“རླངས་འཁོར་བཀྲུ་ས”དང“རླངས་འཁོར་འཁྲུད་ས”གཉིས་ལས་གང་འགྲིག་ལ་དཔྱད་པ།

ནང་དོན་གནད་བསྡུས། བྱེད་པོ་གཞན་འབྲེལ་གྱི་བྱ་ཚིག་ཕལ་མོ་ཆེའི་དུས་གསུམ་གྱི་ཡིག་གཟུགས་མི་འདྲ་བ་དང་། དངོས་པོ་བདག་གཞན་གྱི་དབྱེ་བའང་བྱེད་པོ་གཞན་འབྲེལ་གྱི་བྱ་ཚིག་ལས་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་ལ་མེད་པས། “རླངས་འཁོར་བཀྲུ་ས་”འམ“རླངས་འཁོར་འཁྲུད་ས་”ལྟ་བུའི་མིང་འདུས་མར་འཕྲད་ན། བཀྲུ་དང་འཁྲུད་གཉིས་ལས་གང་འབྲི་བའི་སྐོར་ལ་བསམ་གཞིག་མི་གཏོང་ཐབས་མེད་ཡིན་ལ། འདིར་ཁོ་བོས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དེ་གཉིས་ཀའི་གང་བྲི་དགོས་པ་ལ་དཔྱད་པ་གཏོང་ཁུལ་བྱས་ཡོད་པས། རང་རེའི་སྐད་དང་ཡི་གེའི་འཕྲིན་ལས་མི་ཉམས་གོང་འཕེལ་ཡོང་བར་སྨོན། 

ཐ་སྙད་གཙོ་བོ། དངོས་པོ་བདག་གཞན། མ་འོངས་པའི་ཡིག་གཟུགས། བྱེད་པོ་གཞན་འབྲེལ། ལས་ཙམ། 

ང་ཚོས་ནམ་རྒྱུན་ཚོང་ཁང་གི་སྒོ་བྱང་སོགས་སུ་རླངས་འཁོར་བཀྲུ་ས་དང་། ཁ་པར་བཙོང་ས། གོས་འཁྲུད་ཁང་། དཔེ་འཚོང་ཁང་ལྟ་བུའི་མིང་འདུས་མ་འདི་རིགས་མང་དུ་མཐོང་ཐུབ་ལ། མིང་འདུས་མ་རེ་རེའི་ནང་དུ་བྱ་བྱེད་ཐ་དད་པའམ་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཞིག་ཡོད་པ་ནི་དེ་དག་ཐུན་མོང་གི་ཁྱད་ཆོས་ཡིན། ཡིན་ནའང་། ལ་ལས་བཀྲུ་དང་བཙོང་སོགས་མ་འོངས་པའི་ཡིག་གཟུགས་འབྲི་བ་དང་། ཁ་ཤས་ཀྱིས་འཁྲུད་དང་འཚོང་སོགས་ད་ལྟ་བའི་ཡིག་གཟུགས་སྤྱོད་ཀྱིན་ཡོད། འོ་ན་དོན་དུ་ད་ལྟ་བ་དང་མ་འོངས་པའི་ཡིག་གཟུགས་གཉིས་ཀའི་གང་བྲིས་ན་འགྲིག འདི་ནི་བརྡ་སྤྲོད་ཀྱི་གནད་དོན་གཡོལ་ཐབས་མེད་པ་ཞིག་ཏུ་འཁུམས་པས། ངེས་གསལ་དུ་གཏོང་བ་ནི་ང་ཚོ་དེང་རབས་ཀྱི་བརྡ་སྤྲོད་རྟོག་ཞིབ་བྱེད་མཁན་ཡོངས་ཀྱི་ལས་སྐལ་དུ་བབས་འདུག་གོ །འདིར་ཁོ་བོས་རང་རེའི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོ་སུམ་རྟགས་གཉིས་སུ་བསྟན་པའི་དངོས་པོ་བདག་གཞན་གྱི་རྣམ་གཞག་དང་འབྲེལ་ནས་ཅུང་ཟད་དཔྱད་པར་བྱའོ། །

སྤྱིར་རང་རེའི་རྟགས་ཀྱི་འཇུག་པའི་གཞུང་དུ་སྔོན་འཇུག་ལྔ་བོ་དགོས་པ་ཅིའི་ཕྱིར་འཇུག་པ་སྟོན་པའི་སྐབས་སུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་གཙོ་ཆེར་དམིགས་ནས་སྔོན་འཇུག་རྣམས་བདག་གཞན་དང་དུས་གསུམ་གང་ལ་འཇུག་པ་བསྟན་ཡོད་ནའང་། བདག་གཞན་གཉིས་དུས་གསུམ་གྱི་ཡིག་གཟུགས་གང་གིས་མཚོན་པ་དངོས་སུ་མ་བྱུང་། ཕྱིས་བྱོན་མཁས་པ་རྣམས་ཀྱིས་སྐད་ཆའི་ལག་ལེན་དངོས་ལ་ཡང་ཡང་བརྟགས་མཐར། “བདག་གི་དངོས་པོ་མཚོན་པའི་སྒྲ་གདངས་སམ་ཡིག་གཟུགས་ནི་བྱ་བ་ད་ལྟ་བ་མཚོན་པའི་སྒྲ་གདངས་སམ་ཡིག་གཟུགས་དང་མཐུན“[1]པ་དང་། ”བྱ་བའི་ལས་དང་གཞན་གྱི་དངོས་པོ་མཚོན་པའི་སྒྲ་གདངས་སམ་ཡིག་གཟུགས་ནི་བྱ་བ་མ་འོངས་པ་མཚོན་པའི་སྒྲ་གདངས་སམ་ཡིག་གཟུགས་དང་མཚུངས” [2]པར་ཤེས། དེ་ཡིན་པས་ན། བཀྲུ་སའམ་འཁྲུད་ས། བཙོང་སའམ་འཚོང་ས་ཞེས་པའི་སྐབས་སུ་མ་འོངས་པའི་ཡིག་གཟུགས་བྲི་དགོས་སམ་ད་ལྟ་བའི་ཡིག་གཟུགས་བྲི་དགོས་པ་ལ་དེ་དག་སོ་སོ་བདག་གཞན་གང་གི་ཁོངས་གཏོགས་ཡིན་པ་ཤེས་ན་རྨོངས་པའི་མདུད་པའང་ངང་གིས་གྲོལ་འགྲོའོ། །

དང་པོ།

དཔའ་རིས་སངས་རྒྱས་ལགས་ཀྱིས། “བདག་གཞན་ཞེས་བྱའི་རྩ་བ་ནི། །བྱ་བྱེད་ལས་གསུམ་རྣམས་ཡིན་ཏེ། །བྱེད་པ་ལ་ནི་གཙོ་ཕལ་གཉིས། །བྱེད་པ་གཙོ་བོ་སྒྲུབ་མཁན་དང་། །བྱེད་པ་ཕལ་བ་སྒྲུབ་སྤྱད་ཡིན། །ལས་ལ་བྱ་ཡུལ་བསྒྲུབ་བྱ་གཉིས། །བྱ་བའི་ཡུལ་ལ་ལས་ཙམ་དང་། །བསྒྲུབ་པར་བྱ་བ་ལས་དངོས་ཡིན། །”[3]ཞེས་དང་། “ཤིང་བཟོས་སྟ་རེས་ནགས་ཚལ་དུ། །སྡོང་བོ་བཅད་ནས་ཆོད་པ་ལས། །ཤིང་བཟོ་བྱེད་པ་གཙོ་བོ་དང་། །སྟ་རེ་བྱེད་པ་ཕལ་བ་ཡིན། །ནགས་ཚལ་གཅད་ཡུལ་ལས་ཙམ་དང་། །སྡོང་བོ་གཅད་བྱ་ལས་དངོས་ཡིན། །” [4]ཞེས་དང་།“ཤིང་བཟོ་སྟ་རེ་བཅད་པ་གསུམ། །བདག་གི་ཁོངས་སུ་གཏོགས་པ་དང་། །ནགས་ཚལ་སྡོང་བོ་ཆོད་པ་གསུམ། །གཞན་གྱི་ཁོངས་སུ་གཏོགས་པའོ། །ཤིང་བཟོ་ལ་སོགས་བྱ་ཚིག་གིས། །མཚོན་པར་བྱས་ན་འདི་ལྟ་སྟེ། །གཅོད་པ་བོ་ཡིས་གཅོད་བྱེད་ཀྱིས། །གཅད་སའི་གཅད་བྱ་བཅད་ཆོད་ཅེས། །ཐ་སྙད་འདི་ལྟར་བཏགས་པ་ཡིན། །” [5]ཞེས་པའི་གསུང་ལ་བལྟས་ན། ནགས་ཚལ་ནི་ལས་ཙམ་སྟེ་གཞན་གྱི་ཁོངས་སུ་གཏོགས་པས། གཅད་ཡུལ་དང་གཅད་ས་ཞེས་མ་འོངས་པའི་ཡིག་གཟུགས་བྲིས་ཡོད་དོ། །

དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས། “བྱེད་པོ་བྱེད་པ་བྱེད་ལས་བདག །བྱ་ཡུལ་བྱ་རྒྱུ་བྱ་ལས་གཞན། །” [6]ཞེས་བྱ་ཡུལ་དང་བྱ་རྒྱུ་གཉིས་ཀ་དངོས་པོ་གཞན་དུ་གཏོགས་པར་བཞེད་ཅིང་། ཡང་ཁོང་གིས་“བྱ་ཡུལ་ཞེས་པ་བྱེད་པ་པོས། །བྱ་བ་གང་རུང་བྱེད་པའི་ཚེ། །བསྒྲུབ་བྱ་དེ་ཡི་བརྟེན་སའམ། །བྱ་བ་བསྒྲུབ་ས་དེ་ཉིད་ཡིན། །དཔེར་ན་བུ་ལོན་གཏང་སའི་ཡུལ། །དབུལ་བོ་ཉིད་ལས་ནོར་དེ་མིན། །དེ་བཞིན་ལག་པ་བཀན་ས་ཡང་། །རྡོ་ཤིང་སོགས་ལས་ལག་པ་མིན། །གཅད་བྱའམ་གཅད་རྒྱུ་ལྕང་མ་སྟེ། །གདབ་རྒྱུའི་ས་བོན་ལྟ་བུའོ། །” [7]ཞེས་དང་། “གོང་གི་དཔེར་བརྗོད་ཆུ་གཉེར་གྱིས། །དཀར་ལྟེར་འཕང་ལོ་བསྐོར་ལྟ་བུ། །……  བསྐོར་སའམ་བྱ་ཡུལ་དཀར་ལྟེའི་སྟེང་། །བསྐོར་བྱ་ཤིང་གི་འཕང་ལོ་སྟེ། །” [8]ཞེས་བརྟེན་ས་དང་། བསྒྲུབ་ས། གཏང་ས། བཀན་ས་སོགས་བྱ་ཡུལ་ཡིན་པ་ཚང་མར་མ་འོངས་པའི་ཡིག་གཟུགས་བྲིས་ཡོད་པ་ལྟ་བུའོ།། འདིར་བྱ་ཡུལ་བྱ་རྒྱུ་ཞེས་པའི་སྐབས་ཀྱི་བྱ་ཡུལ་དང་དཔའ་རིས་སངས་རྒྱས་ལགས་ཀྱི“ལས་ཙམ”ཞེས་པ་དང་། ལྕགས་ཐར་རྒྱལ་ལགས་ཀྱིས་“བྱ་ཡུལ་ལའང་བྱ་བ་གང་ཞིག་དང་འབྲེལ་བ་དམ་ལྷོད་ཀྱི་དབང་གིས། དངོས་ཡུལ་དང་འབྲེལ་ཡུལ་གྱི་ཁྱད་པར་ཡོད་”ཅེས་པའི་སྐབས་ཀྱི“འབྲེལ་ཡུལ”རྣམས་མིང་གི་རྣམ་གྲངས་ཡིན་པ་ཤེས་པར་གྱིས།

སྐལ་བཟང་འགྱུར་མེད་ལགས་ཀྱིས། “བྱ་བ་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་། དེའི་བྱེད་པ། དེ་དང་འབྲེལ་བའི་བྱེད་ལས་ད་ལྟ་བ་བཅས་ལ་དངོས་པོ་བདག་ཅེས་བྱ་ཞིང་། བྱེད་པ་པོས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་། ལས་ཀྱི་དངོས་པོ། དེ་དང་འབྲེལ་བའི་བྱ་ལས་མ་འོངས་པ་བཅས་ལ་དངོས་པོ་གཞན”[9] ཞེས་བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མར་གསུངས་ཤིང་། ཁོང་གིས “བྱ་བྱེད་ཐ་དད་པའི་བྱ་ཚིག་གི་དངོས་པོ་བདག་གཞན་གྱི་འབྲེལ་བ་ལ་བརྟེན་ནས་བསྟན་དོན་མི་འདྲ་བའི་མིང་ངམ་མིང་གི་ཚོགས་པ་བསྒྲུབ་པ་ནི་བོད་སྐད་ཀྱི་མིང་བཟོ་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་”ཞེས་གསུངས་པ་ནི་རང་རེའི་བརྡ་སྤྲོད་པའི་གཞུང་ལ་མ་རྨོངས་པའི་རྟགས་ཡིན་ལ། ཡང་དེབ་དེར། “བྱ་བའི་ཡུལ་མཚོན་པའི་དངོས་པོའི་མིང་ནི་བྱ་བྱེད་ཐ་དད་པའི་བྱ་ཚིག་གི་མ་འོངས་པའི་ཡིག་གཟུགས་ཀྱི་རྗེས་སུ་གནས་ཡུལ་བསྟན་པའི་རྐྱེན‘ཡུལ’་ལམ‘ས’སྦྱར་ནས་གྲུབ་པ་དཔེར་ན། གཅད་ཡུལ་དང་བྲི་ཡུལ། གཅད་ས་དང་བྲི་ས་ལྟ་བུ ”ཞེས་བྱུང་བ་དང་། ད་དུང་།“གཅད་ཡུལ་ནགས་ཚལ་དུ་གཅོད”ཞེས་དང“གྱོན་གོས་བཀྲུ་སའི་ཁང་བ།” “བསྒྲུབ་ཡུལ་(ས་གནས)དང་ཉོ་ཡུལ་(ཁྲོམ)”སོགས་གོ་སླའི་དཔེ་ཡི་སྒོ་ནས་གསལ་བར་བསྟན་པས་རྟོག་པའི་དྲ་བ་རྣམ་པར་བསལ་ཏོ། ། 

འབྲུ་འགྲེལ་འཕྲུལ་ལྡེའི་གསལ་འགྲེལ་ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་དུའང་། “(དཔེར་ན། ཡི་གེ་འབྲི་ལྟ་བུའི་བྱེད་ཚིག་ལ་མཚོན་ན)བྱེད་པ་པོའི་དངོས་པོ(བཀྲ་ཤིས་ལྟ་བུ)དེ་ཉིད་དང་དེའི་བྱེད་པ(འབྲི་བྱེད་ཀྱི་ལག་པ། འབྲི་སྙུག་འབྲི་བའི་བྱེད་ལས)དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེའི་བསྒྲུབ་པར་བྱ་བའི(བྱ་ཚིག་གིས་མཚོན་པའི)ཡུལ་གྱི་དངོས་པོ(བྲི་གཞིའི་ཤོག་བུ། བྲི་བྱའི་ཡི་གེ་བྲི་བའི)བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །”[10]ཞེས་དང་། “དེའང་བྱེད་ཚིག་གིས་མཚོན་དགོས་པ་ནི། བྱེད་པ་པོ་དང་། བྱེད་པ། བྱེད་པའི་ལས་གསུམ་ཡིན་ཞིང་། དེ་རྣམས་ལ་བདག་ཏུ་གཏོགས་པའི་ཆོས་གསུམ་ཞེས་བརྗོད་ན། རེ་རེ་ནས་བདག་གཞན་གཉིས་སུ་ཕྱེ་བའི་བདག་ཡིན་པར་གོ་ཐུབ། བྱ་ཚིག་གིས་མཚོན་དགོས་པ་ནི། བྱ་བ་སྒྲུབ་པའི་གཞིའི་རྣམ་པར་གནས་པའི་ཡུལ་བྲི་གཞི་ཤོག་བུ་ལྟ་བུ་དང་། བྱ་རྒྱུའི་ལས་ཀྱི་རྣམ་པར་གནས་པའི་ལས་ཀྱི་དངོས་པོ་བྲི་བྱའི་ཡི་གེ་ལྟ་བུ་དང་། ལས་དེ་བྱེད་པའི་ཡི་གེ་བྲི་བའི་བྱ་བ་ལ་བྱ་བའི་ལས་ཞེས་བརྗོད་པ་དེ་གསུམ་ཡིན་ཞིང་། དེ་རྣམས་ལ་གཞན་དུ་གཏོགས་པའི་ཆོས་གསུམ་ཞེས་བརྗོད་ན། རེ་རེ་ནས་བདག་གཞན་གཉིས་སུ་ཕྱེ་བའི་གཞན་ཡིན་པར་གོ་ཐུབ་པའི་དགོས་པ་ཡོད་པའོ། །” [11]ཞེས་གསལ་བོར་གསུངས་ཡོད་པས་རེ་རེ་ནས་འགྲེལ་བཤད་བྱེད་པའི་ངལ་བ་མ་མཆིས་སོ། །

སྤྱིར་“དངོས་པོ་བདག་དང་གཞན་ཞེས་པའི་ཐ་སྙད་ཆ་འདི་ཡང་བྱ་བ་བརྗོད་པའི་མིང་གི་གྲུབ་ལུགས་ཀྱི་དོན་ལ་དགོས་པ་ལྷག་པོ་མེད་ཀྱང་། བྱ་བ་ཞིག་གི་འགྲུབ་རྐྱེན་སོ་སོའི་བར་གྱི་རྟེན་འབྱུང་གི་གནས་ལུགས་རྟོགས་པ་ལ་དབྱེ་སྒོ་གཞན་ཀུན་བས་ཀྱང་གལ་ཆེ་བ་  ”[12]དང་“བྱ་བ་དེ་ནི་བྱེད་པ་པོ་དང་བྱ་བ་གཉིས་ཕན་ཚུན་འཕྲད་ཅིང་ལྟོས་པ་ལས་བྱུང་བའི་རྟེན་འབྱུང་གི་དོན་ཞིག་ཡིན་”[13]པ་དང་། “འཇིག་རྟེན་ཁམས་ཀྱི་ལས་རིགས་གང་ཞིག་ཡིན་རུང་། །སྦྱོར་དངོས་མཇུག་གསུམ་དུ་མཐུན་རྐྱེན་དྲུག་སྟེ། བདག་གི་དངོས་པོ་གསུམ་དང་། གཞན་གྱི་དངོས་པོ་གསུམ་ལེགས་པར་འཛོམས་ན། འདོད་དོན་བདེ་བླག་ཏུ་འགྲུབ་ལ། མཐུན་རྐྱེན་ཁེར་རེ་ཞིག་ཆད་ཀྱང་ཅི་འདོད་དོན་དུ་མི་སྨིན” [14]པའི་དབང་གིས། སློབ་དཔོན་ཐོན་མིས་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལ་དངོས་པོ་བདག་གཞན་གྱི་རྣམ་གཞག་མཛད་པ་ནི་བརྡ་སྤྲོད་ཀྱི་གནད་དོན་ཁོ་ན་ངེས་པའི་ཕྱིར་མིན་པར་ཟབ་མོ་རྟེན་འབྱུང་གི་གནས་ལུགས་བསྟན་པའི་ཆེད་ཀྱང་ཡིན་པས། རང་ཅག་གིས་སྔོན་བྱོན་མཁས་དབང་རྣམས་ཀྱི་དགོངས་གཞི་ཁྱད་པར་ཅན་འདི་དག་ཤེས་ཅི་ཐུབ་བྱས་ཏེ། ལག་ལེན་དངོས་སུའང་དཀའོ་སྙམ་ནས་སླ་མོའི་ཕྱོགས་སུ་འགྲོ་འདོད་ཀྱི་བསམ་ཚུལ་རིང་དུ་སྤངས་ནས་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་རྒྱུད་འཛིན་བྱས་ན་སྐད་ཆའི་གཏན་ཚིགས་མི་ཉམས་པ་དང་བོད་སྐད་སོ་མི་ལུག་པ་སོགས་ཀྱི་དགེ་མཚན་ལྡན་པར་སེམས་སོ། །

གཉིས་པ། 

བོད་རྒྱ་ཚིག་མཛོད་ཆེན་མོར། སྲོ་ཁང་། བསྲོ་ཁང་། འབྲི་ཤོག བྲི་ཤོག སྲེག་ཁང་། བསྲེག་ཁང་། སྲེག་རྫས། བསྲེག་རྫས། སློབ་དེབ། བསླབ་དེབ། འབྲི་དེབ། བྲི་དེབ། གཏོད་ས།  གཏད་ས་སོགས་མང་པོ་ཞིག་གདམ་ངའི་ཚུལ་དུ་བཞག་ཡོད་ཀྱང་། བོད་སྐད་བརྡ་སྤྲོད་ཀྱི་ངེས་སྲོལ་དང་མཐུན་པ་ནི་ཕྱི་མ་རྣམས་ཡིན་ལ། སྔ་མ་རྣམས་མ་དག་པའོ། འོན་ཀྱང་ལས་དང་པོ་བ་རྣམས་སྨྲ་ཅི་དགོས། སྔོན་ཀྱི་མཁས་ཆེན་དེ་ཚོའི་རྩོམ་དུའང་སྔ་མ་རྣམས་མང་དུ་སྤྱོད་པ་ནི་ཅིའི་ཕྱིར་ཞེ་ན། དཔའ་རིས་སངས་རྒྱས་ཀྱིས། “མཁས་ཆེན་དེ་དག་ཀྱང་རང་སྐད་གོམས་ཤུགས་ཀྱིས་བྱ་བའི་མིང་གི་འཇུག་པ་སླའོ་སྙམ་ནས། མ་བརྟགས་པའི་དབང་གིས་བློ་ངོར་མ་ངེས་པ་འདྲ། དེ་ཕྱིར་ཁོང་རྣམ་པས་བྱ་བྱེད་ལས་གསུམ་དང་དུས་གསུམ་དང་བཅས་པ་བདག་གཞན་གྱི་ཟླས་ཕྱེ་བ་ལས། དབྱེ་སྒོ་ལ་ལ་མ་འདུས་པ་དང་། ལ་ལ་ཕན་ཚུན་འབྲེལ་མ་ཆགས་པའམ་འཛིངས་པར་གྱུར་བ་ནི། ཕལ་ཆེར་ཐུགས་དགོངས་དེ་ཕྱོགས་མ་ཁེབས་པའི་སྐྱོན་ཡིན་པར་སེམས་སོ། །”[15] ཞེས་གསུངས་པའང་གནས་ལུགས་མེད་པའི་གཏམ་ག་ལ་ཡིན། དེར་མ་ཟད། བྱ་བའི་མིང་གི་དུས་གསུམ་ལས་མ་འོངས་པའི་ཚབ་ཏུ་ད་ལྟ་བའི་ཡིག་གཟུགས་འབྲི་བ་དང་། འདས་ཚིག་གི་ཚབ་ཏུ་སྐུལ་ཚིག་འབྲི་བ་སོགས་བརྡ་སྤྲོད་ཀྱི་གནད་དོན་མང་པོ་ཞིག་ད་ལྟའི་རྩོམ་ཡིག་ཁག་ཅིག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གནས་པ་ནི་མིག་མཐོང་ལག་ཟིན་ཡིན་ལ། ཡིག་སྐད་ལ་ཡིག་སྐད་ཀྱི་ཁྱད་ཆོས་ཡོད་པས། ཁ་སྐད་དང་བསྟུན་ཆེས་ན། ནམ་ཞིག་ཨ་མདོ་བས་བྲིས་པའི་རྩོམ་རྣམས་དབུས་གཙང་བས་མི་གོ་བ་དང་། དབུས་པ་རྣམས་ཀྱིས་བྲིས་པའི་རྩོམ་དག་ཁམས་པ་རྣམས་ཀྱིས་མི་ཤེས་པའི་ཚོད་དུ་ལྷུང་སྲིད་པས་ན། སྐད་ཡིག་གི་དག་ཆ་ལ་བརྩོན་པ་ནི་གཙུག་ལག་རིག་གནས་ལ་ཕན་པའི་བྱ་བ་གལ་ཆེན་ཞིག་ཡིན་སྙམ་མོ། །

འདིར་མཁས་པ་རྣམས་ཀྱིས་རྩོམ་ཀྱི་ལག་ལེན་དུ་དངོས་པོ་བདག་གཞན་གྱི་རྣམ་གཞན་མ་ནོར་བར་སྤྱོད་པའི་དཔེར་བརྗོད་འགའ་དྲང་བར་བྱ།

1.མེ་ལ་བསྲོ་དང་བསྲོ་ཁང་སོགས། །བས་འཕུལ་ས་ལ་ར་བཏགས་པའོ། །(བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་བཞུགས་སོ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ།)

2.རབ་དགའི་དགའ་སྟོན་དཔལ་འབྱོར་འདི། །ལག་ལྡན་ཆུང་མ་གཡོ་མེད་དུ། །རྟོད་ཐག་གདགས་སའི་དབྱུག་པ་སྟེ། །ཐིག་ལེ་ཅན་གྱི་ཡིད་འཛིན་གྲོང་། །(རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད། ཞང་ཞུང་ཆོས་དབང་གྲགས་པ།)

3.“བོད་ཀྱི་དགོན་པ་ནི་ཆོས་ལུགས་ཀྱི་བྱ་འགུལ་བསྒྲུབ་ས་དང་རིག་གནས་སྣ་ཚོགས་སྤེལ་བའི་གནས་ཡིན་པ།” (ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།)

4.ཀློང་གསལ་མན་ངག་སྡེ་ཡི་གནད་བསྒོམས་པའི། །སྔོན་བྱོན་ཞིག་པོ་རྣམས་ཀྱི་བསྒྲུབ་ས་ཡིན། །(དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྟོད་པ་རྡོ་རྗེའི་གཱ་མ་ཀ  ཀུན་མཁྱེན་འཇིགས་མེད་གླིང་བ།)

5.སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦེང་གི་ཚུལ་གྱིས་བསྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད། (གསང་སྤྱོད་སྙན་བརྒྱུད་དང་སྒྲུབ་ཐབས་རྒྱུན་ཁྱེར་སོགས་ཀྱི་སྐོར་བཞུགས་སོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ།)

6.དེ་མ་གྲུབ་ན་རང་གི་བསྒྲུབ་ཁང་གི་ཐེམ་འོག་ཏུ་སྦས་ཀྱང་རུང་། མཆོད་གནས་དབང་བསྡུས་ཡིན་ན་སྒོའི་ཡ་ཐེམ་ལ་སྦ་བ་ཡིན། (ཛམ་དམར་དང་དབྱུག་གུ་མ་མཆེད་གསུམ་གྱི་ཆོས་སྐོར་བཞུགས་སོ། ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།)

7.དཔལ་འབྱོར་བསྒྲུབ་ཡུལ་ཙམ་གྱི་དགོན་པ་དེ་ནི་ཡོད་མེད་ཀྱི་ཁྱད་པར་ཅི་ཡང་མི་འདུག(བསླབ་བྱ་ཉུང་བསྡུས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།)

8.༡༩༥༢ལོར་དཔལ་ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བཤད་གྲྭ་བཙུགས་པས་བཤད་སྒྲུབ་ཟུང་གི་བསྟན་པ་རྒྱས་པར་གྱུར།(འཛོམ་ཉག་བསམ་འགྲུབ་སྡེ་ཆེན་གླིང་། བསེ་མཁར་ཀུན་དགའ་ཚེ་རིང་།)

9.དེ་བསྐུར་ཡུལ་གྱི་སློབ་མ་མཆོག་དེ་ནི། སྔར་དབང་གིས་སྨིན་ཟིན་པར་སློབ་མ་མཆོག་དེ་ངོས་འཛིན་པའི་གཞུང་ཚིག་གི་ནུས་པ་ལས་ཤེས་པའི་ཕྱིར་རོ། །(སྡོམ་གསུམ་རབ་དབྱེའི་དཀའ་འགྲེལ་སྦས་དོན་གནད་ཀྱི་སྙིང་པོ་གསལ་བྱེད་ལས། ཕྱག་ཆེན་རྩོད་སྤོང་སྐབས་ཀྱི་ལེགས་བཤད་ཉི་མའི་འོད་ཟེར་བཞུགས་སོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།)

10.རྒྱང་གྲགས་གཅིག་ནས་ལོག་སྟེ་བསྐུར་ས་ནས། འབེན་གང་ཙམ་གྱི་གོང་དུ་བྱུང་ནས་དེ་ལྷས་ཁྱེར་ཏེ་བསྐུར་ས་དང་ལོགས་བྱུང་པ་གསུམ་ན་རྡོ་རིང་འདོམ་རེ་ལྷག་ཙམ་གྱི་ནང་ན་རྡོའི་མཆོད་རྟེན་རེ་བཞུགས་སོ། །(རྡོ་རྗེའི་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་བཞུགས་སོ། བཅོམ་ལྡན་རིག་པའི་རལ་གྲི།)

11.མ་ལ་ཡ་ཅན་མས་ལྷ་མོ་ལ་ཡིད་ཆད་དང་བཅས་ཏེ་དམོད་བཙུགས་ནས་མེ་ཏོག་བསྲེག་ཁང་དུ་དོར།(རྒྱལ་བའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་དོན་འགྲེལ་ལེགས་པར་བཤད་པ་ཚོགས་གཉིས་བསམ་འཕེལ་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།)

12.སྔར་གྱི་སྦྱིན་སྲེག་གཞིར་བྱས་པ་ལ། བསྲེག་ཁང་བརྩིགས་ནས། ཐོག་མར་བགེགས་ཞི་དྲག་གིས་སྦྱང་བ།(ཀུན་རིག་གི་ཞི་བའི་སྦྱིན་སྲེག་བཞུགས་སོ། །  གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ)

13.དུག་ཁང་ནི་ཁྲུས་ཁང་ངམ་བསྲོ་ཁང༌། དཔྱ་བ་ནི་འཕྱ་བ། སྔ་ཟ་ནི་སྔ་བ།(དག་ཡིག་མཁས་པའི་འབྱུང་གནས་ལས་བརྡ་གསར་རྙིང་གི་སྐོར། ལྕང་སྐྱ་རོལ་པའི་རྡོ་རྗེ།)

14.བསྲོ་ཁང་བསྟེན་པར་བྱའོ། །བསྲོ་ཁང་གི་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་། །དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུར་གདོད་དོ།(གཞུང་པོ་ཏི་ལྔའི་རྩ་བ་བཞུགས་སོ། ། རྗེ་བཙུན་བྱམས་པ་མགོན་པོ་སོགས།)

15.སྐུ་གཟུགས་ཀྱི་འགྲོ་དོན་མཛད་ཚུལ་དང་། བསྲོ་ཁང་སྒྲུབ་ཚུལ་དང་། དགེ་འདུན་བསྡུས་ནས་བསྟན་པའི་བྱ་བ་བྱེད་ཚུལ་རྒྱས་པར་གསུངས་པ་བཞིན་དུ་སྔོན་གྲུབ་ཆེན་ཀམྦྷ་ལས་ཀྱང་གྲུབ་པ་ཐོབ།(རྟེན་གསུམ་བཞེངས་ཚུལ་དཔལ་འབྱོར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།)

16.བོན་དགོན་འདུས་སྡེ་སོགས་གོང་སྨོས་ཀྱི་དགོན་སྡེ་ཆེ་ཤོས་རྣམས་དང་འབྲེལ་བའི་སྒྲུབ་སྡེ་དང་། བསླབ་གྲྭ་མཁན་པོ་བླ་མ་བཅས་ལ་འབྲེལ་དང་མཐུན་པར། དར། གོས་ཆེན། ཐེར་ཕྲུག །གཅན་ཤུན། ཇ་དངུལ་སོགས་ནམ་བཟང་སོ་སོར་གང་ཟབ་རེ་ལེགས་པར་ཕུལ།(བླ་མའི་རྣལ་འབྱོར་སྐོར་ཡེ་ཤེས་བདུད་རྩིའི་སྣང་བ་མཆོག་སྦྱིན་བཞུགས་སོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ།)

17.སྒོ་རུམ་དང་གཟུར་ཁང་དུ་ངེད་རང་གིས་བརྟག་པ་བྱས་པའི་འབབ་ལུགས། ཆོས་སྐྱོང་ཆེན་པོའི་ལུང་བསྟན་སོགས་མཚུངས་པར་བྱུང་བ་ཡིན།(དཔལ་ས་སྐྱའི་སྐྱེས་ཆེན་འགའི་སྐུ་རྟེན་འགའི་གཟུངས་གཞུག་དང་རྟེན་དུ་མའི་དཀར་ཆག  ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།)

18. “བོད་ཀྱི་བསླབ་གྲྭའི་སྤྱི་དཔོན……”དང“བོད་ཀྱི་བསླབ་གྲྭའི་རིམ་པ”སོགས། (དག་ཡིག་མཁས་པའི་འབྱུང་གནས། ལྕང་སྐྱ་རོལ་བའི་རྡོ་རྗེ།)

19.“དེ་དག་གི་བསྒྲུབ་གནས་དང་། གདན་ས།” (ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།)

20. “པོག་ཕོར། <རྙིང>སྤོས་ཕོར་ཏེ་བདུག་སྤོས་བསྲེག་སྣོད།”(བོད་རྒྱ་ཚིག་མཛོད་ཆེན་མོ།)

21.མཁར་དང་བཙན་རྫོང་བརྩིག་ས་རི་བོའི་རྩེའམ་སྐེད་ཡིན་པས། མིང་ལའང་རྩེ་ཞེས་བརྗོད་པ་ཡིན།(ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།)

22.གཙུག་ལག་ཁང་མང་པོའི་ཉམས་གསོ་དང་གསར་བཞེངས་མཛད་ཚུལ། གསུང་རབ་གླེགས་བམ་དུ་མ་བརྩམས་ཚུལ། བསྒོམ་གྲྭ། སྔགས་གྲྭ། བཤད་གྲྭ་སོགས་བཏབ་ཚུལ།(དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།)

སྤྱིར་དངོས་པོའི་མིང་ལ་དུས་ཀྱི་ཐ་སྙད་མི་འཇུག་པ་ནི་བདེན་མོད། འོན་ཀྱང་མིང་འདུས་མའི་ནང་དུ་བྱ་བའི་མིང་རེ་བྱུང་ན། དེ་དུས་གསུམ་གྱི་ཡིག་གཟུགས་གང་གིས་མཚོན་དགོས་པ་ནི་བསམ་བློ་མི་གཏོང་ཐབས་མེད་ཀྱི་གནད་དོན་ཞིག་ཡིན་པས། བརྡ་སྤྲོད་པའི་གཞུང་དང་མི་འགལ་ཞིང་མི་མང་གིས་དང་ལེན་བྱ་སླ་བའི་སྐད་ཆའི་སྦྱོར་བ་སྤེལ་བ་ནི་ཤིན་ཏུ་གལ་ཆེ་བ་ལས། དྲ་ལམ་གྱི་འཕྲིན་སྟེགས་སྣ་ཚོགས་སུ་མངོན་པའི་རྩོམ་མ་བརྟགས་མ་དཔྱད་པའམ། ཡིད་ལ་གང་དྲན་ཡིག་ངོར་ཕབ་པ་འགའ་ཞིག་གི་རྗེས་སུ་འབྲངས་ན་ནམ་ཡང་འཕེལ་རྒྱས་མེད་པ་ཆོས་ཉིད་ཡིན་པས། བྱ་བ་གང་བྱས་ནན་ཏན་དང་ཞིབ་ཚགས་ཀྱི་གོམས་གཤིས་ལྡན་པར་གྱིས་ཤིག་གོ། ། 

ཟུར་ལྟའི་ཡིག་ཆ།

【1】【2】བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ།[M] དོར་ཞི་གདོང་དྲུག་སྙེམས་བློ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999(108)

【3】【4】【5】 དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།[M] དཔའ་རིས་སངས་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017(182)

【6】【7】【8】བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ། [M]དུད་བླ་བུ་ཆུང་། མི་རིགས་དཔེ་སྐྲུན་ཁང་། 2012(282-283)

【9】བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ། [M]སྐལ་བཟང་འགྱུར་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2004(446)

【10】【11】འབྲུ་འགྲེལ་འཕྲུལ་ལྡེའི་གསལ་འགྲེལ་ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་།  [M]བུ་ཕྲུག་དང་གནས་བརྟན། མི་རིགས་དཔེ་སྐྲུན་ཁང་། 1997(107-108)

【12】【13】བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག[M]ལྕགས་ཐར་རྒྱལ། མི་རིགས་དཔེ་སྐྲུན་ཁང་། 2017(610)

【14】དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།[M] དཔའ་རིས་སངས་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017(183)

【15】དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།[M] དཔའ་རིས་སངས་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017(180)


རྩོམ་པ་པོའི་ལོ་རྒྱུས། 

མིང་། པད་མ་ཚེ་རིང་། 

ཕ་ཡུལ། གཙོས། (ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར།)

བསླབ་གནས། རམ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། 

ཆེད་ལས། གྲངས་ཉུང་མི་རིགས་ཀྱིི་སྐད་བརྡ་དང་རྩོམ་རིག

ཞིབ་འཇུག་ཁ་ཕྱོགས། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་ཉེར་སྤྱོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།