ཆོས་རྗེ་ས་པན་གྱི་སྒྲ་འཇུག་ལས་བསྟན་པའི་ཡི་གེའི་མཚན་ཉིད་ཀྱི་རྣམ་གཞག་གཞིར་བྱས་ཏེ་བོད་ཀྱི་ཡི་གེའི་མཚན་ཉིད་ཀྱི་སྐོར་མདོ་ཙམ་གླེང་བ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ཆོས་རྗེ་ས་པན་གྱི་སྒྲ་འཇུག་ལས་བོད་ཀྱི་ཡི་གེའི་མཚན་ཉིད་ལ་སྒྲ་གང་ཞིག་འབྲུར་ཆགས་པའོ་ཞེས་གསུངས་ཡོད་པར། དེང་གངས་ཅན་བརྡ་སྤྲོད་སྨྲ་བ་ལ་ལས་ཆོས་རྗེའི་དགོངས་པ་དང་ཅུང་ཟད་འགལ་ནས་གོ་བ་ལེན་གྱིན་པ་ཁོ་བོས་མཐོང་ནས། དེ་དོན་ས་པན་མཆོག་གི་དགོངས་པ་དང་འབྲེལ་ནས་ཅུང་ཟད་གླེང་བར་བྱའོ། །

གནད་ཚིག  ས་པན།  སྒྲ  ཡི་གེ  མཚན་ཉིད།   

དང་པོ།  སྔོན་བྱོན་མཁས་པའི་ཡི་གེའི་མཚན་ཉིད་ཀྱི་བཞེད་པ། 

དེ་ཡང་ཡི་གེའི་མཚན་ཉིད་ཀྱི་སྐོར་ལ་བསྟན་བཅོས་《སྒྲ་འཇུག》ལས།“སྒྲ་གང་ཞིག་འབྲུར་ཆགས་པའོ། །”ཞེས་དང་། 《ཚད་མ་རྣམ་འགྲེལ།》ལས་“ཡི་གེའི་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །”ཞེས་དང་། “ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །”ཞེས་དང་། དཔང་ལོ་རྩ་བས།“བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་གཅིག་ཡི་གེའི་གདངས་རྣམས་སྐྱེ། །”ཞེས་དང་། ཆོས་རྗེས་རང་ཉིད་ཀྱི་《མཁས་འཇུག》ལས།“དོན་མི་སྟོན་པའི་སྒྲ་སྤྱི་སྣང་བ།”ཞེས་དང་། མཁས་མཆོག་ཨ་ལག་ཤ་སོགས་བརྡ་སྤྲོད་སྨྲ་བ་མང་པོས།“མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་སོ། །”ཞེས་སོགས་གསུངས་པ་ལྟར་བོད་ཀྱི་མཁས་པ་སྒྲ་ཚད་སྨྲ་བ་ཀུན་ལ་ཡི་གེ་ནི་རྣ་ཤེས་ཀྱི་མཉན་བྱ་ཡིན་པ་ཡོངས་གྲགས་ལྟར་རོ། །

གཉིས་པ།  གཞན་ལུགས་དགག་པ་དང་རང་ལུགས་བརྗོད་པ།

ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་ལ་ལས།“སྒྲ་གང་ཞིག་འབྲུར་ཆགས་པའོ། །”ཞེས་པར་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་དང་དེ་ཉིད་གཟུགས་སུ་ཕབ་པ་ལ་ཡི་གེ་ཞེས་གསུངས་ཀྱང་དེ་ནི་ཆོས་རྗེའི་དགོངས་པར་མི་འཐད་སྙམ། སྐབས་འདིར་ཆོས་རྗེས་འབྲུར་གསུངས་པ་དེ་ནི་གཟུགས་ལ་གོ་བ་མ་ཡིན་གྱི། སྒྲ་འབྲུ་ལ་གོ་བ་ཡིན། དེ་ཡང་སྐབས་བབས་བརྗོད་བྱའི་དབང་དུ་བགྱིས་ན་དབྱངས་གསལ་གཉིས་ཀྱི་སྒྲ་འབྲུར་གོ་བ་ཡིན། དེ་ཡང་ཡིན་ཏེ་ཡི་གེ་ནི་སྒྲ་ཡིན་པ་གང་ཞིག་དབྱངས་གསལ་གཉིས་ཀྱི་སྒྲ་འབྲུ་རེ་རེས་ཆགས་པའམ་གྲུབ་ཡོད་པའི་ཕྱིར། གཞན་ཡང་ཆོས་རྗེས་སྒྲ་གང་ཞིག་ཞེས་གསུངས་པ་དེ་ནས་ཀྱང་ཡི་གེ་ནི་རྣ་ཤེས་ཀྱི་མཉན་བྱ་ཞིག་ཡིན་པ་ལས་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་བཀག་པའང་ཞར་ལ་རྟོགས་ཐུབ་སྙམ། གལ་ཏེ་སྐབས་དེའི་འབྲུ་ཞེས་པ་ནི་གཟུགས་ལ་གོ་ན།  ཆོས་རྗེའི་ཐུགས་དགོངས་པ་གོང་འོག་ཕན་ཚུན་འགལ་བར་འགྲོ་བ་ཡིན་ཏེ་རྒྱུ་མཚན་ནི་ཆོས་རྗེའི་《མཁས་འཇུག》དང་《བྱིས་པ་བདེ་འཇུག་གི་རྣམ་བཤད།》སོགས་སུ་“དོན་མི་སྟོན་པའི་སྒྲ་སྤྱི་སྣང་བ།”ཞེས་ཡི་གེ་ནི་སྒྲར་གོ་བ་ལས་གཟུགས་ལ་གོ་བ་ནི་མི་སྣང་བས་སོ། །གངས་རིའི་ལྗོངས་འདིར་སྙན་གྲགས་ཀྱི་བ་དན་ཕྱོགས་མཐར་གཡོ་བའི་འཇམ་དབྱངས་རྣམ་གསུམ་གྱི་གྲས་སུ་བཞུགས་པའི་མཁས་དབང་འདི་ལྟ་བུས་ཁོང་རང་གི་ཐུགས་དགོངས་ལ་དེ་འདྲའི་ནང་འགལ་ཞིག་འབྱུང་སྲིད་དམ། གཞན་ཡང་ཡི་གེ་ལྟ་བུ་གཞི་གཅིག་གི་སྟེང་ཁྱོད་རྣ་ཤེས་ཀྱི་མཉན་བྱ་ཡང་ཡིན་མིག་ཤེས་ཀྱི་གཟུང་བྱ་ཡང་ཡིན་པ་ཞིག་མི་སྲིད་དེ། དེ་གཉིས་དངོས་འགལ་ཡིན་པའི་ཕྱིར། འོ་ན་ཐོན་མིས་ཡི་གེ་གསར་བཟོ་མཛད་པ་མ་ཡིན་ནམ། བོད་ཀྱི་ཐུན་མོང་སྤྱི་སྐད་ཀྱི་ཁྲོད་དུའང་རྡོ་རིང་གི་ཡི་གེ་དང་། ཡི་གེ་བྲིས། ཡི་གེ་མཐོང་སོགས་མིག་ཤེས་ཀྱི་གཟུང་བྱར་གྱུར་བའི་ཡི་གེ་མང་དུ་མ་མཆིས་སམ་ཞེ་ན། དེ་ནི་ཡི་གེའི་གཟུགས་ལ་ཡི་གེ་ཞེས་བཏགས་པ་ལས་ཡི་གེ་དངོས་ནི་མ་ཡིན་ནོ༑ ༑དེར་བརྟེན་མཁས་པའི་དབང་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཡི་གེའི་ངོ་བོ་དང་ཡི་གེའི་རྣམ་པ་ཞེས་གསུངས་པ་དང་། མཁས་མཆོག་དམུ་དགེ་བསམ་གཏན་མཆོག་གིས་ཀྱང་ཡི་གེ་དངོས་དང་ཡི་གེ་གཏགས་པ་བ་ཞེས་ཐ་སྙད་མཛད་པའང་དོན་དེ་ལ་དགོངས་པ་བཞེད་པར་སྙམ། འོ་ན་“སྒྲ་གང་ཞིག་འབྲུར་ཆགས་པའོ། །”ཞེས་པར་ཆོས་རྗེའི་དགོངས་པ་བཞིན་ཇི་ལྟར་འགྲེལ་སྙམ་ན། སྤྱིར་སྒྲ་དེ་ནི་བསྟན་བཅོས་གང་དེ་ལས་“ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་བྱེད་པའི་ནུས་པ་དང་ལྡན་པའོ། །”ཞེས་དང་། “དེ་ཡང་གསུམ་དུ་བསྡུ་ན་ཡི་གེ མིང་། ཚིག་གི་ཚོགས་སོ། །”ཞེས་གསུངས་པ་ལས་ཆུ་སྒྲ་དང་རླུང་སྒྲ་སོགས་རྗོད་བྱེད་ཀྱི་སྒྲ་མ་ཡིན་པ་དག་བཀག་པའོ། །འབྲུར་ཆགས་པའོ། །ཞེས་པས་ཡི་གེ་དེའང་དབྱངས་གསལ་གྱི་སྒྲ་འབྲུ་རེ་རེའི་སྟེང་དུ་ཆགས་ཡོད་པ་བསྟན་པ་ཡིན། དེ་དག་དང་ཆོས་རྗེའི་《མཁས་འཇུག》ལས་“དངོས་སུ་བརྗོད་དོན་མི་སྟོན་ཅིང་། །བརྗོད་པ་ཀུན་གྱི་གཞིར་གྱུར་བ། །ཡི་གེ”ཞེས་གསུངས་པ་ལྟར་ན་རང་ངོས་ནས་བརྗོད་དོན་མི་སྟོན་ཅིང་བརྗོད་དོན་སྟོན་པའི་མིང་ཚིག་ཡི་གེའི་གཞིར་གྱུར་བའི་སྐད་ཀྱི་གདངས་ལ་ཡི་གེ་ཞེས་འགྲེལ་ན་མི་འཐད་པ་མེད་སྙམ་ལ་སྔོན་བྱོན་བོད་ཀྱི་མཁས་པ་སྒྲ་ཚད་སྨྲ་བ་སྤྱི་མཐུན་པའི་ཡི་གེའི

མཚན་ཉིད་ལ་ཚིག་གི་བགྲོས་ཙམ་ལས་དོན་ལ་ཆོས་རྗེའི་དགོངས་པ་དང་གཅིག་ཏུ་མཐུན་པར་སྣང་ངོ་། །   

དཔྱད་གཞིའི་ཡིག་ཆ།

༡ ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན། ས་སྐྱའི་བཀའ་འབུམ་པོད་བཅོ་བརྒྱད་པ། ས་པན་མཆོག་གི་གསུང་པོད་བཞི་པ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༤ལ་པར་ཐེངས་གཉིས་པ།

༢ དཔའ་རིས་སངས་རྒྱས།  《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》 མི་རིགས་དཔེ་སྐྲུན་ཁང་།  ༢༠༠༨ལོའི་ཟླ་༩ལ་པར་ཐེངས་དང་པོ།

༣  སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས།》 སི་ཁྲོན་ཏང་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༧ལ་པར་ཐེངས་བཞི་པ།

༤ ཚེ་རྟན་ཞབས་དྲུང་།  《ཐོན་མིའི་ཞལ་ལུང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༤ལ་པར་ཐེངས་བཅུ་བཞི་པ།

༥ ཨ་ལག་ཤ་ངག་དབང་བསྟན་དར། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།》མི་རིགས་དཔེ་སྐྲུན་ཁང་།  ༢༠༡༦ལོའི་ཟླ་༥ལ་པར་ཐེངས་བདུན་པ།

༦ བཀྲ་ཤིས་ཟླ་བ།  《བརྡ་སྤྲོད་བློ་གསལ་འཇུག་སྒོ》 མི་དམངས་དཔེ་སྐྲུན་ཁང་།  ༢༠༡༨ལོའི་ཟླ་༨ལ་པར་ཐེངས་ལྔ་པ།

༧ དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༥ལོའི་ཟླ་༡ལ་པར་ཐེངས་དང་པོ།

1 格桑居冕  格桑央吉  《藏文文法教程》  四川出版集团 四川民族出版社  2008年2月第二次印刷

2 胡书津 《简明藏文文法 》修订版 云南民族出版社 1995年12月第二版第一次印刷

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།