེམས་ཅན་ལ་འཚེ་བ་མེད་པའི་ལྟ་བའི་དགོངས་དོན་གཙོ་བོར་གྱུར་པའི་རི་མོའི་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། དེ་ལ་བོད་མིའི་ལོ་རྒྱུས་སྤྱི་དང་ཡུལ་སྲོལ་གོམས་འདྲིས་སུ་གྱུར་བའི་འཚོ་བའི་གནས་སྟངས་དང་ཆ་ལུགས། གཞན་ཡང་གྲུབ་མཐའི་བྱུང་རིམ་ཁག་དང་སྐྱེས་ཆེན་དམ་པ་དག་གི་མཛད་འཕྲིན་གྱི་རྣམ་ཐར་དང་རྟོགས་བརྗོད། གསོ་རིག་རྒྱུད་བཞིའི་ཁྲོད་ཀྱི་ཕུང་པོའི་གྲུབ་སྟངས་དང་ལག་ཐབས་ཀྱི་ལྟ་གྲུབ། དུས་བཞིའི་ཁྱད་འགྱུར་གྱི་གནམ་རིག་སྐར་རྩིས་ལ་སོགས་པ་མཐའ་གཅིག་ཏུ་བློས་བསླངས་ཀྱི་ཚུལ་ལ་འགོད་པར་ནུས་ཤིང་། གཞན་ཡིད་ཀྱིས་དཔོག་པར་དཀའ་ཞིང་འགོངས་པར་མི་ནུས་པ་བོད་རང་གི་རིག་གནས་ཀུན་གྱི་ཉིང་བཅུད་ཐམས་ཅད་ཡུག་གཅིག་ཏུ་འདུས་པའི་རི་མོའི་སྒྱུ་རྩལ་གཞན་དང་མི་འདྲ་བར་རང་རྐྱ་ཐུབ་པ་ཞིག་ཏུ་གྲུབ་ཡོད།

ཐང་གའི་སྒྱུ་རྩལ་བརྩམས་ཆོས་ནི་ལོ་རྒྱུས་ཀྱི་བྱུང་བ་དང་འབྲེལ་བའི་མི་སྣ་འགོད་སྟངས་དང་། ཆོས་ལུགས་ལྟ་གྲུབ་ཀྱི་རྩ་བའི་དགོངས་གཞི་དང་གྲུབ་མཐའི་ལུགས་སུ་ཕྱེས་པའི་སྒྲུབ་ཐབས་ཀྱི་ལྷ་སྐུའི་བཀོད་པ་སོགས་མི་འདྲ་བ་ཡོད་པ་མ་ཟད། སྒྱུ་རྩལ་བརྩམས་ཆོས་གང་ཞིག་བཞེངས་པའི་སྔོན་འགྲོའི་ཆོ་ག་ལ་ལུས་སེམས་ཀྱི་ཁམས་ཀུན་ནག་ནོག་གི་དྲི་མ་དང་བྲལ་ཞིང་བྱི་དོར་གཙང་སེལ་གྱི་ཀུན་སློང་སྒོ་ཀུན་ནས་བསླངས་བར་བྱས་ཏེ། ལྷ་སྐུའམ་རྒྱལ་བའི་སྐུ་གཟུགས་ཀྱི་བཀོད་པ་མགོ་སྐྱ་རིས་ནས་མཇུག་ཞིབ་ཚགས་ཀྱི་བར་དུ་འབྲི་བཞེངས་བྱེད་པ་ནི་བཟོ་བོ་དག་གི་སེམས་ཀྱི་ངོ་བོ་དང་བག་ཆགས་སུ་གྲུབ་པ་ཞིག་གོ །

དང་པོ། ཐང་གའི་ཆ་ཚད་དང་དབྱིབས། ཁ་དོག་བཅས་ཀྱི་འབྲེལ་བ་སྤྱིར་བཤད་པ།

ཐང་གའི་སྒྱུ་རྩལ་ནི་བོད་མིའི་དད་འདུན་གྱི་སྙིང་སྟོབས་དང་བློ་གྲོས་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པར་བརྟེན། དབྱིབས་དང་ཁ་དོག །འབྲི་ཐབས། ནང་དོན་སོགས་ཀྱང་རང་རྐྱ་འཕེར་ཞིང་བོད་མིའི་སེམས་ཁམས་ཀྱི་མཛེས་དཔྱོད་ལྟ་བ་དང་བསམ་བློའི་འཁྱེར་ཕྱོགས། ཆོས་ལུགས་དད་མོས་སོགས་དང་མཐུན་པས། རི་མོའི་སྒྱུ་རྩལ་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་ཏུ་སྣང་། 

བོད་ཀྱི་སྲོལ་རྒྱུན་རི་མོ་ནི་ཡིད་འོང་གི་རྣམ་པ་ཕྱི་རུ་མངོན་པ་གཙོ་བོར་བཟུང་བ་ཞིག་ཡིན་སྟབས། ཇི་སྐད་དུ།“ཚོན་མདངས་ཉམས་འགྱུར་མེད་གྱུར་ན། །མཛེས་མས་གོས་ཧྲུལ་གྱོན་པ་བཞིན། །མཛེས་པའི་ཉམས་འགྱུར་བསྒྲིབས་པ་ཡིན། །སྐྱ་རིས་ཁུངས་ལུང་མེད་པ་ན། །ཚོན་མདངས་ལེགས་ཀྱང་ཅི་ལ་ཕན། །རྒན་མོ་རྒྱན་གྱིས་སྤྲས་ཀྱང་རུང་། །ཀུན་གྱི་སེམས་པ་ག་ལ་ཤོར། །”[1]ཞེས་གསུངས་པ་བཞིན་ཐང་གའི་བརྩམས་ཆོས་ཀྱི་ཉམས་འགྱུར་མངོན་པར་བྱེད་པ་ལ་ཡང་དག་ཐིག་གི་ཚད་དང་། དབྱིབས། ཁ་དོག་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པས། ཚད་ཀྱིས་རི་མོའི་དབྱིབས་གཟུགས་ཀྱི་རྣམ་པའམ་ཆགས་གྲུབ་མཛེས་དཔྱོད་ལ་གཞོགས་འདེགས་དང་། ཁ་དོག་གིས་དབྱིབས་ཀྱི་རྣམ་པར་བསྟུན་ཏེ་དབྱེ་བར་བྱེད་པའམ་མཛེས་པར་སྤུད་པ་སོགས་ནི་གལ་ཆེ་ལ། དེ་ལས་ལྡོག་སྟེ་ཐིག་གི་རྩ་བ་བཏབ་ཀྱང་དབྱིབས་ཀྱི་རྣམ་པ་མི་ལོན་པ། དབྱིབས་ཀྱི་བཀོད་པ་ལེགས་ཀྱང་ཚོན་སྦྱོར་མདངས་ཀྱིས་ནོག་ཅིང་མི་སྡུག་པ། བཀོད་པ་བར་སྟོང་མེད་པར་ཚུབ་ཀྱང་འཚེམས་པར་སྣང་བ། དེ་མིན་ཚོན་སྦྱོར་སྣུམ་བརྗིད་བཀྲག་ཀྱང་གསེར་རིས་བཅད་ཀྱིས་འགབ་པར་བྱེད་པ་སོགས་མཛེས་དཔྱོད་ཀྱི་བློ་མིག་གཡེང་བར་བྱས་ཏེ་ཚད་དང་དབྱིབས། ཁ་དོག་སོགས་ཀྱི་ཉམས་དང་ཁྱད་ནུས་ཀྱི་ཡོན་ཏན་སོགས་དོར་བའམ་གཅིག་གིས་གཅིག་མི་མངོན་པ་དང་། གབ་པར་བྱེད་པ་བཅས་ནི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་བོར་ཏེ་ལག་ཤེས་བཟོ་རྩལ་ཅན་གྱི་རྣམ་པར་འགྲོ་བའི་སྣང་ཚུལ་ཞིག་ཡིན་གཤིས། ཐང་གའི་སྒྱུ་རྩལ་ལ་འཇུག་པའི་ལས་དང་པོ་བའམ་བློ་ཉེ་བ་དག་གིས་སྤང་བླང་དབྱེ་འབྱེད་ཀྱི་སྒོ་ནས་ཆ་ཚད་ཐིག་གི་དགོས་པ་གཙོ་བོར་བྱས་པའི་དབྱིབས་དང་ཁ་དོག་གི་འབྲེལ་བ། ཁྱད་ཆོས་སོགས་དམིགས་སུ་བཟུང་སྟེ་འབྲི་བཞེངས་བྱེད་རྒྱུ་ནི་ཧ་ཅང་གནད་ཆེ་ཞིང་སྒྱུ་རྩལ་ཚོར་བའི་ཉམས་འགྱུར་དང་རིན་ཐང་མངོན་པར་བྱེད་པ་ལའང་ཤིན་ཏུ་གལ་འགངས་ཆེ་བ་ཞིག་གོ།

གཉིས་པ། ཡང་དག་ཚད་ཀྱི་དགོས་པའམ་ཕན་ནུས།

དེ་ཡང་རྒྱལ་བའི་སྐུ་བརྙན་ནམ་བླ་མ་ཡི་དམ་སངས་རྒྱས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་སྐུའི་བཀོད་པ་བཞེངས་བསྐྲུན་བྱ་བར་ཐོག་མར་རས་གཞིའི་ཚད་དང་བསྟུན་ཏེ་མདོ་རྒྱུད་ཀྱི་དགོངས་པ་དང་། རྩ་བའི་མན་ངག་གི་ཐིག་རྩའི་རྒྱུད་དག་དང་མ་འགལ་བར་སྐུ་བརྙན་ཆེ་ཆུང་གི་ཚད་འགོད་པར་བྱེད་པ་ནི་ཐང་གའི་བརྩམས་ཆོས་ཀྱི་མཛེས་པ་ཅིག་ཅར་དུ་མངོན་པའི་གནད་ཡིན་ལ། གཞན་མཆོད་པའི་གཙོ་ལྷ་གཞིར་བྱས་པའི་རས་གཞིའི་བར་སྟོང་གི་ཆ་ཀུན་ལ་ལྷ་སྐུའི་འཁོར་མགྲོན་རྣམས་ཇི་ལྟར་འགོད་ཚུལ། སྤྲིན་པ་དང་མཆོད་ལྷའི་སྟངས་སྟབས་ཀྱི་མཛེས་པ་མངོན་པར་འཁྲིགས་པའི་ནམ་མཁའ། སྤང་རི་དང་རྩི་ཤིང་མེ་ཏོག་སོགས་ཀྱི་མཛེས་པ་མངོན་པར་གྲོལ་བའི་ས་འཛིན། དེ་མིན་མཆོད་སྦྱིན་གྱིས་གར་སྟབས་རྩེན་ཞིང་རླབས་ཕྲེང་གི་ཟེགས་མ་འཕྱོ་བའི་ཆུ་རྒྱུན་གྱི་མཛེས་པ་བཅས་བསམ་པའི་འཆར་སྒོ་ལས་འཁྲུངས་པའི་ཡུལ་ལྗོངས་ཀྱི་བཀོད་པ་དག་རས་གཞིའི་དཀྱིལ་འཁོར་གྱི་དཔལ་ལ་ཇི་ལྟར་འཆར་འགོད་བྱ་རྒྱུའི་ཚད་ནི་སྒྱུ་རྩལ་བརྩམས་ཆོས་རྩོམ་པར་བྱེད་པའི་ཆེས་ཐོག་མའི་མཛེས་དཔྱོད་བསམ་གཞིགས་ཁྲོད་ཀྱི་རྩ་བའི་དམིགས་ཡུལ་དུ་གྱུར་ཡོད། 

ཐང་གའི་སྒྱུ་རྩལ་ནི་རི་མོ་གཞན་དང་མི་འདྲ་བར་སྒྱུ་རྩལ་མཚོན་ཐབས་དང་ནང་དོན་གང་ཅིའི་ཐད་ནས་ཀྱང་བོད་མི་རང་གི་ཁྱད་ཆོས་ལྡན་པས། མི་རིགས་གཞན་དང་རི་མོའི་སྒྱུ་རྩལ་གཞན་གྱི་མཛེས་དཔྱོད་ལྟ་བའི་དགོངས་གཞི་དང་མཐུན་མི་མཐུན་ཅི་རིགས་སུ་སྣང་སྲིད་པ་དང་། ཐིག་རྩ་ཞེས་པ་ནི་ཡིད་ངོར་སྣང་བའི་དངོས་གཟུགས་གང་ཞིག་གི་དབྱིབས་དང་བཀོད་པ་ལ་དཔག་ནས་དེའི་མཐོ་དམན་དང་ཆེ་ཆུང་། དབྱིབས་དང་རྣམ་པ་སོགས་ཇི་ལྟར་ཡོད་པ་དེ་དང་ཆ་འདྲ་སླད་དང་བློར་མཐུན་མིན་གྱི་ཁྱད་ཆོས་མངོན་པར་འདོན་པ་ལ་དམིགས་ནས་བཟོས་པའི་ཚད་གཞིའི་ཐབས་ཤེས་ཤིག་ཡིན་པར་བརྟེན། རི་མོ་གང་ཞིག་འབྲི་ནའང་ཆ་ཚད་ཀྱི་ངོ་བོར་གྲུབ་པའི་ཐིག་རྩ་འདེབས་པ་ནི། བོད་ཀྱི་རི་མོ་ཁོ་ན་ཙམ་མ་ཡིན་པར་ཤར་ཕྱོགས་དང་ནུབ་ཕྱོགས་སོགས་ཀྱི་གནའ་དེང་གི་རི་མོ་གང་རུང་ལ་ཡོངས་ཁྱབ་ཏུ་མངའ་བའི་ཁྱད་ཆོས་ཤིག་ཀྱང་ཡིན།

དེ་ཡང་ཕྱི་གླིང་གི་ནག་རིས་སམ་བབ་ཆགས་རི་མོ་(素描画)[2]དང་། སྣུམ་ཚོན་རི་མོ་སོགས་ཀྱི་ཆེས་ཐོག་མའི་དབྱིབས་འདོན་སྟངས་ཀྱང་བོད་ཀྱི་རི་མོ་དང་ཆ་འདྲ་བར། ཐིག་རྩ་གྲུ་བཞི་སོགས་ཀྱི་རྩ་བའི་རྨང་གཞི་ལ་རིས་སྒོར་སྒོར་དང་འཇོང་འཇོང་བྲིས་ནས་དབྱིབས་དང་རྣམ་པ་འདོན་པ། དེ་ནས་རིམ་བཞིན་ཡན་ལག་གི་བཟོ་དབྱིབས་འཐུས་ཚང་ཅན་དང་ཚད་ལྡན་ཅན་དུ་བསྐྲུན་པ་ནི་སྒྱུ་རྩལ་བརྩམས་ཆོས་གང་ཞིག་ལེགས་པར་འགྲུབ་པ་ལ་དམིགས་པའི་ཐོག་མའི་མཛེས་དཔྱོད་ཀྱི་ཀུན་སློང་དང་སྒྲོམ་གཞི་ལྟ་བུར་ཆགས་ཡོད། ཐིག་རྩ་ནི་རི་མོ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་ཆེས་རྨང་གཞིར་གྱུར་པའི་ཤེས་བྱ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེ་འབྲེལ་གྱི་གསར་རྩོམ་རི་མོ་སོགས་ལའང་མཁོ་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན། རི་མོའི་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་མཁན་གྱི་ལས་དང་པོ་བ་ཞིག་ལ་མཚོན་ན་ཐིག་རྩ་ནི་བྲི་བྱའི་རི་མོའི་དབྱིབས་དང་རྣམ་པའམ། ཚུགས་དང་ཉམས་འགྱུར། ལྷག་པར་དུ་དེ་དག་གི་ཆེ་ཆུང་དང་རིང་ཐུང་སོགས་ལ་གོ་འཛོལ་མི་ཤོར་བའི་ཚད་གཞི་དང་འཁྲུལ་སེལ་ལ་དམིགས་པའི་ཐབས་མཆོག་ཅིག་ཡིན་སྟབས། རི་མོ་ལ་མངའ་བརྙེས་པའི་སྔོན་བྱོན་གོང་མ་རྣམས་ཀྱིས་དེ་ལ་དོ་སྣང་ཆེན་པོ་གནང་གི་ཡོད།

སྤྱིར་སྐུ་བརྙན་བྲིས་འབུར་གང་ཞིག་བཞེངས་བསྐྲུན་བྱས་རུང་། ཐིག་རྩའི་ཚད་གཞི་དང་བསྟུན་པར་རིགས་པ་ཞིག་ཡིན་མོད། ཐིག་རྩ་རང་ངོས་ནས་མཛེས་པ་དང་རིང་ཐུང་སོགས་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མངོན་ཐབས་བྲལ་བ་ཞིག་ཡིན་སྟབས། 《བེཻ་ཌཱུརྱ་དཀར་པོ》ལས། “བི་ཤྭ་སྟེ་བཟོ་བོ་དང་ཀརྨ་ལས་ཀྱི་སྟོན་པར་ལུང་བསྟན་ཞིང་དེས་འཁོར་ལོས་སྒྱུར་བའི་ཚད་གཙོ་བོར་བྱས་དེ་ཚད་དང་མི་ལྡན་པའི་ཉེས་པ་དང་ལྡན་པའི་ཕན་ཡོན་བསྟན་ཅིང་། ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །”[3]ཞེས་གསུངས་པ་ཇི་བཞིན་ལྷ་སྐུའི་འགྱུར་བག་གི་གར་སྟབས་དང་ཡིད་འོང་གི་ཞལ་བཞིན་སོགས་ལྷུར་དུ་ལེན་པར་ཐབས་གང་ལ་བརྟེན་པ། ཐབས་དེ་ཕྱིན་ཅི་མ་ལོག་པར་ལག་ལེན་དུ་ཇི་ལྟར་བསྟར་བ་སོགས་ཀྱི་ཚུལ་སྲོང་པོར་བརྗོད་ཡོད་པ་དང་། བཟོ་བོས་ཀྱང་སྐུ་བརྙན་བྲིས་འབུར་གྱི་མཛེས་པའི་ལེགས་ཚོགས་ཀུན་མངོན་པར་འདོན་པ་ལ་ཡང་དག་ཐིག་རྩའི་ཚད་དང་བསྟུན་དགོས་པ་ཡིན་གྱི། དེ་ཡང་ཐིག་འདེབས་པར་བྱས་ཀྱང་བྲི་བྱའི་སྐུ་བརྙན་གྱི་བཀོད་པའི་ཉམས་འགྱུར་ཐ་དག་ཐིག་རྩའི་སྒྲོམ་གཞིའི་སྤྱི་ཁོག་གིས་ཐད་ཀར་གྲུབ་པ་ཞིག་མ་ཡིན་པར་བརྟེན། ཚད་དེ་དང་བསྡུར་ཏེ་བཟོ་བོ་རང་ཉིད་ཀྱིས་ལེགས་པར་བརྟགས་ནས་ཁ་ཅིག་དང་བསྟུན་པ་དང་། ཁ་ཅིག་ལས་འབུར་བ་དང་རྐུམས་པ་སོགས་སྤང་བླང་གི་གནད་དེ་དག་ལ་བྱང་བ་དང་ངེས་ཤེས་འདྲོངས་ཐུབ་པ་དགོས་ལ། བཀོད་པའི་མཛེས་པ་ལ་མ་དམིགས་པར་ཆ་ཚད་རྒྱ་གྲམ་ལྟར་བསྟར་བ་ནི་དགོས་པ་ཆེར་མ་མཆིས་ཤིང་། རི་མོར་འཇུག་པའི་ལས་དང་པོ་བ་རྣམས་ཀྱང་བློ་རྨོངས་བ་ཉིད་དུ་ཟད་པས་ཐབས་ཤེས་ཟུང་དུ་འབྲེལ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །གཞན་ཡང་བོད་ཀྱི་སྲོལ་རྒྱུན་རི་མོའི་ལག་ལེན་དངོས་སམ་འབྲི་རྩལ་གོ་རིམ་གྱི་གནད་དག་ལ་སློབ་སྦྱོང་དང་ཉམས་མྱོང་ཡེ་ནས་མེད་པར། རི་མོ་དང་འབྲེལ་བའི་ལོ་ཚིགས་དང་གཞུང་ཚིག་གྱོང་པོ་འབའ་ཞིག་རྡོ་ཆག་བཙན་བསྒྲིགས་བྱེད་པ་དང་གཞན་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས། ཁ་ཅིག་གིས་ཐིག་རྩ་མི་དགོས་ཞེས་པ་དང་། ཐིག་རྩས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཀྱི་འཕེལ་རྒྱས་གོ་རིམ་དང་སྒྱུ་རྩལ་གསར་རྩོམ་གྱི་ཚོར་ཤེས་མོས་པ་ལ་བཀག་རྒྱ་ཐེབས་ཚུལ་སོགས་བརྗོད་མཁན་མང་དུ་མཆིས་མོད། དེ་ལྟའི་ལྟ་བའི་དགོངས་གཞི་ནི་རི་མོ་དངོས་ལ་མ་འཇུག་པའི་འབྲས་རྟགས་སུ་ཟད་དོ།།

ཡང་《ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ》ཏུ། “དུས་འཁོར་ལས་གསུངས་པའི་མིའི་ཆ་ཚད་ནི་ཉན་ཐོས་ལ་འོས་ཀྱང་ལྷའི་ཆ་ཚད་གྲལ་དུ་བསྡུ་བར་མ་མཛད་ཅིང་། རང་རྒྱལ་གཙུག་ཏོར་སོགས་ཀྱིས་འཕགས་པས་ཐལ་མོ་དགུ་པར་བཞེད་པ་དང་། སོ་སོའི་འདྲ་འབག་རྣམས་ནི་ཆ་ཚད་དང་། །མཐུན་པར་མི་དགོས་རང་རང་དབྱིབས་བཞིན་བྱ། །བཟོ་ཉེས་འགོག་ཕྱིར་ཆ་ཚད་མཛད་པ་སྟེ། །སྐྱེས་བུ་དམ་པས་མཛད་ཅིང་བཟོ་གནད་ཀྱི། །འཕྲུལ་ལ་ལེགས་པར་བྱང་ན་ངེས་པ་མེད། །”[4]ཅེས་དང་། གཞན་ཡང་། 《རྒྱལ་བའི་སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས》ཞེས་བྱ་བར། “ཤཱ་རིའི་བུས་ཞུས་པའི་མདོར་གྲགས་པ། བལ་པོའི་དཔེ་ལས་བསྒྱུར་ངེས་པ་ཕྱིས་འགྱུར་འདི་ལས་ཀྱང་། ཕལ་ཆེར་དུས་འཁོར་གྱི་འདི་དང་མཐུན་པར་གསུངས་ལ། ཀྲི་ཡ་ས་མུཙྩར་ཡང་མདོ་འདིའི་ལུང་ཅི་རིགས་པ་དྲངས་སོ། །ཤཱ་རིའི་བུས་ཞུས་པའི་མདོ་སྔ་འགྱུར་དུ་གྲགས་པ་དང་དྲང་སྲོང་རྒྱུན་ཤེས་བུའི་བསྟན་བཅོས་སུ་གྲགས་པ་སོགས། སྔོན་དར་པ་རྣམས་ཀྱང་དུས་འཁོར་སྡོམ་འབྱུང་གཉིས་ལས་འབྱུང་བ་དང་ཕལ་ཆེར་མཐུན་ལ་ཅུང་ཟད་མི་མཐུན་པ་ཕྲ་མོ་ཡོད་པ་ལ། ཕྱིས་ཀྱི་མཁས་པར་གྲགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འགོག་པར་བྱེད་དོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་རྣམས་ཐམས་ཅད་པ་ཡིན་པའི་ཕྱིར། ཚད་གཅིག་ཁོ་ནར་ངེས་པའང་དཀའ་ལ། དེ་དག་རྒྱ་གར་ནས་བསྒྱུར་བ་མིན་ཡང་བླ་སྟེ། ཚད་ཀྱི་དབྱེ་བ་དེ་དག་ལ་བརྟེན་ནས་ཀྱང་། བཟོ་ཉེས་འགོག་ནུས་ཤིང་། ཕྱོགས་འདིར་སྔོན་གྱི་དུས་བསྟན་པ་དང་འགྲོ་ཕན་གྱི་བྱ་བ་རྒྱ་ཆེར་བྱས་པའི་ཕྱིར། རྒྱལ་བའི་ཐུགས་རྗེའི་འཇུག་པར་ངེས་པས། གཞུང་ལུགས་དེ་དག་སྨོད་ཅིང་འགོག་པར་བྱེད་པ་ཡང་དགོས་པ་ཤིན་ཏུ་ཆུང་སྟེ། བཏང་སྙོམས་སུ་བཞག་ན་ལེགས་སོ། །འདིར་སྨྲས་པ། བཟོ་ཡི་གནས་དང་སྨན་གྱི་སྦྱོར་བ་དང་། །སྔགས་ཀྱི་ཆོ་ག་ཆོས་ཉིད་ཟབ་མོ་སྟེ། །འདི་དག་རྟོག་གེའི་རིགས་པས་བརྟག་བྱ་མིན། །བདག་ཉིད་སྒྲོག་དང་ང་རྒྱལ་སྤང་བར་རིགས། །”[5]ཞེས་གསུངས་པ་ནང་བཞིན་ཐུབ་བསྟན་གྱི་དགོངས་པ་ཟབ་མོ་འདི་ཇི་ལྟ་བ་བཞིན་དར་བ་ལ། རྟེན་དང་བརྟེན་པའི་བཞེངས་བསྐྲུན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་མ་འབྲེལ་པ་མེད་ལ། དེ་ཡང་འགྲོ་ཕན་གྱི་བྱ་བ་རྒྱ་ཆེར་སྤེལ་བ་དང་རྒྱལ་བའི་ཐུགས་རྗེའི་འཇུག་པར་ངེས་པ་ལ་སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་བརྙན་མཚན་དཔེ་འབར་བ་དང་ལྟ་བས་ཆོག་མི་ཤེས་པ་བཞེངས་པ། དེ་བཞེངས་པར་བརྩོན་པ་ལ། བཟོ་བོ་གང་ཞིག་ཡིན་ཡང་ཐོག་མར་བཟོ་ལ་འཇུག་བདེ་ཞིང་བློ་ལ་ངེས་པའམ་ལག་ལ་བྱང་བར་བྱེད་པ། མཛེས་པ་ལྷུར་ལེན་པ་སོགས་ཀྱི་སླད་དུ་ཐིག་གི་རྩ་བ་གདབ་སྟེ། རིང་ཐུང་དང་ཆེ་ཆུང་ལས་འཕྲོས་སའི་དབྱིབས་དང་རྣམ་པའི་ཆ་མ་དག་པ་ཡོངས་སུ་རྫོགས་པ་ལེགས་པར་སྤོངས་བའམ་བཀྲི་བ་དང་སྐྱོན་ཀྱི་མ་འགོས་པ་སོགས་བྱས་ཏེ་བཟོ་ཉེས་འགོག་པར་བྱས་ཤིང་། དེ་ལའང་རང་རྒྱལ་སངས་རྒྱས་དང་བྱང་སེམས་ཀྱི་རྣམ་པ་ལ། གྲངས་ཀྱི་ངེས་པ་མ་རྙེད་པ་ཡིན་ཕྱིན་ཚད་གཅིག་ཁོ་ནར་ངེས་པའང་དཀའ་ལ་ཞེས་གསུངས་པ་བཞིན་དང་། དེ་མིན་བོད་ཀྱི་སྲོལ་རྒྱུན་རི་མོ་སློབ་སྦྱོང་བྱེད་པའི་ཐོག་མའི་སྔོན་འགྲོ་ལ། རི་མོའི་ཚུགས་དང་ཉམས་སོགས་ལེགས་པར་འདོན་པ་དང་འབྲི་བར་གོམས་པའི་ཆེད་དུ་ཐིག་གི་རྩ་བའི་ཐབས་དམ་པ་འདི་ཉིད་ལ་བརྟེན་དགོས་པ་དང་། དེ་ནས་རིམ་བཞིན་ཚད་ཀྱི་ངེས་པ་ལོན་ཏེ་ཡང་དག་པར་རི་མོའི་འབྲི་རྩལ་ལ་བྱང་ཆུབ་པར་བྱས་ན་ལོག་ལམ་དུ་མི་འགྲོ་ཞིང་། གང་འབྲི་བར་དངོས་སུ་ཚད་མ་འཇལ་ཡང་བློ་ལ་ངེས་པ་དང་། ལག་ལ་བྱང་བ། མིག་གིས་འཇལ་ཤེས་སོགས་ཀྱི་ཚོར་འདུ་ལས་དངོས་གཟུགས་གང་ལའང་མན་ངག་གི་ཐིག་དྲངས་ཏེ་བྲིས་ཀྱང་། ཚུགས་དང་རྣམ་པའི་ཉམས་འགྱུར་སོགས་བློའི་རང་ངོ་དང་མཐུན་པའི་མཛེས་པ་ཅིག་ཅར་དུ་མངོན་པ་ནི་ཐིག་རྩའི་དགོས་པ་དང་ཁྱད་ཆོས་ཡིན་ལ། དེ་ཡང་ཐོག་མ་ཉིད་ནས་ཐིག་གི་རྩ་བ་དོར་ནས་རང་བློ་དྲན་སྣང་གི་ངོ་བོར་གྱུར་བ་གང་ཞིག་གཟུགས་སུ་འགོད་པར་བྱེད་པ་ནི་སུས་ཀྱང་མི་ནུས་ཤིང་། གལ་ཏེ་གཟུགས་སུ་བསྐྲུན་ཀྱང་སྐྱེ་བོ་ཐུན་མོང་གི་ཆུ་བུར་མིག་གིས་ཟིན་པའི་ཡང་དག་མཛེས་པའི་ཚད་དང་མི་ལྡན་ཞིང་། བློ་ངོར་མི་མཐུན་པ་སོགས་སྐྱོན་དུ་མས་གབ་པ་དང་སྦྲུས་པ་སོགས་བྱུང་ན། བློའི་མོས་པ་དང་དག་སྣང་གི་བློ་འཇིགས་ཤིང་སྒོ་ཀུན་ཡང་འགོག་པར་ནུས་པས་མི་ཕྱེད་པའི་དད་པ་མི་སྐྱེས་ཤིང་ཐང་གའི་མཛེས་དཔྱོད་ཀྱི་ངོ་བོར་གྲུབ་པའི་ཕྱིའི་རྣམ་པ་དང་སྙིང་པོ་སོགས་ཀྱི་ཁྱད་ཆོས་ཀྱང་ཀུན་ནས་བོར་སྲིད་དོ། །

གསུམ་པ། སྟངས་སྟབས་དབྱིབས་ཀྱི་འགྱུར་བག་དང་ཁྱད་པར།

སྤྱིར་རང་བྱུང་གི་བྱ་དངོས་དང་ལྗོངས་རྣམ། མི་སྣ་སོགས་མཐོང་ཐོས་དྲན་རེག་གི་ཡིད་སྣང་དུ་གྱུར་བ་གང་ཞིག་རི་མོའི་གཟུགས་ལ་འགོད་པར་བྱེད་པ་ནི་དེ་ལྟའི་ལས་སླ་པོ་ཞིག་མིན་པར་དེ་ཡང་རྩོམ་རིག་སྒྱུ་རྩལ་དང་ཆ་འདྲ་བར་མི་སྣའི་གོམས་འདྲིས་སུ་གྱུར་བའི་དམིགས་བསལ་གྱི་ཉམས་དང་འགྱུར་བའི་ཡོན་ཏན། ཁྱད་ཆོས་ཅི་རིགས་ཤིག་གནད་དུ་བཟུང་སྟེ་འགོད་པའམ་གསར་བཞེངས་བྱེད་དགོས་པ་མ་ཟད། སྒེག་པ་དང་དཔའ་བ། མི་སྡུག་པ་སྟེ་ལུས་ཀྱི་ཉམས་གསུམ་དང་། དྲག་ཤུལ་དང་བཞད་གད། འཇིགས་རུང་སྟེ་ངག་གི་ཉམས་གསུམ། སྙིང་རྗེ་དང་རྔམ་པ། ཞི་བ་སྟེ་ཡིད་ཀྱི་ཉམས་གསུམ་སྟེ། དེའང་སྐུ་ཡི་བཀོད་པ་ལེགས་ཤིང་གསོན་ཉམས་ལྡན་ན་ངག་གི་སྐྱེ་གནས་ལས་ངག་ཉམས་ཀྱང་། ཞལ་གདང་ཆེ་ཆུང་གི་ཉམས་འགྱུར་མངོན་པའི་གཟུགས་སོགས་ཀྱིས་དྲག་ཤུལ་དང་བཞད་གད་སོགས་ངག་གི་ཡོན་ཏན་མཚོན་པར་བྱེད་ངེས་ལ། ལུས་ངག་གཉིས་ཀྱི་ཉམས་མངོན་སུམ་ཇི་བཞིན་འགོད་པར་རིགས་ན་ཕྱི་མ་ཡིད་ཀྱི་ཉམས་ཀྱང་དཔོག་པར་བྱེད་པའི་བློ་གང་འཚམ་ཞིག་རྒྱུད་ལ་སྐྱེས་ནུས་པས། མདོར་ན་གདུལ་བྱའི་ཡོན་ཏན་གྱི་དབང་གིས་ཉམས་སྣ་ཚོགས་པའམ་གྲངས་མེད་སྟོན་པ་ཐ་དག་རི་མོའི་གཟུགས་སུ་འགོད་པ་ལ། དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཕྱིར་ལུས་ཀྱི་ཉམས་ལ་མངོན་པའི་ཐུན་མིན་གྱི་ཁྱད་རྟགས་འགའ་དམིགས་སུ་འཛིན་ཤེས་དགོས་པ་མ་ཟད། འབྲི་རྩལ་གྱི་ཚད་དང་ཐིག་གི་བཀོད་པ་སོགས་ལའང་བློ་ངེས་ཤིང་བྱང་བར་བྱེད་པ་ཞིག་ཀྱང་ཡིན་དགོས།

གཅིག ། སྐུ་བརྙན་ཞི་དྲག་གི་བཀོད་པའི་ཉམས་འགྱུར།

ཐང་གའི་སྒྱུ་རྩལ་ནི་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་དགོངས་གཞི་དང་འབྲེལ་བའི་རི་མོའི་འབྲི་རྩལ་ཞིག་ཏུ་གྱུར་ཡོད་པར་བརྟེན། ལྷ་སྐུ་སྤྱིའི་སྣང་བརྙན་གཙོ་བོར་གྱུར་པའི་བླ་མ་དང་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་དང་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་སོགས་ཀྱི་ཞི་དྲག་གི་ཆས་རྣམས་བཟོ་བོ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་གར་དགུའི་ཉམས་དང་ལྡན་པའི་གཟུགས་ལ་འགོད་པར་བྱེད་པ་ཞིག་སྟེ།

དེ་ཡང་། 《ཤེས་བྱ་ཀུན་ཁྱབ》ལས། “སྐུ་གཟུགས་དེ་དག་ཀྱང་སངས་རྒྱས་དང་ལོངས་སྐུ་དང་སྤྲུལ་སྐུ་དག་ལ་མཚན་བཟང་སོ་གཉིས་དང་། དཔེ་བྱད་བརྒྱད་བཅུ་ལས་དངོས་སུ་ཇི་ལྟར་འདྲིར་རུང་བ་ཐམས་ཅད་གསལ་ལ་རྫོགས་པ་དང་། གཤེགས་པ་སོགས་ལ་ཞི་ཞིང་འཛུམ་པའི་མདངས་ཅན། ལྷ་མོ་ཕལ་ཆེར་ཆགས་ཤིང་གཞོན་པའི་ཚུལ། །ཁྲོ་བོ་རྣམས་རྔམ་ཤིང་མི་སྡུག་པ། །རོལ་པའི་ཁྲོ་བོ་སོགས་ཁྲོ་འཛུམ་སྒེག་པའི་ཉམས་ཅན། གཞན་ཡང་གར་གྱི་ཉམས་དགུ་དང་ལྡན་པ་ཞེས་འབྱུང་བ་ལྟར། རྒྱན་དང་མདངས་ཀྱིས་སྒེག་པ་དང་། འགྱིང་ལ་རོལ་བའི་དཔའ་བ་དང་། སྤྱན་ལོག་ཁྲོ་གཉེར་གྱིས་མི་སྡུག་པ་དང་། འཛུམ་ཞིང་ཧ་ཧའི་སྒྲས་དགོད་པ་དང་། ཧི་ཧི་དང་ཧཱུྃ་ཕཊ་སྒྲོག་པས་དྲག་ཤུལ་དང་ལྡན་པ་དང་། སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱར་གདེངས་ཀྱིས་འཇིགས་སུ་རུང་བ་དང་། སྤྱན་དམར་ཟིམ་ཟིམ་དང་གཞོན་ཤས་སྙིང་རྗེ་དང་། ཞལ་གདངས་རྐན་རྡེབ་པས་རྔམ་པ་དང་། མཉེན་ལྕུག་འཇམ་པའི་མིག་སྣ་རྩེར་བལྟས་པས་ཞི་བ་སྟེ། དེ་ལྟའི་གར་གྱི་ཉམས་དགུ་ལས་བཟོ་བོས་བསྒྲུབ་ཏུ་རུང་བ་རྣམས་དང་ལྡན་པར་བྱའོ། །གཞན་ཡང་། ཞལ་གྱི་དབྱིབས་ནི་རྣམ་པ་བཞི། །སྐྱེས་བུ་ཆེ་དང་ལྷ་མོ་ཡི། །ཁྱིམ་བྱའི་སྒོ་ང་ཏིལ་གྱི་དབྱིབས། །ཞེས་དང་། ཁྲོ་བོ་རྣམས་ཀྱི་རྣམ་འགྱུར་དབྱིབས། །ཟླུམ་པོ་དག་དང་གྲུ་བཞི་སྟེ། །ཞེས་གསུངས་པ་ལྟར་ཞལ་དབྱིབས་ཐ་དད་པ་དང་། སངས་རྒྱས་མཉམ་གཞག་སྤྱན་ནི་གཞུ་ཡི་དབྱིབས། །མགྲོན་བུ་ནི་པདྨ་འདབ་མའི་དབྱིབས། །ཨུཏྤལ་འདྲ་བ་ཞི་མ་ཁྲོ་ཡི་སྤྱན། །ལྷ་མོ་ཞི་བའི་སྤྱན་ནི་ཉ་ལྟོ་འདྲ། །གཡེམས་མའི་མིག་ནི་འོད་མའི་གཞུ་འདྲ་སྟེ། །ཤིན་ཏུ་ཁྲོས་སྤྱན་ཟླུམ་དང་གྲུ་བཞིའོ། །”[6]ཞེས་དང་། གཞན་ཡང་། 《སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ》ལས། “སྤྱིར་ཞལ་གྱི་ཕྱི་དབྱིབས་བཞིར་བཤད་དེ། ཨ་འབྲས་ལྟ་བུར་ཟླུམ་པོ། བ་ཡིག་ལྟ་བུ་གྲུ་བཞིའི་ཉམས་ཅན། ཏིལ་དབྱིབས་ལྟ་བུ་ཟླུམ་པོ་སྨད་ཅུང་ཕྲ་བ། ཁྱིམ་བྱའི་སྒོ་ང་ལྟ་བུ་ཟླུམ་པོ་ནར་སྟབས་ཅན་བཞི་པོ་དེ་ལས། གྲུ་བཞི་དང་ཟླུམ་པོ། ཁྲོ་བོའི་ཞལ་གྱི་ཕྱི་དབྱིབས་ཏེ། ཁྲོ་བོ་རྣམས་དང་ཡི་དྭགས་འབྱུང་པོ་ཤ་ཟ་སོགས་དཔའ་ཞིང་ཁྲོ་ལ་འཇིགས་ཤིང་མི་སྡུག་པའི་ཞལ་རས་ཅན་ལ་བྱའོ། །ཁྱད་པར་དུ་གྲུ་བཞི་ནི་ཁྲོ་བོ་ལ་མཛེས་སོ། །ཏིལ་དང་སྒོང་དབྱིབས་གཉིས་ནི་སྐྱེས་བུ་ཆེན་པོ་དང་། ལྷ་མོ་རྣམས་ཀྱི་ཞལ་དབྱིབས་ཏེ་སྒེག་ཆགས་ཀྱི་ཉམས་ཅན་མཛེས་ཤིང་ལྟ་ན་སྡུག་པའི་ཞལ་ཅན་ལ་སྦྱར་བ་ཡིན་ཏེ། ཁྱད་པར་དུ་སྒེག་ཉམས་ནི་ཏིལ་དབྱིབས་ལ་བྱའོ། །[7]”ཞེས་གསུངས་པ་བཞིན་ལྷ་སྐུའི་ཉམས་དང་འགྱུར་བའི་སྟངས་སྟབས་འགོད་པ་ལ་ཞི་ཁྲོའི་རིགས་སུ་ཕྱེས་པའི་རྒྱལ་བའི་སྐུ་གཟུགས་ཆགས་བྲལ་རབ་བྱུང་གི་རྣམ་པ་དང་། འཁོར་ལོས་བསྒྱུར་བའི་ཆ་བྱད་ལོངས་སྐུའི་རྣམ་པ་སོགས་སོ་སོའི་ཆོས་གོས་རིན་ཆེན་རྒྱན་བརྒྱད་དང་དར་གོས་གཉིས། ཕྱག་རྒྱ་དུར་ཁྲོད་དཔལ་ཆོས་བརྒྱད་སོགས་གར་སྟབས་ཀྱི་འགྱུར་བའི་གནད་ཀུན་ནས་བཟུང་སྟེ། ཡང་དག་ཚད་ལ་བསྟུན་ནས་སྒེག་པ་དང་དཔའ་བ། མི་སྡུག་པ། བཞད་གད་འཇིགས་རུང་སོགས་ཞལ་ཁྱིམ་གྱི་འགྱུར་བ་གཙོ་བོར་གྱུར་པའི་ལུས་ཀྱི་གར་སྟབས་དག་ཀྱང་ཚུགས་བཟང་ལ་འགྱིང་བག་གི་ཉམས་དང་ལྡན་པར་བྱེད་དགོས་པ་སོགས་གཞི་བྱས་ཏེ། ལྷ་སྐུ་ཞི་དྲག་གི་ཕ་རྒྱུད་དང་མ་རྒྱུད་ལྷ་ཚོགས་རྣམས་གྱི་ཁྱད་ཆོས་ཀུན་སྐྱེ་འགྲོ་ཕོ་མོའི་ཞལ་བཞིན་མཛེས་པ་དང་གཟུགས་བྱད་ལེགས་ཚོགས་ཀྱི་ཆ་ཀུན་རབ་ཏུ་བླངས་ཏེ། མིག་གིས་ལྟ་སྟངས་དང་ལག་པའི་ཕྱག་རྒྱ། རྐང་པའི་སྟངས་སྟབས་སོགས་མིའི་བློ་དང་མཛེས་པའི་དཔལ་གྱི་ཁམས་དང་མཐུན་པར་འབྲི་བར་བྱས་ན་ཐང་གའི་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བའི་རིན་ཐང་དང་ལྡན་པ་ཞིག་ཡིན་པ་མ་ཟད། གཞན་གྱིས་ལོག་པར་མི་ལྟ་ཞིང་བསྟན་པའི་རྗེས་སུ་འགྲོ་བ་ཞིག་ཀྱང་ཡིན། དེ་མིན་ལྷ་སྐུ་ཞི་དྲག་ཕོ་མོའི་ཉམས་འདོན་པར་བྱེད་པ་ལ་བཞུགས་སྟངས་དང་ཕྱག་རྒྱ། གར་སྟབས་སོགས་ཀྱི་སྤྱིའི་ཁྱད་ཆོས་ཁོ་ན་འཛིན་པ་མ་ཡིན་པར་དེའང་བྱེ་བྲག་ཏུ་ཚད་དང་མཐུན་པའི་རི་མོའི་ཚུགས་ཀྱི་ཉམས་དང་ཁྱད་ཆོས་འདོན་པའི་གནད་ཁ་ཤས་ཡོད་དེ། 《བཟོ་དང་གསོ་བ། སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་གྲངས་བཞུགས་སོ》ཞེས་པ་ལས། “སྐུ་ཡི་ཕྲ་སྤོམ་ཡན་ལག་རྣམས་། །རགས་དང་གྲིམ་དང་རོལ་བ་དང་། །མཁས་པ་རྣམས་དང་རྗེས་སུ་བསྟུན། །ཀོས་ཀོ་མགྲིན་པ་བྱིན་པ་སྟེ། །གསུམ་པོ་རིང་ན་སྐྱོན་ཆེན་ཡིན། །སྙན་དང་ཤངས་དང་ཕྱག་སོར་རྣམས། །གསུམ་པོ་ཐུང་ན་སྐྱོན་ཆེན་ཡིན། །”[8]ཞེས་དང་། གཞན། 《སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ》ལས། “ཡིད་དུ་འོང་བའི་རང་གཟུགས་ནི། །ཐལ་མོ་དགུ་པར་མངོན་པར་བྲི། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་འཁོར་གྱི་ལྷ་མོ་ཡིད་འཕྲོག་པར་བྱེད་པ་རྣམས་ནི་དེ་ལྟར་བྱ་ཞིང་། དུས་འཁོར་གྱི་སྣ་ཚོགས་ཡུམ། ཀྱེ་རྡོར་གྱི་བདག་མེད་མ། གཞན་ཡང་སྒྲོལ་མ། མཁའ་སྤྱོད་མ།  རིག་བྱེད་མ།  དབྱངས་ཅན་མ། གདུགས་དཀར། འོད་ཟེར་ཅན་མ་སོགས་ལྷ་མོ་ཐམས་ཅད་ཀྱི་ཚད་དེ་ཡིན་ལ།  གཞན་དབང་པོ་ཉེ་དབང་དབང་ཕྱུག་ཆེན་པོ་སོགས་ལྷ་དང་། ཆུ་ལྷ་མེ་ལྷ་རླུང་ལྷ་སོགས་དང་། ཀླུ་དང་ཞི་གཟའ་སོགས་ཀྱང་དེ་ལྟར་བྱ་བར་ཡང་སྡོམ་འབྱུང་གི་འགྲེལ་པར་བཤད་པ་ལས། ཨུ་མ་སོགས་ལྷ་མོ་རྣམས་ནི་འདིར་བསྟན་ལྷ་མོའི་ཚད་ཁོ་ནར་བྱ་ལ། དབང་ཕྱུག་ཆེན་པོ་སོགས་ཕོ་རྣམས་ལ་ནི་ལྷ་མོའི་ཁྱད་ཆོས་རྣམས་སྤངས་དགོས་ཏེ། གང་ཞེ་ན་མོ་རྣམས་སྟོད་ཞུམ་སྨད་རྒྱས་ལ་ཕོ་རྣམས་དེ་ལས་ལྡོག་པ་དང་། གཞན་ཡང་ལྷ་མོ་རྣམས་དཔྲལ་ཞེང་ཆུང་བ། ཕྲག་པ་མཐོ་བ། ཕྱག་འགག་དང་། སྐེད་སྐབས་ཕྲ་བ། ནུ་མ་འབུར་བ། མིག་བར་ཡངས་པ་ཟུར་མིག་དང་ལྡན་པ་སོགས་ཡིན་ཡང་། ཕོ་རྣམས་སྤང་བར་བྱ་དགོས་ལ། དེར་མ་ཟད་ཐོད་ཁྱིམ་མགྲིན་པ་པུས་མོ་ཞབས་དཔངས་སོར་གསུམ་དུ་བྱེད་པ་ལྷ་མོ་ལ་མཛེས་ཀྱི་ལྷ་ཕོ་རིགས་ལ་སོར་བཞི་རེ་བཞི་རེ་བྱ།”[9]ཞེས་གསུངས་པ་བཞིན་ལྷ་སྐུ་ཞི་དྲག་གི་རིགས་སུ་གྱུར་བའི་ཕ་རྒྱུད་དང་མ་རྒྱུད་སོ་སོའི་སྐུ་གཟུགས་ཀྱི་གྲུབ་སྟངས་སམ་ཤ་ཚུགས་ལ་འགྱིང་ཆེན་དང་འགྱིང་མེད་ཀྱི་རིགས་སུ་གྱུར་བའི་ཕོ་ལྷ་རྣམས་ནི་སྐུ་ཤ་རྒྱས་ལ་གྲིམ་པ་དང་། སྐུ་སྟོད་ཡངས་ཤིང་སྐུ་སྨད་བཅིར་ལ་ཤ་གནད་ཅུང་མངོན་པ། ལྷ་མོ་རྣམས་ནི་དཔྲལ་ཞེང་ཆུང་ལ་སྟོད་བཅིར་བ། སྐེད་པ་དང་སོར་མོ་ཕྲ་བ། ནུ་མ་འབུར་ཞིང་སྐུ་སྨད་རྒྱས་ཤིང་ཟླུམ་པ། བྱེ་བྲག་ཏུ་ཁྲོ་བོ་དང་གྱད་སྟོབས་ལྡན་པ་རྣམས་ཤ་གནད་རིལ་བ་དང་ཤ་འབུར་ཆེ་ཞིང་སེན་མོ་རྣོ་བ། དྲང་སྲོང་དཀའ་ཐུབ་པ་རྣམས་ནི་ལུས་རིད་ཅིང་རྒས་པའི་ཉམས་ཅན་ཏེ།  གཞན་རྣམས་ནི་རིགས་འགྲེས་ཏེ་ཤེས་བར་བྱའོ། །《ཤེས་བྱ་ཀུན་ཁྱབ》ལས། “བརྒྱ་དང་ཉེར་ལྔ་སངས་རྒྱས་ཞི་བ་དང་། །བརྒྱ་དང་ཉི་ཤུ་ཧེ་རུ་ཀ་ལ་སྦྱར། །ཧེ་རུ་ཀ་དཔལ་སྐུ་ཡི་ཁྱད་པར་འགའ། །ཐལ་མོ་བརྒྱད་པ་བྱེད་པའི་སྐབས་ཀྱང་ཡོད། །སྤྱན་མ་སྒྲོལ་མ་ལ་སོགས་ཞི་བ་མཚུངས། །རྡོ་རྗེ་ཕག་མོ་ཧེ་རུ་ཀར་མཚུངས་ཤིང་། །གཙུག་ཏོར་མེད་ཀྱང་གཙུག་གི་ནོར་བུ་དེ། །དེ་ཡི་ཚབ་ཏུ་སྦྱར་བས་མི་རུང་མེད། །གཙུག་ཏོར་བྲལ་ཞིང་ནུ་མ་བྷ་ག་དང་། །སྐད་ཕྲ་སྟོད་ཞུམ་བརླ་དང་རོ་སྨད་རྒྱས། །དཔྲལ་བའི་ཟུར་ཞུམ་མི་རྒྱས་ཟུར་མིག་སོགས། །མོ་གཟུགས་ཡིན་ཕྱིར་ལྷ་མོ་རྣམས་ལ་དགོས། །ཡབ་རྣམས་དེ་ལས་ལྡོག་པའི་ཚུལ་དུ་ཡོད། །[10]”ཅེས་རི་མོའི་སྒྱུ་རྩལ་ལ་མངའ་བརྙེས་པའི་མཁས་དབང་དམ་པ་གོང་མ་རྣམས་ཀྱི་གསུང་བཞིན་དུ་སྐྱེ་གཟུགས་ཕོ་མོའི་ཚད་ཀྱི་ངོ་བོར་གྱུར་པའི་ཐུན་མིན་གྱི་ཁྱད་ཆོས་མི་འདྲ་བ་དམིགས་སུ་གདམས་པ་དག་གི་གནད་ཀུན་ལྷུར་བླངས་ཏེ། མིའི་འདྲ་གཟུགས་ཀྱི་ཚད་དང་ཞིབ་དུ་བསྡུར་བ་དང་དཔྱད་པ། དེ་མིན་རི་མོའི་སྒྱུ་རྩལ་གཞན་གྱི་ཉམས་དང་རྣམ་པ་གཙོ་བོ་རུ་གྱུར་བའི་ལེགས་ཆ་འཚོལ་ཞིབ་དང་རྟོག་དཔྱོད་བྱས་པ་བརྒྱུད། གར་དགུའི་ཉམས་ཀྱི་རྣམ་པ་མངོན་པར་བྱེད་པ་ལའང་ཡིད་འཇོག་དང་གསལ་འདེབས་ཀྱི་ཚུལ་དུ་གདམས་པ་འགའ་ཤས་ཡོད་དེ། 《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》ལས། “ལུས་ཀྱི་སྟེང་ལ་སེང་ཆགས་དང་། །སྐེད་པ་ལ་ནི་འཁྲིལ་ཆགས་དང་། །ཚིག་བཞི་ལ་འཕྲུལ་ཆགས་དང་། །བཞག་ཤ་ལ་ནི་ལྷོད་ཆགས་དང་། །ཤ་འགྱུར་ལ་ནི་མར་ཆགས་དང་། །རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། །སྤྱོད་པ་ལ་ནི་དལ་ཆགས་དང་། །སྒྱིད་པ་ལ་ནི་ལྡེམ་ཆགས་དང་། །རྐང་མགོ་ལ་ནི་བདེ་ཆགས་དང་། །ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། །ཡང་སྨྲས་པ། འཇིགས་ཤིང་རྔམ་པའི་གར་རྣམས་ལ། །ཧ་ཅང་གསོར་ན་སྐྱོན་ཡིན་ནོ། །འགྱིང་ཞིང་མཉེན་པའི་གར་རྣམས་ལ། །ཧ་ཅང་བཙས་ཆུང་སྐྱོན་ཡིན་ནོ། །འཁྱུག་ཅིང་བདེ་བའི་གར་རྣམས་ལ། །ཧ་ཅང་སྒྱིད་ལུག་སྐྱོན་ཡིན་ནོ། །སྒེག་ཅིང་ཆགས་པའི་གར་རྣམས་ལ། །ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ། །[11]”ཞེས་གསུངས་པ་ཇི་བཞིན་སྤང་བླང་བྱེ་བྲག་གི་རྩ་བའི་གནས་ཀུན་གནད་དུ་བཟུང་སྟེ་འགྱུར་བ་ལ་བསྟུན་པར་རིགས་ན་བྲིས་ཉམས་ཀྱི་མཛེས་པའི་ཆ་ཀུན་མངོན་པར་ལེགས་ཤིང་འཁྲིལ་བག་ཆགས་པ་ཞིག་ཀྱང་ཡིན་པ་དང་། དེར་བསྟུན་བོད་ཀྱི་སྲོལ་རྒྱུན་རི་མོའམ་ཐང་གའི་སྒྱུ་རྩལ་གྱི་གཟིགས་སྣང་བསྐྲུན་པ་ལ་མིའི་གཟུགས་ཁམས་ཀྱི་ཕུང་པོ་ལ་གྲུབ་པའི་དབང་པོ་ལྔའི་ཁྱད་ཆོས་མིག་འཛུམ་ཡང་དགོད་ལ་ཡིད་ཀྱི་རྨོངས་པ་སེལ་ཞིང་དད་པའི་སྤུ་ལོང་གཡོ་བ། ཡན་ལག་ཆགས་གྲུབ་གྱི་ལྷུ་ཚུགས་དང་སྐུ་ཤའི་གཞོན་མདངས་ནི་ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། རི་རྒྱལ་ལྟར་ལྷུན་སྡུག་པ་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད་པ་དང་། དེ་ཡང་། 《བཟོ་མཆོག་ལྷ་མོ་ཀུན་མཐོང》ལས། “སྐུ་མཉེན་ཤ་ཆགས་པ། དབུ་སྐབས་ཕྱེད་ཅིང་རིམ་པ་འཚམ་པ་དང་། སྐུ་ལྷོད་པ་མ་གྱུར་པ་འཁྲིལ་བག་ཆགས་ཤིང་ལྡེམ་པ་སྟེ། དྲང་བ་དང་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ལྔ་ནི་སྐུའི་ངོ་བོའི་ཡོན་ཏན་དང་རྣམ་པའི་ཡོན་ཏན་ཡང་མཚན་དཔེས་སྤྲས་པའི་སྐུ་གཙང་ཞིང་ཁ་དོག་གསལ་བ་དང་། སྐུ་བཀྲག་དང་ལྡན་པས་འཚེར་བ་མདངས་མངའ་བ་དང་། གཟི་བརྗིད་ཡིད་དུ་འོང་བས་ལྷུན་སྡུག་པ་དང་། ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་འབར་བ།[12]”ཞེས་གསུངས་པ་བཞིན་བློ་ངོར་ཚིམ་ཞིང་བདེ་སོར་འཁྱུག་པའི་ཆོས་ཀུན་རབ་ཏུ་བརྟག་ཅིང་བསྡུས་ནས་དཔྱོད་པའི་བློ་དང་ལག་པའི་རྩལ་ལ་བརྟེན་ཏེ། གཟུགས་བརྙན་འགོད་པར་རིགས་ན་ཐང་གའི་རོ་མི་ཉམས་ཤིང་འགྱིང་ལྷོད་འཁྲིལ་བག་གི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པས་ཐང་ག་འབྲི་རྩལ་ལ་འཇུག་པའི་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་ཐིག་དང་ཚད་ཀྱི་ཐབས་ལ་བརྟེན་ནས་དབྱིབས་ཀྱི་རྣམ་པ་འགོད་པ་དང་། དེ་ནས་རིམ་བཞིན་མི་སྣའི་བྱ་སྤྱོད་དང་བྱ་དངོས་ཀྱི་གྲུབ་སྟངས་ཁྱད་ཆོས་སོགས་ལ་ནན་ཀྱིས་བརྟག་སྟེ། ཚུགས་བཟང་འཁྲུལ་ཆགས་དང་རྣམ་འགྱུར་སོགས་འཕྲུལ་ལ་ལེགས་པར་བྱང་བར་བྱས་ན་ཆ་ཚད་ལ་བསྟུན་པར་མ་བྱས་ཀྱང་གང་བྲིས་པ་དེ་ཉིད་གནད་དུ་ཁེལ་ཞིང་བྱོན་ལེགས་པར་སྣང་བས། དང་པོ་ནས་སྔོན་བྱོན་གོང་མའི་མན་ངག་རྒྱུད་དང་ཐིག་གི་རྩ་བའི་གདམ་པ་རྣམས་འདོར་བར་བྱས་ཏེ་གཞན་གྱི་རི་མོའི་འབྲི་ཐབས་ལ་མི་བརྟེན་པར་བོད་རང་གི་རི་མོའི་གཞུང་ལ་སློབ་སྦྱོང་བྱས་ཏེ་ཚད་དང་དབྱིབས་གཉིས་ཀའི་འབྲེལ་བ་དང་ཕན་ནུས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས།

གཉིས། ལྗོངས་རྣམ་གྱི་བཀོད་པའི་མཛེས་ཉམས།

དེ་ཡང་བོད་ཀྱི་སྲོལ་རྒྱུན་རི་མོ་སྤྱིའི་བཀོད་པའི་མཛེས་པ་ལ་སྐུ་གཟུགས་ཞི་དྲག་གི་ཉམས་དང་རྣམ་པ་ཁོ་ན་ཙམ་མ་ཡིན་པར་ལྗོངས་རྣམ་སོགས་ཀྱི་བཀོད་པའང་མེད་དུ་མི་རུང་བ་ཞིག་ཡིན་ཏེ། ཐང་གའི་འབྲི་ལུགས་ལའང་ངོ་བོ་དང་རྣམ་པ་སོ་སོར་གྱེས་པའི་རིགས་དུ་མ་ཞིག་ཡོད་པར་བརྟེན། སྒྱུ་རྩལ་མཚོན་ཐབས་དང་རྒྱབ་ལྗོངས་འགོད་སྟངས་སོགས་ཀྱི་ཁྱད་ཆོས་ཀྱང་གཞན་དང་མི་འདྲ་བར་རིགས་དུ་མའི་སྒོ་ནས་མངོན་པར་བྱས་ཡོད་པ་ཞིག་སྟེ། མཆོད་སྤྲིན་རྒྱ་མཚོའི་ཀློང་ལ་འཐིམ་པའི་གཞལ་ཡས་ཁང་བཟང་དང་རི་ཆུ་ནགས་གསུམ་གྱི་བཀོད་པ་མངོན་པར་མཚར་བའི་ལྗོངས་རྣམ་གྱི་འབྲི་སྟངས། དེ་མིན་ས་ཆུ་མེ་རླུང་དང་ཤིང་ལོའི་པ་ཏྲ། སྲོག་ཆགས་ཀྱི་གཟུགས་འགྱུར་པ་ཏྲ་སོགས་སྣ་དུ་མའི་སྒོ་ནས་མཚོན་པར་བྱེད་པའི་རྒྱབ་ལྗོངས་སོགས་རིགས་མང་དུ་སྣང་ལ། དེ་དག་ཀྱང་ཞལ་ཐང་འབྲི་བཞེངས་ཀྱི་ལུགས་དང་གཙོ་ལྷའི་ཁྱད་ཆོས་ཀྱི་ཆས་ཀུན་དམིགས་སུ་བཟུང་སྟེ་འབྲི་དགོས་པ་ཡིན་ཏེ། དཔེར་ན། བྱེའུ་སྒང་ལུགས་ཀྱི་ཞལ་ཐང་དང་ལྡེབས་རིས་རྙིང་པ་དག་གི་རྒྱབ་ལྗོངས་སམ་ལྗོངས་རྣམ་འགོད་སྟངས་ལ་གཞི་ཚོན་གཅིག་ལ་རྒྱན་རིས་པ་ཏྲ་མི་འདྲ་བའི་སྒོ་ནས་མཚོན་གྱིན་ཡོད་ལ། ཞི་བའི་རིགས་ལ་སྤྲིན་རིས་དང་མེ་ཏོག་གིས་བརྒྱན་པའི་ཤིང་ལོ་པ་ཏྲ་དང་། མཆོད་ལྷ་དང་རྨ་བྱ་སོགས་སྲོག་ཆགས་གཟུགས་འགྱུར་ཀྱི་པ་ཏྲས་མཚོན་ཡོད་པར་མ་ཟད། དྲག་པོའི་རིགས་ལ་ནི་མེ་རིས་དང་རླུང་རིས། རྔམ་ཞིང་རྒོད་ལ་སྡང་མིག་བགྲད་ཅིང་ཞལ་གདངས་ཀྱི་མཆེ་བ་གཙིགས་པའི་སྲོག་ཆགས་གཟུགས་འགྱུར་གྱི་པ་ཏྲས་མཚོན་ཡོད་པ་ཞིག་ཡིན་སྟབས། འབྲི་ལུགས་མི་འདྲ་བའི་ལྗོངས་རྣམ་གྱི་བཀོད་པ་ལ་བསྡུར་བ་དང་ཞིབ་དཔྱོད་བྱས་ན་དེ་བས་ཀྱང་བློ་ལ་ངེས་པ་ཞིག་ཡིན།

དེ་མིན་ཐང་ག་འབྲི་ལུགས་གཞན་རྣམས་ནི་སྤྱིའི་ཆ་ནས་ཡུལ་ལྗོངས་ཀྱི་བཀོད་པ་རིགས་འདྲ་བ་ཅིག་སྟེ། དབུ་ཐོད་ཀྱི་ནམ་མཁར་ཆུ་འཛིན་ལང་ལོང་གཡོ་ཞིང་བར་དུ་གངས་རི་དང་སྤང་རི་སོགས་ཀྱིས་བརྒྱན་པ་ལ་ཞི་གནས་སྒོམ་སྒྲུབ་གྱི་དྲང་སྲོང་དང་། དུར་ཁྲོད་བསིལ་བའི་ཚལ་སོགས་བོད་མིའི་འཚོ་གནས་ཀྱི་ཁོར་ཡུག་དང་འཇིག་རྟེན་ཆོས་ཉིད་ཀྱི་རྟེན་འབྱུང་སོགས་ཆོས་ཀུན་ལ་མཐུན་པ། ལས་སྣང་རྒྱུ་འབྲས་ཀྱི་རྣམ་གཞག་ལུགས་སུ་བསྟན་པའི་ཚུལ་དང་འོས་པའི་ལྗོངས་རྣམ་འབྲི་ཚུལ་དང་། གཤམ་ཆར་ཞི་དྲག་སྐུ་བརྙན་ལ་བསྟུན་ཏེ་ཁྲག་མཚོ་དང་ཆུ་ཀླུང་གི་རླབས་ཀུན་ནས་འཁྲུགས་ཤིང་རྩེན་པ་ལ་ཀླུ་སྲིན་མཆོད་ལྷ་སོགས་ཀྱིས་འདོད་ཡོན་སྣ་ལྔ་དང་། དབང་པོ་སྣ་ལྔ་སོགས་འདེག་ཅིང་མཆོད་པར་བྱེད་པའི་ཚུལ་སོགས་མངོན་པར་བྱས་ཡོད་པ་སོགས་སྣང་། དེ་ཡང་། 《ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ》ཅེས་པ་ལས། “ཁང་བཟང་ལ་སོགས་བྱང་ཆུབ་ཤིང་། །མེ་ཏོག་སྣ་ཚོགས་མཆོད་པའི་སྤྲིན། །རྟེན་འབྲེལ་རི་མོ་རིན་ཆེན་ཕྲེང་། །བཟོ་མཐའ་མ་འདྲེས་རང་རང་བརྒྱུད། །རྒྱ་གར་བཟོ་ཡི་ཁྱད་ཆོས་ཡིན། །མཛེས་ལྡན་རི་མོ་མདངས་ལྡན་པར། །བཀྲ་ཤིས་གཟུགས་བརྙན་གོས་ཀྱི་རྒྱུད། །ཁྲི་དང་མཚར་བའི་བྱེ་བྲག་རྣམས། །རྒྱ་ནག་བཟོ་ཡི་ཁྱད་ཆོས་ཡིན། །ཆུ་གནས་སྲོག་ཆགས་མཚོ་དང་རྫིང་། །དྲི་ཞིམ་ནགས་ཚལ་ཀླུ་ཡི་རྫས། །སྨན་སྤོས་ལྷབ་ལྷུབ་རི་མོ་རྣམས། །ཁ་ཆེ་བཟོ་ཡི་ཁྱད་ཆོས་ཡིན། །འབྱུང་གཞི་པ་ཏྲ་འཇའ་དང་སྤྲིན། །ཤིང་ལྗོན་རིན་ཆེན་སྣལ་རིས་རྒྱན། །ནམ་མཁའི་སྲོག་ཆགས་ལྷ་ཡི་རྫས། །བལ་པོ་བཟོ་ཡི་ཁྱད་ཆོས་ཡིན། །བྲག་དང་སྤང་རི་རི་དྭགས་དང་། །བླ་བྲེ་ཆུན་འཕྱང་མཛེས་པའི་རྒྱན། །སྣ་ཚོགས་གཟུགས་དང་གངས་རིའི་ཁྲོད། །གངས་ཅན་བཟོ་པའི་ཁྱད་ཆོས་ཡིན། །[13]”ཞེས་གསུངས་པ་བཞིན་རྒྱ་གར་ནག་དང་། བོད་བལ་པོ། ཁ་ཆེ་སོགས་རང་རང་སོ་སོའི་རང་བྱུང་ཁོར་ཡུག་གི་ཆགས་གྲུབ་དང་། ཡུལ་མིའི་གོམས་སྲོལ་གྱི་ལུགས་སུ་གྲུབ་པའི་ཆོས་ཀུན་དང་མཐུན་པའི་ལྗོངས་སྣང་བཀོད་པའི་ཁྱད་ཆོས་གསུངས་ཡོད་ཀྱང་། རང་རེའི་བོད་ཀྱི་རི་མོའམ་ཐང་གའི་སྒྱུ་རྩལ་ནི་བལ་བྲིས་རྒྱུན་ནས་རང་ལུགས་བྱེའུ་སྒང་ལུགས་དང་སྨན་མཁྱེན་གཉིས་ལ་སོགས་པའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། གཞན་རིགས་རི་མོའི་ཉམས་དང་རྣམ་པ་གཙོ་བོར་གྱུར་པའི་ལྗོངས་རྣམ་བཀོད་པའི་ལེགས་ཆ་སོགས་ཀྱང་མི་ཉུང་བ་ཞིག་འཚོལ་བསྡུ་དང་ལྷུར་ལེན་བྱས་ཡོད་པར་བརྟེན། གངས་རི་དང་སྤང་བྲག །ཆུ་ཀླུང་དང་མེ་ཏོག །རི་དྭགས་བྱ་བྱེའུ་དང་ལྗོན་བཟང་འཁྲི་ཤིང་ལ་སོགས་འབྲི་སྲོལ་ཡོད་པ་ནི་དུས་རབས་རིམ་བྱོན་གྱི་རི་མོའི་མཁས་དབང་སྨན་མཁྱེན་ལ་སོགས་ཀྱི་ཕྱག་སོར་པདྨའི་དཀྱིལ་འཁོར་ལས་འཁྲུངས་པའི་བརྩམས་ཆོས་དག་ལས་ཀྱང་མཚོན་ཐུབ་པར་མ་ཟད། དུས་རབས་བཅུ་བདུན་གྱི་སྔ་གཞུག་ལ་འཁྲུངས་པའི་རི་མོ་མཁས་ཅན་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་དང་། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་རྣམ་གཉིས་ཀྱི་ལྗོངས་རྣམ་འགོད་སྟངས་ལས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཞིག་མངོན་པར་སྣང་བ་དང་། ལྷག་པར་དུ་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་ལྗོངས་རྣམ་ལ་བཀོད་པའི་རི་ཆུ་དང་ནགས་ཀླུང་། མི་སྣ་དང་འདབ་ཆགས། མཆོད་འབུལ་བྱེད་མཁན་གྱི་ལྷ་དང་ཀླུ། དྲི་ཟ། གནོད་སྤྱིན། མི་སོགས་ཀྱི་བཀོད་པ་ནི་འཁྲིལ་བག་ཆགས་ཤིང་གསོན་ཉམས་ལྡན་པ།དེ་མིན་གཞན་དང་མི་འདྲ་བར་རང་རྐྱ་འཕེར་ཞིང་སྒེར་ཚུགས་ཀྱི་བསམ་བློའི་གཤིས་ཀ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་པོ་མངོན་པ་ལས། རང་རེའི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལྗོངས་རྣམ་འགོད་ཚུལ་ལ་ཡང་བཟོ་བོ་སོ་སོའི་རང་བྱུང་ཁོར་ཡུག་གི་ཡུལ་དུས་ཁྱད་ཆོས་དང་། རིག་གནས་ཤུགས་རྐྱེན་གྱི་མཛེས་དཔྱོད་ལྟ་གྲུབ། བསམ་པའི་དྲན་སྣང་གི་སྒྱུ་རྩལ་ཚོར་འདུ་བཅས་ཕྱོགས་ཡོངས་ཀྱི་དྲན་ཤེས་བག་ཆགས་དང་། རྣམ་དཔྱོད་བློ་མིག་མི་འདྲ་བའི་དབང་གིས་འབྲི་ཚུལ་ཀྱི་རྣམ་པའང་མང་དུ་གྲུབ་ཡོད་པ་མ་ཟད། ཐུན་མིན་གྱི་ཁྱད་ཆོས་ཀྱང་དུ་མས་ཕྱུག་ཡོད་པས། ཞལ་ཐང་སྤྱིའི་བཀོད་པའི་མཛེས་ཉམས་སམ་སྒྱུ་རྩལ་གསར་རྩོམ་གྱི་འཕེལ་རྒྱས་གོ་རིམ་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

བཞི་པ། ཁ་དོག་ཚོན་གྱི་བཀྲག་མདངས་དང་ཁྱད་ནུས། 

སྤྱིར་ཁ་དོག་ནི་འོད་དང་དཀར་ཆ་ལ་བརྟེན་ནས་ས་ཆུ་མེ་རླུང་གི་འབྱུང་བའི་ཁམས་སུ་གྲུབ་པའི་ནམ་མཁའ་དང་ས་གཞིར་གནས་པའི་དངོས་པོའམ་སྐྱེ་འགྲོ་གང་རུང་གི་གཟུགས་ཀྱི་ངོ་བོར་གྲུབ་པ་གང་ཞིག །མིག་གི་དབང་པོས་དབྱེ་འབྱེད་ཀྱི་གཟིགས་སྣང་ལ་མངོན་པར་འཆར་བའི་ཚོན་གཞི་ཅི་རིགས་ཤིག་ལ་གོ་བ་དང་། དེའང་སྐྱེས་ཁམས་ཁོར་ཡུག་གི་ཁ་རླུང་དྲོད་གྲང་དང་། གནམ་གཤིས་འགྱུར་ལྡོག་གི་རྣམ་པའི་སྒོ་ནས་རང་བྱུང་ཁ་དོག་ཀྱང་བགྲང་གིས་མི་ལངས་བ་མང་པོ་ཡོད། དེར་བརྟེན་ཡུལ་ལུང་སོ་སོའི་ས་བབས་ཀྱི་ཁྱད་ཆོས་གཞིར་བྱས་པའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་རིག་གནས་ཀྱི་འབྱུང་ཁུངས། བསམ་པའི་འཁྱེར་སོ་དང་དད་མོས་བྱེད་སྟངས། དེ་མིན་མིའི་ལྷན་སྐྱེས་བག་ཆགས་དང་། གཤིས་ལུགས་སུ་གྲུབ་པ་སོགས་ཀྱིས་ཁ་དོག་གི་རྩ་བའི་རིན་ཐང་དང་ཁྱད་ཆོས། བཀོལ་སྤྱོད་དང་དམིགས་ཡུལ་སོགས་ཀྱང་ཁྱད་ཆེ་ལ། མི་སྒེར་དང་ལྷག་པར་དུ་རིག་གནས་དང་མི་རིགས་མི་འདྲ་བའི་དབང་གིས་སོ་སོའི་གཟིགས་སྣང་གི་ཁམས་དང་ནང་སེམས་ཀྱི་ལྟ་བར་མཐུན་མི་མཐུན་དང་། ཡུལ་མིའི་གོམས་སྲོལ་དུ་འགྲོ་མི་འགྲོ་དང་རུང་མི་རུང་སོགས་ཁ་དོག་ཚོན་གྱི་ལྟ་བའི་མཛེས་དཔྱོད་ཐད་ལ་དགོངས་པ་མི་མཐུན་པ་ཅི་རིགས་ཤིག་མཆིས།

བོད་ཀྱི་སྲོལ་རྒྱུན་རི་མོའམ་ཐང་གའི་སྒྱུ་རྩལ་ནི་ནང་བསྟན་གྱི་དགོངས་དོན་རྩ་བར་གྱུར་པའི་རི་མོའི་འབྲི་རྩལ་ཞིག་ཡིན་པར་བརྟེན། དབྱིབས་དང་ཁ་དོག་སོགས་མདོ་སྔགས་གཞུང་ཤིང་གི་རྩ་བའི་ཆོ་གའི་ཕྱག་ལེན་ལ་བསྟུན་པ་དང་། སྡེབ་སྦྱོར་ཚོན་གྱི་ཉམས་དང་མཛེས་པ་ལ་བསྟུན་པ། ཡུལ་ལུང་བཀོད་པའི་ཞིང་གི་ཁྱད་ཆོས་ལ་བསྟུན་པ་སོགས་དུ་མ་ཡོད་ཀྱང་སྤྱིར་བཏང་ཁ་དོག་གི་ནུས་པ་དང་ཁྱད་ཆོས་ནི་དབྱིབས་ཀྱི་རྣམ་པ་དང་ངོ་བོར་བསྟུན་དེ་མངོན་པ་ཞིག་ཡིན།

དེ་ཡང་ཁ་དོག་ལ་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས་སུ་དབྱེ་བའི་རྩ་བའི་ཁ་དོག་ལ་རིགས་བཞི་དང་ལྔ་རུ་འདོད་པ་དང་། བརྒྱད་དུ་བཤད་པ་སོགས་བཞེད་ཚུལ་མང་པོ་ཡོད་ཀྱང་། གངས་ཅན་བཟོ་རིག་ལ་མངའ་བརྙེས་པའི་མཁས་དབང་དམ་པ་དང་། དབུ་ཆེན་ཕལ་ཆེ་བས་དཀར་པོ་དང་སེར་པོ། དམར་པོ་དང་སྔོན་པོ། ལྗང་གུ་སོགས་རིགས་ལྔ་རུ་དབྱེ་ལ། ཡན་ལག་གི་ཁ་དོག་ནི་རྩ་བའི་ཁ་དོག་གི་སྡེབ་སྦྱོར་ལ་བརྟེན་ཏེ་བྱུང་བ་ཡིན་གཤིས། དེ་ལའང་རྒྱས་འབྲིང་བསྡུས་གསུམ་དུ་གྱུར་བའི་ཁ་དོག་དགུ་དང་། སུམ་ཅུ་རྩ་གཉིས། བརྒྱ་དང་ལྔ་བཅུ་རྩ་བརྒྱད་སོགས་རིགས་མང་དུ་དབྱེ་བ་ནི་ཚོན་སྦྱོར་གྱི་ལག་ལེན་དངོས་དང་བསྟུན་ཏེ་རིགས་འདེད་བྱེད་དགོས་ལ། སྔོན་བྱོན་བཟོ་རིག་སྨྲ་བའི་མཁས་དབང་དག་གིས་ཚོན་ལའང་ཕ་མ་བུ་ཚ་དང་དགྲ་གྲོགས་གཉིས་སུ་དབྱེ་ནས་ལི་ཁྲི་དང་སྤང་མ། མཚལ་དང་སྐག། བ་བླ། རམས་བཅས་ཚོན་གྱི་ཕ་རྣམས་ལ་དཀར་པོ་ཚོན་གྱི་མ་བསྲེས་ཤིང་སྦྱོར་བ་ལས་ཡན་ལག་གམ་ཚོན་གྱི་བུ་ཚ་རྣམས་བྱུང་བར་བཤད། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས།“ཚོན་རྣམས་ཕན་ཚུན་མཐུན་མིན་ལས། །འཇིག་རྟེན་མི་དང་ཆོས་མཐུན་པས། །མཐུན་སྡེབ་འཇའ་ཚོན་ཤར་བ་འདྲ། །མི་མཐུན་དགྲ་གཤེད་འཕྲད་པ་འདྲ། །དམར་སེར་ཚོན་གྱི་སློབ་དཔོན་ཡིན། །དཀར་ནག་ཚོན་གྱི་དཔོན་གཡོག་ཡིན། །དམར་སྨུག་ཚོན་གྱི་ཕ་སྤུན་ཡིན། །དཀར་མཐིང་ཚོན་གྱི་ཁུ་ཚོན་ཡིན། །དཀར་དམར་ཚོན་གྱི་ཁྱོ་ཤུག་ཡིན། །ཞེས་དང་། དཀར་སེར་ཚོན་གྱི་ཞར་བ་ཡིན། །སྔོ་ལྗང་ཚོན་གྱི་རྐུན་པོ་ཡིན། །མཐིང་ནག་ནང་ཕྲད་ལོང་བ་ཡིན། །ལྗང་སེར་ཚོན་གྱི་ནད་པ་ཡིན། །ལྗང་ནག་ཚོན་གྱི་ཤི་རོ་ཡིན། །སྔོ་སྐྱ་ལྗང་སྐྱ་ཐལ་ཕུང་ཡིན། །དམར་ནག་ཚོན་གྱི་མུན་པ་ཡིན། །[14]”ཞེས་གསུངས་པ་བཞིན་ཚོན་སྦྱོར་གྱི་ཁམས་གཉིས་མཐུན་ན་ཚོན་སྣུམ་ཡང་རྔམ་ལ། བཀྲག་མདངས་འཚེར་བ་སོགས་གྲོགས་སུ་གྱུར་བ་དང་། མ་མཐུན་ན་ཚོན་མདངས་ཉམས་པ་དང་། མི་སྡུག་པ་བཅས་དགྲ་རུ་སྣང་བས་ཉམས་དང་རྣམ་པ་འདོན་པར་བྱེད་པ་ལ་ཚོན་སྦྱོར་ལེགས་པོ་ཤེས་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

ཚོན་མདོག་གིས་མི་སྣའི་སེམས་ཁམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་མི་འདྲ་བ་དུ་མ་སྤྲོད་སྲིད་ལ། སྔོ་ཤས་ཆེ་བའི་ཚོན་གྱིས་གྲང་བ་དང་དམར་ཤས་ཆེ་བའི་མདོག་གིས་ཚ་དྲོད་ཀྱི་ཚོར་སྣང་སྟེར་བ་བཞིན་ཚོན་མདོག་རེ་རེ་ལའང་མི་འདྲ་བའི་ཉམས་དང་ནུས་པ་ཡོད། དེའང་། 《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས》ཞེས་པ་ལས། “མཚལ་དང་ལི་ཁྲི་ཚོན་གྱི་རྒྱལ་པོ་ཡིན། །མ་འགྱུར་བརྟན་པོར་བཞུགས་ནས་བརྗིད་ཆགས་མཛོད། །མཐིང་སྤང་ཡུལ་ལུང་སྐྱིད་པོའི་གནས་མཆོག་དེ། །འབྱོར་ལྡན་ཡོན་གྱི་བདག་པོའི་སྐྱོ་རོགས་ཡིན། །ཀ་རག་སེམས་པ་དཀར་བའི་ཐུགས་གསོལ་འདི། །མཆེད་གྲོགས་སྐྱོང་བའི་སེམས་པའི་མཚོན་བྱེད་ཡིན། །སྨུག་པོ་རྔམ་བརྗིད་ཆེ་བའི་དམག་དཔོན་ལ། །སྣག་ཚ་ཁྱེད་ཀྱིས་རམ་འདེགས་མཛད་གལ་ཆེ། །སྔོ་སངས་ཆུ་མོ་རིང་བའི་གཞུང་བཟང་ལ། །སྔོ་རམ་ཁྱེད་ཀྱིས་ཕྲ་མ་མ་བྱེད་ཨང་། ཞེས་དང་། དཀར་དམར་གཉིས་པོ་ཚོན་གྱི་མེ་ཏོག་ཡིན། །མཛེས་པར་འདོད་ན་དེ་ཡི་ནང་ལ་ཡོད། །དམར་སེར་གཉིས་པོ་ཚོན་གྱི་བླ་མ་ཡིན། །བཀྲག་མདངས་འདོད་ན་དེ་ཡི་ནང་ན་ཡོད། །སྔོ་ལྗང་གཉིས་པོ་ཚོན་གྱི་ཡུལ་ལྗོངས་ཡིན། །སྐྱིད་ཉམས་འདོད་ན་དེ་ཡི་ནང་ལ་ཡོད། །དམར་ནག་མཐིང་ནག་ཚོན་གྱི་ཁྲོ་བོ་ཡིན། །འཇིགས་རྔམ་འདོད་ན་དེ་ཡི་ནང་ན་ཡོད། །”[15]ཅེས་གསུངས་པ་བཞིན་དཀར་པོས་ཞི་བའི་ལས་དང་སེར་པོས་རྒྱས་པའི་ལས།དམར་པོས་དབང་གི་ལས། ལྗང་གུས་དྲག་པོའི་ལས་སོགས་ཚོན་སྦྱོར་གྱི་ཁྱད་ནུས་དང་རང་བཞིན་བརྗོད་ཡོད་པ་མ་ཟད། སྣུམ་བརྗིད་བཀྲག་གསུམ་གྱི་ཚོན་མདངས་ལས་གཟུགས་སུ་བཀོད་པའི་གངས་རི་དང་བྲག་རི།གསེར་བུམ་དང་དངུལ་བུམ། ཁྲག་མཚོ་དང་རྒྱ་མཚོ་ལ་སོགས་ཀྱི་དབྱེ་བ་དང་ཉམས་འགྱུར་མངོན་པར་མཚོན་ཐུབ་པས་རི་མོའི་ཉམས་དང་འགྱུར་བ་མཚོན་པ་ལ་དབྱིབས་དང་ཁ་དོག་གཉིས་སུ་གྱུར་བའི་དབྱིབས་ཁོ་ན་མ་ཡིན་པར་ཁ་དོག་གིས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཞིག་མངོན་པར་བྱེད་པས་ཐང་གའི་མཛེས་དཔྱོད་ཀྱི་རིན་ཐང་ནི་ཆ་ཚད་ཀྱི་ངོ་བོར་གྲུབ་པའི་དབྱིབས་དང་ཁ་དོག་སོགས་ཕན་ཚུན་གཅིག་གིས་གཅིག་ལ་བསྟུན་ཤེས་དང་བསྡུར་ཤེས་བྱས་ཏེ་སོ་སོའི་ཁྱད་ཆོས་མངོན་པར་བྱེད་པ་ལས་དབྱིབས་སམ་སྐུ་བརྙན་འགྱིང་བག་གི་ཚུལ་ལེགས་པ་ལ་སྡེབ་སྦྱོར་ཚོན་གྱིས་སྦག་པ་དང་། ཡང་ན་ཁ་དོག་ཚོན་གྱི་སྡེབ་སྦྱོར་ལེགས་ཤིང་དབྱིབས་ཀྱི་རྣམ་པ་ངན་པ། གསེར་རིས་སོགས་གོས་ཆེན་གྱི་རི་མོས་ནམ་མཁའ་དང་ནོར་བུ་སོགས་འགབ་པ་དང་འཚུབ་པ། བར་སྟོང་མེད་པར་བྱེད་པ་བཅས་ནི་སྒྱུ་རྩལ་རིན་ཐང་གི་ལྟ་བའི་གོ་རྟོགས་ཉམས་ཤིང་ལྟོ་གོས་འཚོལ་ཐབས་ཀྱི་ལག་ཤེས་བཟོ་རྩལ་འབའ་ཞིག་ཏུ་འགྱུར་ཉེན་ཆེ་བས་ཕྱོགས་ཡོངས་ནས་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ནུས་རང་བཞིན་ནམ་ཉམས་འགྱུར་འཛིན་པར་བྱེད་རྒྱུ་ནི་ཐང་ག་གསར་བཞེངས་ཀྱི་བརྒྱུད་རིམ་ཁྲོད་མཛེས་ཉམས་མངོན་པར་བྱེད་པའི་གནད་དམ་པ་ཞིག་གོ །

དཔྱད་གཞིའི་ཡིག་ཆ།

[1] བསྟན་པ་རབ་བརྟན། བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས།[J] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2013ལོ། ཤ76

[2] ནག་པོ་འམ་ཚོན་མདོག་རྐྱང་པ་གཅིག་རང་སྤྱད་དེ་བཅད་ཐིག་མང་པོ་མཉམ་དུ་འདུས་ནས་དངོས་པོའི་བཟོ་དབྱིབས་དང་བོངས་ཚད། གསལ་མུན་བཅས་ཀྱི་ཕན་འབྲས་མངོན་པའི་རི་མོ་ཞིག །

[3] དཀོན་མཆོག་བསྟན་འཛིན། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ།[J] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་2011ལོའི་ཟླ་12པར། ཤ105

[4] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ།[M] མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤ 255

[5] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ།[M] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2008ལོ། པོད།(36\45) ཤ478

[6] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ།[M] མི་རིགས་དཔེ་སྐྲུན་ཁང་། བར་ཆ། 1982ལོ། ཤ258 

[7] དཀོན་མཆོག་བསྟན་འཛིན། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ།[M] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2011ལོ། ཤ 76

[8] ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། བཟོ་དང་གསོ་བ། སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་གྲངས་བཞུགས་སོ། །[M] ནང་ཁུལ་དཔེ་རྙིང་། པོད་ཕྲེང་(མ)པའི་ཤོག་ངོས་བརྒྱད་པར་གསལ།

[9] དཀོན་མཆོག་བསྟན་འཛིན། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ།[J] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2011ལོའི་ཟླ་12 ཤ83

[10] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ།[M] མི་རིགས་དཔེ་སྐྲུན་ཁང་། བར་ཆ། 1982ལོ། ཤ254

[11] འཇིགས་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།[J] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ59

[12] ཡོན་ཏན་ཚེ་རིང་། བཟོ་མཆོག་ལྷ་མོ་ཀུན་མཐོང་།[J] སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2000ལོའི་ཟླ་7 ཤ78

[13] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ།[M] མི་རིགས་དཔེ་སྐྲུན་ཁང་། བར་ཆ། 1982ལོ། ཤ264

[14] ལུའོ་པིང་ཧྥེན་གྱིས་སྒྲིག་འགྲེལ་བྱས། གནའ་རབས་བྲིས་སྐུ་དང་བཟོ་སྐུ་ཕོན་ཕྲ་ཅན་གྱི་ཚད་དང་ལྡན་པའི་གཞུང་ལུགས།[J] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014ལོ། ཤ 82

[15] བསྟན་པ་རབ་བརྟན། བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས།[J] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2013ལོ། ཤ77

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།