ཚོད་ལྟ་སྒྲ་གདངས་རིག་པ་ནས་བོད་ཡིག་གི་གསལ་བྱེད་སུམ་ཅུའི་མཐའ་མ“ཨ”ལ་དཔྱད་པ།

ཚོད་ལྟ་སྒྲ་གདངས་རིག་པ་ནས་བོད་ཡིག་གི་གསལ་བྱེད་སུམ་ཅུའི་མཐའ་མ“ཨ”ལ་དཔྱད་པ།

----ཞར་བྱུང་རྗེས་འཇུག“འ”གླེང་བ།

【རྩོམ་པ་པོ། འཇིགས་བྱེད་སྐྱབས།】

(ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་ཁང་།  ཧྲང་ཧེ།  200234)

[ནང་དོན་གནད་བསྡུས།] བོད་ཡིག་གི་གསལ་བྱེད་སུམ་ཅུའི་མཐའ་མ“ཨ”ནི་དོན་དམ་དུ་དབྱངས་སུ་རུང་ངམ་གསལ་བྱེད་དུ་འཇོག་དགོས་པ་ལ་མཁས་པ་སྔ་མ་རྣམས་ཞལ་མི་མཐུན།  དེ་བས་དུས་ད་ལྟ་ལ་ཐུག་ཏུ“ཨ”ཡི་ངོ་བོ་ནི་འདིའོ་ཞེས་ལུང་དང་རིགས་པས་བསྒྲུབས་ནས་འདར་མེད་པར་བྱས་ཡོད་པའི་དཔྱད་རྩོམ་དང་བརྩམས་ཆོས་སོགས་ཀྱང་མཐོང་དུ་མ་བྱུང་།  དེ་ཡང་བོད་ཡིག་གི“ཨ”ཡི་ངོ་བོ་གང་ཡིན་པར་ངེས་འཛིན་པ་ལ།  ཡི་གེ་རིག་པའི་ཐོག་གི“ཨ”དང་སྐད་བརྡ་རིག་པའི་ངོས་ཀྱི་དབྱངས/a/གཉིས་སོ་སོར་ཕྱེ་ནས་དཔྱད་དགོས་པ་ལས། མཐའ་གཅིག་ཏུ་བོད་སྐད་ལ་དབྱངས་བཞི་རུ་བྱས་ན་དབྱངས/a/མེད་དགོས་པ་དང་།  དབྱངས་ལྔ་རུ་བྱས་ན“ཨ”དབྱངས་ཡིག་ཡིན་དགོས་པ་སོགས་ཀྱིས་ཁ་ཚོན་བཅད་ན།  མིའི་རིགས་སྤྱིའི་སྐད་བརྡའི་ཆོས་ཉིད་དང་འགལ་སྲིད་ལ།  བོད་ཡིག་གི་ཡི་གེའི་མ་ལག་ལའང་གནོད་ངེས་སོ། །  རྩོམ་འདིས“ཨ”ནི་ཨོལ་སྒོའི་འགག་སྒྲ་མཚོན་བྱེད་ཀྱི་སྒྲ་གནས་ཀྱི་རིན་ཐང་མེད་པའི་གསལ་བྱེད་ཅིག་ཡིན་པར་ཁས་བླངས་པ་དང་མཉམ་དུ།  བོད་ཡིག་ལ་དབྱངས་ཡིག་མཚོན་བྱེད་ཀྱི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་ཡོད་ཅེས་པ་ཡི་གེ་རིག་པ་ནས་བཤད་པ་ཡིན་ལ།  སྐད་བརྡ་རིག་པའི་ཐོག་ནས་དབྱངས/a/ཡང་ཡོད་ངེས་ཤིང་།  དེ་ནི་ཚེགས་སྐྱུང་བའི་ཕྱིར་དུ་ལེགས་སྦྱར་སྐད་བཞིན་གཟུགས་སམ་རྟགས་སུ་མ་བཀོད་པ(采用零形式)ཙམ་ཡིན་པར་འདོད།   ནང་དོན་གྱི་ཐད་ནས་རྩོམ་པ་པོས་ཐོག་མར་མཁས་པ་སྔ་མ་རྣམས་ཀྱི་ལྟ་ཚུལ་དག་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་སྦྱར་ནས་གླེང་ཡོད་ཅིང་།  ཚོད་ལྟ་སྒྲ་གདངས་རིག་པའི(实验语音学)གཞུང་ལུགས་དངPraatམཉེན་ཆས་སྤྱད་དེ་དེའི་སྐོར་གྱི་གནད་དོན་དག་ལ་ཚད་ལྟ་བྱས་ཡོད།  ཞར་བྱུང་དུ་རྗེས་འཇུག“འ”ཡི་སྐོར་ནས་ཀྱང་རང་གི་ལྟ་ཚུལ་རགས་ཙམ་བརྗོད་ཡོད།  

[བརྡ་ཆད་གཙོ་བོ།] བོད་སྐད།  གསལ་བྱེད།  དབྱངས།  ཚོད་ལྟ།

གླེང་གཞི།

དེ་ཡང་བོད་ཡིག་གི“ཨ”ནི་དབྱངས་སམ་གསལ་བྱེད་གང་དུ་གཏོགས་པར་དཔྱད་དགོས་ན།  ཐོག་མར་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ལ་ངེས་ཤེས་གསལ་བོ་ཞིག་ཆགས་དགོས་ཏེ།  《ཐོན་མིའི་ཞལ་ལུང》ལས།  “ང་རོའི་ཚུལ་གྱིས་འབྱིན་པའི་མི་གསལ་བའི་གདངས་ནི་དབྱངས།  དབྱངས་ཡིག་ནི་གསལ་བྱེད་དང་མ་སྦྱར་ན་འདོན་དུ་མེད།  ཡི་གེ་རང་རང་གི་སྐྱེ་གནས་ལས་སྒྲ་དག་གསལ་གསུམ་ཚང་བའི་ཚུལ་གྱིས་འབྱིན་པའི་གདངས་ནི་གསལ་བྱེད།” ཅེས་དང་། 《མུ་ཏིག་ཕྲེང་མཛེས》ལས།  “དབྱངས་ནི་ང་རོ་ཅན་གྱི་རྣམ་པ་ཡིན་ཞིང་།  དེ་དག་ནི་གསལ་བྱེད་གཞན་ལ་མ་ལྟོས་པར་འདོན་དུ་མེད།”ཅེས་པ།  《དག་ཡིག་རིག་པའི་གབ་པ་མངོན་ཕྱུང》ལས།  “གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་།  སྒྲ་ཙམ་ཤས་ཆེ་ལ་ལྷོད་པ་རྣམས་དབྱངས་ཏེ་མོ་ཡིག་དང་།  གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་།  དམ་པའམ་ཅུང་ཟད་དམ་པ་རྣམས་གསལ་བྱེད་དེ་ཕོ་ཡིག་ཡིན་ནོ། །”ཞེས་པ་བཅས་ལ་བལྟས་ན།  སྔ་མ་གཉིས་ཀྱིས་དབྱངས་ནི་གདངས་མི་གསལ་ཞིང་།  སྒྲ་འབྱིན་དགོས་ན་ངེས་པར་དུ་གསལ་བྱེད་ཅིག་ལ་བརྟེན་དགོས་པའི་ལྟ་ཚུལ་བཟུང་ཡོད།  ཕྱི་མས་དབྱངས་ནི་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ནའང་།  སྒྲ་ཤས་ཆེ་བ་དེའི་ཁྱད་ཆོས་གཙོ་བོར་བཤད་ཡོད་པས།  སྔ་མ་གཉིས་ཀྱི་ལྟ་ཚུལ་དང་མི་མཐུན།  དེང་རབས་སྐད་བརྡ་རིག་པས་དབྱངས་དང་གསལ་བྱེད་ལ་བཞག་པའི་མཚན་ཉིད་ནི།  “དབྱངས་ནི་དབུགས་སམ་རླུང་གིས་ཨོལ་སྐྱི(声带)འདར་བར་བྱས་ནས་ཐོན་པའི་འཇེབས་པའི་རིང་བཞིན་ཅན་གྱི་སྒྲ(乐声)ཏེ།  དབྱངས་ཡོད་ཚད་སྒྲ་ལྡན་ཡིན་པས་ཁྱབ་པ་དང་།  དབུགས་ལ་ལྟོས་བཅས་ཀྱིས་ཐོགས་རེག་མེད་པས།  གསལ་བྱེད་ལ་མ་བརྟེན་པར་རང་དབང་གིས་སྒྲ་འདོན་ནུས།  གསལ་བྱེད་ནི་རླུང་ཕྱིར་ཕྱུང་དུས་རང་སྐྱེ་སའི་གནས་ཀྱིས་ཁེགས་པར་འགྱུར་བར་བྱེད་ཅིང་།  དབུགས་རང་དབང་དུ་ཕྱིར་ཐོན་མི་ཐུབ་པས་དབྱངས་ལྟར་དུ་སྒྲ་གསལ་བོ་མིན(无响度)། དེ་མིན་སྒྲ་ཕྱིར་འབྱིན་དགོས་ན་དབྱངས་ལ་བརྟེན་པ་ཤས་ཆེ།”ཞེས་སོ། །  གོང་གི་མཚན་ཉིད་དག་བསྡུར་ཏེ་བལྟས་ན།  《ཐོན་མིའི་ཞལ་ལུང》དང《མུ་ཏིག་ཕྲེང་མཛེས》གཉིས་སུ།  སྒྲ་འབྱིན་པ་ལ་གསལ་བྱེད་ནི་རང་དབང་ཅན་ཡིན་པ་དང་དབྱངས་ནི་གསལ་བྱེད་ལ་བརྟེན་པའི་གཞན་དབང་ཅན་དུ་འདོད་བཞིན་ཡོད་ཅིང་།  དེང་རབས་སྐད་བརྡ་རིག་པ་ནས།  དབྱངས་ཀྱིས་གསལ་བྱེད་ལ་བརྟེན་མི་དགོས་པར་རང་དབང་གིས་སྒྲ་འབྱིན་ཐུབ་པ་དང་།  རང་ཁོ་ནས་ཀྱང་ཚེག་ཁྱིམ་ཞིག་གྲུབ་ཐུབ་ལ།  གསལ་བྱེད་ནི་དབྱངས་ལ་མ་བརྟེན་པར་དོན་སྟོན་པར་བྱེད་པའི་ཚེག་ཁྱིམ་ཞིག་ཏུ་གྲུབ་མི་ནུས་པར་འདོད(སྣ་སྒྲ་ཕུད)།  དེ་བས་ང་ཚོསPraatམཉེན་ཆས་ནས་དབྱངས་དང་གསལ་བྱེད་གཉིས་ཀའི་ཁྱད་པར་དང་ངོ་བོ་ལ་བརྟག་ན་གཤམ་གསལ།

(སྒྲ་རིས་དང་པོ།)

001.png

[ཀ]

གོང་གི་རི་མོ་ནི་གསལ་བྱེད“ཀ” ཡི་སྒྲ་རིས(语图)ཡིན་ལ།  “ཀ”འགག་སྒྲར་གཏོགས་པས།  དེའི་སྒྲ་འབྱིན་པའི་གོ་རིམ་ནི།  ཐོག་མར་དབུགས་རྒྱུན་གང་དེ་སྐྱེ་གནས་ལ་ཐོགས་པ(成阻)དང་།  དེ་ནས་བཀག་པ(持阻)།  མཐར་གསོག་པའི་དབུགས་རྣམས་ཅིག་ཅར་དུ་སྒོར་ཕུད་པ་ལས(除阻)།  དབུགས་ཤུགས་ཆེན་པོས་སྒྲ་རིས་སུ་ཆེས་གཡོན་མཐའི་གཞུང་ཐིག(冲直条)དེ་ལྟ་བུ་བྱུང་།  དེ་ནི་དབྱངས་གང་ཡང་མ་ཞུགས་པའི་གསལ་བྱེད་རྐྱང་བ“ཀ” ཡི་སྒྲ་མཚོན་བྱེད་ཡིན་ལ།  དབུགས་སྐྱེ་གནས་ལས་ཕྲལ་པ་དང་།  སྒྲ་སྐྱེ་བ།  དེ་ནས་སྒྲ་འཇིག་པའི་བར་དུ་སྐར་ཆ0.03ལས་མེད་པས།  སྒྲ་རྒྱུན་རིང་དུ་སྲིང་མི་ཐུབ་ཅིང་།  སྒྲའི་གྲག་ཚད་ཀྱང་ཤིན་ཏུ་ཆུང་བས་ཚེག་ཁྱིམ་དུ་གྲུབ་མི་ཐུབ་བོ། །  ཚོད་ལྟ་སྒྲ་གདངས་རིག་པ་ལས་གཞུང་ཐིག་འདི་ནི་འགག་སྒྲ་མཚོན་བྱེད་ཡིན།  གཞན་ཡང་གཞུང་ཐིག་གཡས་ཕྱོགས་ཀྱི་ནག་ཅིང་སྟུག་པའི་འཕྲེད་ཐིག་དེ་ནི(横杠)གསལ་བྱེད“ཀ”ཡི་གཞུག་གི་དབྱངས/a/མཚོན་བྱེད་ཀྱི་སྒྲ་རིས་ཡིན་ཏེ།  དབྱངས་ཤིག་ཡིན་ན་ཨོལ་སྐྱི་འདར་ངེས་པས།  དེ་ལས་བྱུང་བའི་སྒྲའི་ནུས་པས་གོང་གི་སྒྲ་རིས་དེ་ལྟ་བུ་ཞིག་བྱུང་།  དེ་མིན་དབྱངས་ནི་སྐྱེ་གནས་ཀྱིས་གེགས་མི་ཐེབས་པས་སྒྲ་རྒྱུན་ཇི་ལྟར་རིང་དུ་སྲིང་ཡང་ཆོག  དེའི་ཕྱིར།  ང་ཚོས་ངག་ནས་ཀློག་པའི“ཀ”ཞེས་པའི་སྒྲ་དེ་ནི་གོང་གི་སྒྲ་རིས་ཧྲིལ་བོས་མཚོན་པར་བྱས་པ་ཡིན་ཏེ། གསལ་བྱེད“ཀ” ཡི་གཞུང་ཐིག་དང་དབྱངས/a/ཡི་སྒྲ་རྒྱུན་གཉིས་ཀས་བསྟན་པའི་ཚེག་ཁྱིམ་ལ་གོ་བར་བྱའོ། །  འདི་ལས་ང་ཚོས་བོད་ཡིག་གི་གསལ་བྱེད་ནི་དབྱངས་ལ་མ་བརྟེན་པར་རང་གཅིག་པུ་སྒྲ་དག་གསལ་གསུམ་ཚང་བའི་ཚེག་ཁྱིམ་ཞིག་ཏུ་གྲུབ་མི་ནུས་པ་ཤེས་སོ། །

(སྒྲ་རིས་གཉིས་པ།)

002.png

[ཨ]

གོང་གི་རི་མོ་ནི་ཨ་མདོའི་ཞོན་ཧྭའི་བོད་སྐད་དུ་ནུ་བོ་ལ“ʔa ʔu”ཞེས་འབོད་པའི་ཚེག་ཁྱིམ/ʔa/ ཡི་སྒྲ་རིས་ཡིན།  གོང་ནས་སྤྲོས་པ་བཞིན་དབྱངས་ཀྱི་སྒྲ་འབྱིན་པར་སྐྱེ་གནས་ཀྱིས་ཁེགས་པར་མི་འགྱུར་ཞིང་།  ཨོལ་སྐྱི་འདར་ནས་སྒྲ་འདོན་པར་བྱས་པ་ཡིན་པས།  སྒྲ་རིས་ནས་གྲལ་དག་ཅིང་དོ་མཉམ་པ།  ཆོས་ཉིད་དང་ལྡན་པའི་འཕྲེད་ཐིག་ནག་པོ་ཞིག་གིས་མཚོན་པར་བྱས་ཡོད།  དེ་མིན་གོང་གི་སྒྲ་རིས་ལས་དབྱངས/a/ཡི་སྒྲ་རྒྱུན་ནི་སྐྱེ་བ་ཙམ་གྱིས་འཇིག་པ་ཞིག་མ་ཡིན་པར།  རྒྱུན་མཐུད་ཅན་གྱི་སྒྲ་ཞིག་ཡིན་པའང་ཤེས་ཐུབ།  དེ་བས་དབྱངས་ཀྱིས་རང་སྟེང་ནས་སྒྲ་འབྱིན་ཐུབ་པ་དང་གསལ་བྱེད་ལ་བརྟེན་མི་དགོས་པར་ཚེག་ཁྱིམ་ཞིག་གྲུབ་ཐུབ་པའང་རྟོགས་ཐུབ་བོ། །  འོན་ཀྱང་གོང་གི་སྒྲ་རིས་ཀྱི་མགོ་རུའང་སྒྲ་རིས་དང་པོ་ལྟར་དུ་འགག་སྒྲ་མཚོན་བྱེད་ཀྱི་གཞུང་ཐིག་ཅིག་བྱུང་ཡོད་པ་ནི་ཅི་ཡིན་ཞེ་ན།  སྒྲ་གདངས་རིག་པ་ནས་དཔྱད་ན།  གསལ་བྱེད་གཞན་ཞུགས་མེད་པའི་དབྱངས་རྐྱང་བས་ཚེག་ཁྱིམ་ཞིག་གྲུབ་པར་ཚེག་ཁྱིམ་གྱི་མགོ་རུ་ཨོལ་སྒོའི་འགག་སྒྲ་མཚོན་བྱེད་ཀྱི་གསལ་བྱེད/ʔ/ཞིག་ཡོད་ངེས་པ་དེ་ཡིན་ནོ། །  ཡིན་ནའང་བོད་ཡིག་ཏུ་དེ་ནི་སྒྲ་གནས་སུ་མི་རུང་བས།  དངོས་སུ་མ་ཐོན་ཡང་དོན་ལ་ཁྱད་པར་མེད་དེ།  འདིའི་སྐོར་ནི་གཤམ་ནས་བཤད་པར་འགྱུར།

གོང་གི་ཚོད་ལྟ་གཉིས་ལས་ང་ཚོས་གནས་ལུགས་ཤིག་བཤད་འདོད་པ་ནི།  བོད་ཡིག་གི་གསལ་བྱེད་ལ་དབྱངས་གཞན་ཞུགས་མེད་ཚེ།  ལེགས་སྦྱར་ལྟར་གྱི་སྲོག་ཞུགས་ཀྱི་ཚུལ་ལམ་གཟུགས་སུ་གྲུབ་མེད་པའི་དབྱངས/a/ཞིག་ངེས་པར་དུ་ཡོད་དགོས་པར་འདོད།  ཡིན་ནའང་།  ལེགས་སྦྱར་དང་མི་མཚུངས་པ་ནི།  བོད་ཡིག་ཏུ་དབྱངས་ཞུགས་མེད་པའི་གསལ་བྱེད་ཡོད་དོ་ཅོག་ལ/a/ཡོད་པ་མ་ཡིན་པར།  གསལ་བྱེད་གཙོ་བོ་གནས་སར་ད་གཟོད་སྲོག་ཞུགས་ཀྱི་ཚུལ་དུ/a/ཞུགས་པ་ཡིན་ཞིང་།  གཞན་པའི་འཕུལ་རྟེན་མགོ་འདོགས་གནས་སའི་གསལ་བྱེད་ལ/a/ཞུགས་པ་མ་ཡིན།  དེ་ཡང་འོག་གི་ཚོད་ལྟའི་སྒྲ་རིས་གཉིས་ལས་གསལ་སྟེ།  སྔ་མ་ནི་བོད་ཡིག་གི“རྟ”ཞེས་པའི་སྒྲ་རིས་ཡིན་ལ།  དེ་རུ་མགོ་ཅན“ར”ཡི་གཞུག་ལ་དབྱངས་མཚོན་བྱེད་ཀྱི་རྟགས་ཏེ་འཕྲེད་ཐིག་ནག་པོ་དེ(横杠)བྱུང་མེད་པ་དང་།  མིང་གཞི“ཏ”ཡི་རྗེས་སུ་རྟགས་དེ་གསལ་བོར་ཐོན་ཡོད། ཕྱི་མ་ནི་བོད་ཡིག་གི“བསྟན”ཞེས་པའི་སྒྲ་རིས་ཡིན་ལ།  དེ་རུའང་མིང་གཞི“ཏ”གནས་སར་དབྱངས་ཀྱི་རྟགས་ཐོན་པ་ལས།  སྔོན་འཇུག“བ”དང་མགོ་ཅན“ས”ཡི་སྒྲ་རིས་ལ་དབྱངས་ཀྱི་རྟགས་ཐོན་མེད་དོ། །

(སྒྲ་རིས་གསུམ་པ།)

003.png

[རྟ]

(སྒྲ་རིས་བཞི་པ།)

004.png

[བསྟན]

འདི་འདྲའི་འཆར་འགོད་ལ་ཡི་གེ་རིག་པའི་ངོས་ཐད་ནས་ནུས་པ་གལ་ཆེན་ཞིག་ཡོད་པ་ནི།  བོད་ཡིག་ལ་ལེགས་སྦྱར་ལྟར་དུ་ཧ་ལན་ཏའི་རྟགས་མི་དགོས་པས།  ཡི་གེའི་མ་ལག་ལ་ཉིང་བསྡུས་ཀྱི་ཁྱད་ཆོས་ལྡན་ནོ། །  ཁོ་བོས་བལྟས་ན་མཁས་པ་སྔ་མ་རྣམས་ཀྱིས“ཨ”ཡི་ཐད་ལ་རྩོད་པ་མང་དུ་བྱུང་བ་དང་།  བོད་ཡིག་ལ་དབྱངས་བཞིའམ་ལྔ་ཡོད་ཟེར་བ་སོགས་ཀྱང་གནད་འདི་ལ་ཐུག་ཡོད་སྙམ།  དེ་ཡང“ཨ”དབྱངས་སུ་འདོད་ཅིང་བོད་ཡིག་ལ་དབྱངས་ལྔ་ཡོད་ཅེས་པ་དག་གིས་གོང་གི་སྲོག་ཞུགས་ཀྱི་ཚུལ་གྱི་དབྱངས/a/དེ་ཡིག་གཟུགས་སུ་བཀོད་པའི“ཨ”ཡིན་པར་ཁས་བླངས་པ་དང་།  དབྱངས་བཞི་ལས་མེད་འདོད་མཁན་རྣམས་ཀྱིས་ཡི་གེ་རིག་པའི་ངོས་ཐད་ཀྱི་དབྱངས“ཨི་ཨུ་ཨེ་ཨོ”བཞི་ལས།  སྐད་བརྡའི་ཁྲོད་ཀྱི་སྲོག་ཞུགས་ཀྱི་ཚུལ་ལམ་གཟུགས་སུ་མ་བཀོད་པའི་དབྱངས/a/དེ་བོད་ཡིག་བྱིངས་ཀྱི་དབྱངས་ཀྱི་གྲས་སུ་མ་བཞག་པས་ཡིན་པར་འདོད།  

སྒྲ་གནས་རིག་པ་ནས་བལྟས་ན།  སྲོག་ཞུགས་ཀྱི་དབྱངས/a/དང་།  སྒྲ་གནས་སུ་མི་རུང་ཞིང་དོན་གྱི་ཁྱད་པར་སྟོན་མི་ཐུབ་པའི་ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/གཉིས་ནི“ཨ”ཡི་འགྱུར་གཟུགས་གཉིས་སུ་གོ་ནའང་ཆོག་སྟེ།  རྒྱུ་མཚན་ནི་གོང་ནས་ཚོད་ལྟ་བྱས་པ་བཞིན།  དབྱངས་གཞན་ཞུགས་མེད་པའི་གསལ་བྱེད་རྐྱང་བ་ལ་སྲོག་ཞུགས་ཀྱི་དབྱངས/a/མ་ཞུགས་པར་ངག་ནས་གསལ་བར་འདོན་དུ་མི་རུང་བས།  དབྱངས/a/དེ་བོད་ཡིག་ཏུ་གཟུགས་སུ་བཀོད་མེད་ཀྱང་།  བོད་ཀྱི་སྐད་བརྡའི་ཁྲོད་དུ་དངོས་སུ་གནས་པ་ཞིག་ཡིན་པ་ཤེས་ཐུབ།  དེ་གཟུགས་སུ་མ་བཀོད་པའང་ཚེགས་སྐྱུང་བའི་སླད་ཡིན་པར་སྙམ།  གཉིས་ནི་བོད་ཡིག་གི་ཚེག་ཁྱིམ་གྱི་མགོ་རུ་གསལ་བྱེད་གཞན་མེད་པར་དབྱངས་ཁོ་ནས་ཚིག་ཁྱིམ་ཞིག་གྲུབ་པ་ལ་རང་ཤུགས་ཀྱིས་ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/ལ་བརྟེན་དགོས། དེ་ནི་མིའི་སྐྱེ་གནས་ཀྱི་ཐུན་མོང་གི་ཁྱད་ཆོས(人类发音器官的共性)ཀྱང་ཡིན་ཏེ།  དབྱངས་རྐྱང་བ་ངག་ནས་བྱུང་ཚེ་ཨོལ་སྒོའི་ཁ་ཕྱེ་བ་དང་མཉམ་དུ་འགག་སྒྲ་ཞིག་ཡོད་པའི་གནས་ལུགས་དེ་རེད། (དབྱངས་རྐྱང་བ་ཀློག་དུས་ཨོལ་སྒོའི་འགག་སྒྲར་བརྟེན་པའི་པར།) དེའི་ཕྱིར་དབྱངས/a/ཚེག་ཁྱིམ་དུ་གྲུབ་དུས་ཀྱང་། ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/ལ་བརྟེན་ནས/ʔa/ལྟ་བུར་འདོན།  འོན་ཀྱང་བོད་སྐད་དུ/a/དང/ʔa/གཉིས་ལ་སྒྲའི་ཁྱད་པར་ཙམ་ལས།  དོན་གྱི་ཁྱད་པར་ཅི་ཡང་མི་སྟོན་པས་སྒྲ་གནས་གཅིག་གི་འགྱུར་གཟུགས་གཉིས་སུ་རུང་བ་ལས་འོས་མེད།

རྒྱུ་མཚན་ནམ་གནས་ལུགས་འདི་ལྟ་བུའི་སྒོ་ནས།  བོད་ཡིག་གི“ཨ”ལ་གསལ་བྱེད/ʔ/དང་དབྱངས/a/ཞེས་འགྱུར་གཟུགས་གཉིས་བྱུང་བའང་དོན་དང་མཐུན་པར་འདོད་དོ། །  འདིར་མཉམ་འཇོག་རྒྱུ་ཞིག་ལ།  “ཨ”ནི་དབྱངས/a/ཡིན་ཟེར་དུས/ʔa/ཡི་འགྱུར་གཟུགས/a/ལ་བཤད་པ་ལས་སྲོག་ཞུགས་ཀྱི/a/རུ་འདོད་མི་རུང་བ་དང་།  ཚེག་ཁྱིམ་དུ་གྲུབ་པའི་གསལ་བྱེད/ʔ/ཡིན་ཟེར་དུས་གཟུགས་སུ་བཀོད་མེད་པའི་སྲོག་ཞུགས་ཀྱིདབྱངས/a/ཞུགས་ཡོད་པའང་ཤེས་དགོས་སོ། ། དེ་མིན།  འདི་ལས་བོད་ཡིག་གི་གསལ་བྱེད“ཨ”/ʔ/ནི་སྒྲ་གནས་ཀྱི་རིན་ཐང(音位价值)མེད་ཅིང་གཞན་དབང་ཅན(伴随性)ཞིག་ཡིན་པའི་གནས་ལུགས་ཀྱང་རྟོགས་ཐུབ་བོ། ། འདིའི་སྣང་ཚུལ་ནི་མི་རིགས་གཞན་གྱི་སྐད་དུའང་ཡོད་དེ།  དཔེར་ན།  ཨ་རབ་སྐད་དུ་གསལ་བྱེད28ཡོད་པ་ལས་དང་པོᴀlif ཟེར་བ་གསལ་བྱེད་དུ་ཀློག་དུས་ཨོལ་སྒོའི་འགག་སྒྲ/ʔ/རུ་ཀློག་པ་དང་།  དབྱངས་སུ་ཀློག་དུས/a/རིང་ཆ་ཅན/ā/རུ་ཀློག་བཞིན་ཡོད་པ་དང་།  རྒྱ་སྐད་དུ།  西安(xi an)ཟེར་བའི“an”ནི་དབྱངས/a/མགོ་ཅན་གྱི་ཚིག་ཁྱིམ་ཞིག་ཡིན་ནའང་།  ངག་ནས་ཀློག་ཚེ“ɕi ʔan”ཞེས་ཨོལ་སྒོའི་སྒྲ་སྦྱར་ནས་འདོན་བཞིན་ཡོད་པ་དང་།  སྒྲ་གནས་རིག་པ་ནས་བལྟས་ན/a/དང/ʔa/གཉིས་སྒྲ་གནས་གཅིག་གི་འགྱུར་གཟུགས་ལ་གཏོགས།  དེ་མིན།  乌鸦(wu ya)དང阿姨(a yi)སོགས་ཀྱང་དོན་དུ“u ia”དང“a i”ཞེས་དབྱངས་མགོ་ཅན་གྱི་ཚིག་ཁྱིམ་ཡིན་ནའང་།  ངག་ནས་འདོན་ཚེ་སྲོག་ཞུགས་ཀྱི་གསལ་བྱེད(零声母)/w/ /j/ /ʔ/བཅས་ལ་བརྟེན་ནས“wu ja, ʔa ji”ཞེས་ཀློག་བཞིན་ཡོད་པ་ལྟ་བུའོ། །

གཞན་ཡང་འདིའི་སྐོར་ལ་སྐད་བརྡ་སྨྲ་བ་རྒན་ཨ་ཚོགས་ཡེ་ཤེས་འོད་གསལ་ལགས་ཀྱིས་ལྟ་ཚུལ་བརྗོད་ཡོད་པ་དོན་དང་མཐུན་པར་སྙམ།  “སྒྲ་གནས་ཕྱོགས་དྲིལ་གྱི་ངོས་ནས་གཞིགས་ན།  ‘ཨ’ནི་དབྱངས་ཡིག་ལ་གོ་ཆོག་པར་མ་ཟད།  མིང་མགོའི་སྲོག་ཞུགས་གསལ་བྱེད(词首零辅音)དུ་གོ་ནས་རྟགས་མཚོན་མ་བཀོད་ཀྱང་འོས་ལ།  གཞན་ད་དུང་ཚེག་ཁྱིམ་མགོ་ཡི་གསལ་བྱེད་སྲོག་ཞུགས/ʔ/(音节首“零辅音”)ལའང་གོ་རུང་།  བོད་ཡིག་གི་མ་ལག་ཁྲོད།  ‘ཨ’ཡིག་གསལ་བྱེད/ʔ/ལ་ངོས་འཛིན་བྱས་ཡོད་པ་རེད།  ངོས་འཛིན་འདི་ལྟ་བུར་སྒྲ་གནས་ཀྱི་ངོས་ནས་གཞིགས་ན།  ཚེག་ཁྱིམ་ཀྱི་མགོ་མའི་གསལ་བྱེད་ཅིག་ཁ་སྣོན་བྱས་པས།  ཚེག་ཁྱིམ་སྒྲིག་གཞིའི་ཞིབ་འབྲི་མ་ལག་ལ་ཟོར་ཡང་དང་སྔར་ལས་སྒྲིག་སྲོལ་རང་བཞིན་ལྡན་པ་སྟེ།  གཅིག་ནས་ཚེག་ཁྱིམ་ཡོངས་རྫོགས་ལ་ངེས་པར་དུ་གསལ་བྱེད་དང་དབྱངས་ཡོད་དགོས་པ་དང་།  གཉིས་ནས་བོད་ཡིག་ལ་ཁེར་ཚུགས་ཀྱི་དབྱངས་ཡིག/a/མེད་པ་དང་། གཞན་པའི་དབྱངས་ལའང་རྣམ་པ་གཅིག་ལས་མེད་པས་ཡི་གེ་མ་ལག་སྔར་ལས་ཟོར་ཡང་སྤྱོད་བདེ་རུ་སྣང་།  དེ་ལས་ཀྱང་གལ་ཆེན་དུ་མཐོང་བ་ནི།  གསལ་བྱེད‘ཨ’ཡིག་སྟེ/ʔ-/ཡི་སྒྲ་གནས་གསར་སྒྲིག་བྱས་པ་བརྒྱུད་དེ་ཚགས་དམ་པའིCV(Cནི་གསལ་བྱེད་དང་།  Vནི་དབྱངས་སོ། །)དཀྱིལ་སྙིང་ཡིན་པ་དང་།  ཆེས་ཆུང་པའི་སྒྲིག་གཞིའི་ཚེག་ཁྱིམ་དབྱེ་ཞིབ་ཀྱི་མ་ལག་སྒྲིག་འཛུགས་བྱས་ཆོག་པ་རེད།”  འདི་ལ་བལྟས་ན།  རྒན་ཁོང་གིས་ཀྱང་བོད་ཡིག་ཏུ་དབྱངས/a/མཚོན་བྱེད་ཀྱི་རྟགས་དངོས་སུ་མ་བཀོད་ནའང་།  སྐད་བརྡ་ནས་བལྟས་ན་སྲོག་ཞུགས་ཀྱི་དབྱངས/a/ཡོད་པ་དང་།  བོད་ཡིག་གི“ཨ”ནི་ཚེག་ཁྱིམ་མགོ་ཡི་གསལ་བྱེད/ʔ-/ལ་ངེས་འཛིན་དགོས་ཤིང་།  དབྱངས་གཞན་མ་ཞུགས་པའི/ʔ/རྐྱང་བ་སྒྲ་གནས་སུ་གྲུབ་མི་ཐུབ་པར་འདོད་བཞིན་ཡོད་དོ། ། འདི་ལས་ཀྱང་དབྱངས/a/དང་དབྱངས/a/ཞུགས་པའི་སྒྲ་གནས/ʔa/གཉིས་ནི་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན་པ་རྟོགས་ཐུབ་བོ། །

དེ་ཡང་འདིའི་སྐོར་ལ་བོད་ཀྱི་མཁས་སྔ་མ་རྣམས་ཀྱང་གྲོས་ཁ་གཅིག་ཏུ་མཐུན་བཞིན་མེད་དེ།  རྒྱུ་རྐྱེན་གཙོ་བོ་ནི།  “ཨ”ནི་ལེགས་སྦྱར་སྐད་དུ་དབྱངས་མཚོན་བྱེད་ཀྱི་གཟུགས་ཤིག་ཡིན་པའི་ཆ་ནས།  བོད་ཡིག་ཏུ་གསལ་བྱེད་ཀྱི་གྲས་སུ་བཞག་པའི་དམིགས་བསལ་གྱི་སྣང་ཚུལ་འདི་འདྲ་བྱུང་བས་རེད་འདོད་ལ།  དེའང་མདོར་དེད་ན།  ཡི་གེ་རིག་པའི་ངོས་ཐད་ཀྱི་དབྱངས་བཞི་དང་སྐད་བརྡའི་ཁྲོད་ཀྱི་དབྱངས་ལྔ་ཞེས་པ་གཉིས་སོ་སོར་མི་འབྱེད་པར་དཔྱད་པས་ཡིན་པར་འདོད།  གཞན་བོད་སྐད་ལ་དབྱངས་དུ་ཡོད་པར་བརྟག་དུས་ཀྱང་།  བོད་ཡིག་དང་བོད་སྐད་གཉིས་སོ་སོར་ཕྱེ་ནས་དཔྱད་དགོས་པ་ལས།  བོད་ལ་དབྱངས་བཞིའམ་ལྔ་ཡོད་ཅེས་གྲངས་ཀྱིས་བཅད་ན་ཐལ་བར་འགྱུར་སྲིད་དེ།  བོད་ཀྱི་ཡི་གེ་ལ་གཟུགས་སུ་བཀོད་པའི་དབྱངས་བཞི་མ་གཏོགས་མེད་ནའང་།  བོད་སྐད་ལ་ཡུལ་དང་དུས་མི་གཅིག་པ་རུ་དབྱངས་ཀྱི་གྲངས་ཀྱང་མི་གཅིག་པ་ནི་དཔེར་ན།  ད་ལྟར་“དབུས་གཙང་སྐད་ལ་དབྱངས་ཨི་ཨུ་ཨེ་ཨོ་བཞི་དང་གཟུགས་སུ་མ་བཀོད་དབྱངས/a/,དེ་མིན་གསར་དུ་སྐྱེ་བའི་དབྱངས/ɛ/y/ø/བཅས་བསྡོམས་པས་བརྒྱད་དང་།  ཁམས་སྡེ་དགེའི་སྐད་ལ/i/e/ø/ɛ/ə/a/o/u/ɪ/ʊ/སོགས་དབྱངས་བཅུ་གཅིག་དང་།  ཨ་མདོའི་སྐད་ལ་ཆེས་རྒྱུགས་ཆེ་བའི་དབྱངས་/i/e/ə/a/o/u/བཅས་དྲུག་ཡོད་པ”ལྟ་བུའོ། ། དེ་བས་མཁས་པ་སྔ་མ་རྣམས་ཀྱི་རྩོད་པའང་ཡི་གེ་རིག་པའི་ངོས་ཀྱི་དབྱངས་ཡིག་དང་སྐད་བརྡ་རིག་པའི་ཐད་ཀྱི་དབྱངས་གཉིས་མཉམ་དུ་བསྲེས་ནས་བྱུང་བ་ཡིན་པར་འདོད་དོ། །  གཤམ་ནས་སྔོན་བྱོན་མཁས་པ་ཚོས་འདིའི་ཕྱོགས་ལ་བཏོན་པའི་ལྟ་ཚུལ་རྣམས་ཟུར་ལྟའི་ཚུལ་དུ་དྲངས་པར་བྱའོ། །  

དང་པོ།  “ཨ”གསལ་བྱེད་དུ་འདོད་དེ་བོད་ཡིག་ལ་དབྱངས་བཞི་རུ་འདོད་པར་དཔྱད་པ།

ལྟ་ཚུལ་འདིའི་རིགས་འཛིན་མཁན་དག་གིས་གཙོ་བོ་ཡི་གེ་རིག་པའི་ངོས་ཐད་ཀྱི་དབྱངས་བཞི་འབའ་ཞིག་ལས།  ང་ཚོས་གོང་ནས་བཤད་ཟིན་པའི་དབྱངས་གཞན་གྱི་མཚོན་རྟགས་མེད་པའི་གསལ་བྱེད་གཙོ་བོར་སྲོག་ཞུགས་སམ་གཟུགས་འདས་ཀྱི་ཚུལ་དུ་ཞུགས་དགོས་པའི་དབྱངས/a/དེ་བོད་ཡིག་གི་དབྱངས་ཀྱི་གྲས་མ་བཞག་ཅིང་།  དབྱངས/a/དང་གསལ་བྱེད“ཨ”/ʔ/གཉིས་ཀ་ཚེག་ཁྱིམ་དུ་གྲུབ་དུས་ཕན་ཚུན་ནི་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན་པ་བཅས་ཁས་མ་བླངས་པས་རེད་འདོད་དོ།  ཁོང་ཚོའི་ལྟ་བར་རེ་རེ་བཞིན་དཔྱད་ན།  

རྗེ་ས་པཎ(1182-1251) གྱིས་མཛད་པའི《དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ》ལས“སྤྱིར་ནི་བོད་ཀྱི་ཡི་གེ་ལ། །དབྱངས་དང་གསལ་བྱེད་གཉིས་སུ་དབྱེ། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །”ཞེས་གསུངས་པར་ཞིབ་ཏུ་བརྟག་ན། ཁོང་གིས“སྤྱིར་ནི་བོད་ཀྱི་ཡི་གེ་ལ”ཞེས་སྐད་དང་ཡི་གེ་གཉིས་ལས་ཡི་གེ་བྱེ་བྲག་ཏུ་བཟུང་ཞིང་།  “དབྱངས་ཡིག”ཅེས་དབྱངས་མཚོན་པར་བྱེད་ཅིང་དེ་མིན་གཟུགས་སུ་བཀོད་ཡོད་པའི་ཡི་གེ་ཞེས་པ་ལོགས་སུ་བཀར་ནས།  དེ་ལ་གྲངས་བཞི་ཡོད་ཅེས་གསུངས་པ་ལས།  བོད་ལའམ་བོད་སྐད་ལ་དབྱངས་བཞི་ཡོད་ཅེས་མ་གསུངས་པ་ནི།  སློབ་དཔོན་ཐོན་མིས་བོད་ཡིག་འཆར་འགོད་བྱེད་དུས་སུ།  དབྱངས་ཨི་ཨུ་ཨེ་ཨོ་བཞི་དངོས་སུ་གཟུགས་སུ་བཀོད་པ་དང་།  དབྱངས་འདི་དག་མ་ཞུགས་པའི་མིང་གཞི་གནས་སར་དབྱངས/a/ཞིག་དགོས་པ་ནི་ཡིག་ཚོགས་སྐྱུང་བའི་ཕྱིར་དུ(经济性原则)ལེགས་སྦྱར་ལྟར་དུ་གཟུགས་མེད་དམ་སྲོག་ཞུགས་ཀྱི་ཚུལ་དུ་ཡོད་པར་བསྟན་པའི་དགོངས་པ་སྟོན་ཕྱིར་ཡིན་པར་འདོད།  དེ་བས་འདིའི་ཞིབ་ཕྲ་ལ་མཉམ་མ་བཞག་པར་རྗེ་ཁོང་གིས་བོད་ལ་དབྱངས་བཞིའམ་ལྔ་ཡོད་ཅེས་གསུངས་ཤེ་ན་ཁོང་ཉིད་ཀྱི་དགོངས་པ་དངོས་དེ་མ་རྟོགས་པའི་རྟགས་ཡིན་པར་སྙམ།  ཡང་བཅོམ་ལྡན་རིག་པའི་རལ་གྲིས།(1228-1305) “སུམ་ཅུ་པོ་དེ་ཇི་ལྟར་བསྡུ་ཞེ་ན།  སང་སྐྲི་ཏ་ལྟར་སྙུང་ན་ནི་ཨ་དབྱངས་ཡིག་དང་གཞན་རྣམས་གསལ་བྱེད་ཡིན་ནོ། །”ཞེས་པར་གོ་བ་ཇི་ལྟར་ལེན་དགོས་ཤེ་ན།  ལེགས་སྦྱར་སྐད་དུ་གནས་ཚུལ་ཕལ་མོ་ཆེའི་འོག/a/ནི་སྲོག་ཞུགས་ཡིན་ནའང་།  མིང་གི་མགོ་རུ་གསལ་བྱེད་མེད་པར་དབྱངས་རྐྱང་བ/a/ཡིས་ཚིག་ཁྱིམ་ཞིག་གྲུབ་དུས་སུ།  དེའི་ཆེད་སྤྱོད་ཀྱི་གཟུགས་ནི“ཨ/अ”ཡིན་པས།  ལེགས་སྦྱར་སྐད་དུ“ཨ/अ”ནི་དབྱངས་ཡིག་མཚོན་བྱེད་ཡིན་ལ།  བོད་ཡིག་ཏུ་གནས་ཚུལ་གང་གི་འོག་ཏུའང་དབྱངས/a/ནི་གཟུགས་མེད་དམ་སྲོག་ཞུགས་ཀྱི་ཚུལ་ཡིན་པ་དང་།  གལ་ཏེ་དབྱངས་རྐྱང་བ/a/ཡིས་ཚིག་ཁྱིམ་གྲུབ་པ་ལ་དེའི་མགོ་རུ་ཨོལ་སྒོའི་འགག་སྒྲ་མཚོན་བྱེད་ཀྱི་གསལ་བྱེད/ʔ-/“ཨ”ཞིག་ཡོད་དགོས་པས།  “ཨ”ནི་བོད་ཡིག་ཏུ་གསལ་བྱེད་དུ་རུང་ངོ་ཞེས་པ་ཡིན་ནོ། །  ཡིན་ཡང་གོང་ནས་སྤྲོས་པ་བཞིན།  དབྱངས/a/དང་གསལ་བྱེད/ʔa/“ཨ”ནི་སྒྲ་གནས་ནས་བལྟས་ན་ཕན་ཚུན་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན་པས།  འདིའི་གནས་ལུགས་རྟོགས་གྱུར་ན“ཨ”ནི་དབྱངས་དང་གསལ་བྱེད་གཉིས་སུ་རུང་ཞེས་པར་ཡང་གོ་བ་གསལ་བོ་ཞིག་ལོན་ཐུབ་བོ། །  དེའི་རྗེས་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་(1441-1527)《སུམ་ཅུ་པའི་རྣམ་འགྲེལ་》དུ“བོད་ཀྱི་ཡི་གེ་ཨཱ་ལི་གསལ་བར་མཚོན་པར་བྱེད་པ་ནི་ཨི་ཡིག་དང་སོགས་ཀྱི་སྒྲས་བསྟན་པ་ཨི་ཨུ་ཨེ་ཨོ་རྣམས་ཏེ་བཞིར་ངེས་ཞེས་པའོ། གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔའོ། གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ་ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་དོ། བོད་ཀྱི་སྐད་ལ་ཀཱ་ལི་སྟེ། གསལ་བྱེད་ནི་གྲངས་སུམ་ཅུ་ཐམ་པ་ཉིད་དུ་ངེས་ཏེ”ཞེས་གསུངས་པའང་གཙོ་བོ་བོད་ཡིག་ལ་གཟུགས་སུ་བཀོད་པའི་དབྱངས་བཞི་ལས། “ཨ”ཡིག་ཉིད་ནི་སྲོག་ཞུགས་ཀྱི་དབྱངས/a/ཁོ་ནར་གོ་བར་བྱེད་ན་མི་རུང་བ་བསྟན་ཡོད།  《ཐོན་མིའི་ཞལ་ལུང་》དུ།  “ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་དུ།   བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ནི་ལྔའོ། གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། ཞེས་དང། དེའི་རྗེས་སུ་འབྲངས་ནས་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དང་། ས་སྐྱ་ཨ་མྱེས་ཀྱི་མིག་དབང་རབ་གསལ་རྣམས་སུ་ཡང། དབྱངས་ལྔ་ཡ་ར་ལ་ལྦའི་འདོགས། ཞེས་པའི་བརྡ་ཆད་འདོན་མཁན་ཡོད་ནའང། འདིར་སུམ་ཅུ་པའི་གཞུང་དང་བསྟུན་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་ངེས་པས་ན་བརྡ་ཆད་དེ་དག་ལ་ཁས་བླངས་བར་མི་བྱའོ། ཞེས་ཞྭ་ལུ་ལོ་ཙཱ་བ་སོགས་ཀྱིས་བཀག་པ་ནི་དོན་ལ་གནས་པ་ཡིན་ནོ། །”ཞེས་དང། “འདིར་བོད་རང་ལ་མཁོ་བའི་ཡི་གེ་མང་མི་དགོས་ཉུང་ན་མི་འདུ་བའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ངེས་པ་མཛད་ནས་དབྱེ་བསྡུ་བྱས་སོ། །”ཞེས་གསུངས་པ་རྣམས་ཀྱིས་ཀྱང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་བོད་ཡིག་ལ་དབྱངས་མཚོན་བྱེད་ཀྱི་རི་མོ་བཞིས་ཆོག་པ་དང་།  “ཨ”ཡིག་དབྱངས་སུ་བྱས་ན་མང་སྐྱོན་བྱུང་བ་བསྟན་ཏེ།  དབྱངས/a/ནི་བོད་ཡིག་ཏུ་གཟུགས་མེད་ཀྱི་ཚུལ་དུ་བྱས་པ་ཡིག་ཚོགས་སྐྱུང་ཕྱིར་ཡིན་པ་དང་།  “ཨ”གསལ་བྱེད་དུ་བཞག་པ་ནི།  བོད་ཡིག་གི་ཚིག་ཁྱིམ་མ་ལུས་གསལ་བྱེད་མགོ་ཅན(CV)ཡིན་པ་ཤེས་ཐུབ་བོ། །ཡང་ཁོང་གིས“ལེགས་སྦྱར་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་ཡོད་པ་ལས་གསལ་བྱེད་ཀྱི་གྲས་སུ་བཞག་པ་གཅིག་ཀྱང་མེད་ལ། ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་བཞག་པ་ནི་བོད་ཡིག་གི་རྣམ་གཞག་ཁོ་ན་ལས་མི་འབྱུང།”ཞེས་གསུངས་པ་ནི།  གོང་ནས་བཤད་པ་བཞིན་ལེགས་སྦྱར་སྐད་དུ་དབྱངས/a/སྲོག་ཞུགས་སམ་གཟུགས་མེད་ཀྱི་ཚུལ་དུ་ཡོད་པ་བོད་ཡིག་དང་འདྲ་ནའང་།  མིང་གི་མགོ་རུ་གསལ་བྱེད་མེད་པར་དབྱངས་རྐྱང་བས་ཚིག་ཁྱིམ་ཞིག་གྲུབ་དུས་སུ།  ཆེད་སྤྱོད་ཀྱི་གཟུགས“ཨ/अ”ཡིས་དབྱངས་དེ་མཚོན་པར་བྱེད་བཞིན་ཡོད་ལ།  བོད་ཡིག་ཏུ་དབྱངས/a/ནི་གནས་ཚུལ་གང་གི་འོག་ཏུའང་གཟུགས་མེད་དམ་སྲོག་ཞུགས་ཀྱི་ཚུལ་དུ་ཡོད་པ་དང་།  དབྱངས་རྐྱང་བས་ཚིག་ཁྱིམ་ཞིག་གྲུབ་དུས་སུ།  ཚིག་ཁྱིམ་མགོ་རུ་གསལ་བྱེད/ʔ/ཞིག་ཡོད་པ་དང་།  དེ་ནི་བོད་ཡིག་ཏུ་གཟུགས“ཨ”ཡིས་མཚོན་པར་བྱེད་པའི་ཁྱད་པར་བསྟན་ཡོད་དོ། །  མཁས་དབང་རྡོ་རྗེ་རྒྱལ་པོས། “ཨ་ཡིག་གོང་དུ་བཤད་པ་ལྟར་དགོས་དབང་གིས་གསལ་བྱེད་ཀྱི་གྲས་སུ་བཞག་པས་དབྱངས་ཡིག་བཞིར་གྱུར་ལ”ཞེས་གསུངས་པའི“དགོས་དབང”ཞེས་པའང་བོད་ཡིག་གི་ཚིག་ཁྱིམ་ཐམས་ཅད་གསལ་བྱེད་མགོ་ཅན་ཡིན་པས།  “ཨ”ནི་ལེགས་སྦྱར་དུ་དབྱངས་སུ་འཇོག་དགོས་ནའང་།  བོད་ཡིག་ཏུ་དགོས་དབང་གིས་ཨོལ་སྒོའི་འགག་སྒྲ་མཚོན་བྱེད་ཀྱི་གསལ་བྱེད/ʔ/རུ་གོ་དགོས་པ་བསྟན་ཡོད་པར་སྙམ་མོ། །  རྗེ་དམུ་དགེས།“བོད་སྐད་ཀྱི་གདངས་ལ་ཀ་མད་སུམ་ཅུ་དང་དབྱངས་བཞི་ཡོད།” ཞེས་གསུངས་པ་དང་།  ཡང་ཁོང་གི་གསུང་གཞན་དུ་བོད་ཡིག་ལ་དབྱངས་ཀྱི་ང་རོ་ལྔ་ཡོད་པར་གསུངས་པ་ཡང་།  གཟུགས་སུ་བཀོད་པའི་དབྱངས་དང་སྲོག་ཞུགས་ཀྱི་ཚུལ་གྱི་དབྱངས/a/གཉིས་ཁྱད་པར་ཕྱེ་ནས་བཤད་པ་ཡིན་པར་འདོད། པྲ་སྟི་རིན་པོ་ཆེས། “བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས། ཨ་ཕྲེང་གི་དོན་དངོས་སུ་མེད་ཀྱང་། རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་བཏགས་པ་བཞིན་དུ།  བོད་ཀྱི་ཨི་ལ་སོགས་པ་ཡང་དེའི་ནང་ནས་ཕྱུངས་ཤིང་དེ་དང་ཆ་མཐུན་པས་ཨཱ་ལི་ཞེས་གདགས་སུ་རུང་བར་མཚོན་ཞིང་གོ་ནུས་པའི་སྒོ་ནས་སོ། དེའི་གྲངས་ངེས་བསྟན་པའི་ཕྱིར།  ཨི་སོགས་བཞི་ཞེས་སྨྲས་ཏེ། ཨི་ལ་སོགས་པ་བཞི་ནི་ཨུ་ཨི་ཨེ་ཨོ་བཞི་ཡོད་པས། དེར་ངེས་པའོ། །”ཞེས་དང། “ཨ་ཡིག་ནི་གང་ལ་འདོགས་པའི་གཞི་བརྗོད་དོན་ཙམ་མ་གཏོགས་གསལ་བྱེད་ཡིན་པའི་ཕྱིར་རོ། །”ཞེས་གསུངས་པས་ནི། བོད་ཡིག་ཁྲོད་དུ་སྲོག་ཞུགས་ཀྱི་དབྱངས/a/ཆེད་དུ་མཚོན་པར་བྱེད་པའི་གཟུགས་མེད་པ་དང་།  ལེགས་སྦྱར་དུ་དབྱངས་རྐྱང་བ/a/ཡིས་ཚིག་ཁྱིམ་ཞིག་གྲུབ་པར།  “ཨ/अ”ནི་དབྱངས་མཚོན་བྱེད་ཡིན་ཞིང་།  བོད་སྐད་དུ་དེ་ལ་ཨ་ལི་ཟེར་བ་ཡང་ལེགས་སྦྱར་གྱི་མིང་གཡར་པའམ།  ཡང་ན་གོང་ནས་བཤད་པ་བཞིན“ཨ”ལ་དབྱངས/a/དང་གསལ་བྱེད/ʔa/ཡི་འགྱུར་གཟུགས་གཉིས་ཡོད་པས་དེ་ལྟར་མིང་དུ་བཏགས་པ་ཡིན་པར་འདོད་དོ། །   གཞན《སུམ་ཅུ་པ》རུ“ཡི་གེ་ཨ་ལི་ཀ་ལི་གཉིས། ། ཨ་ལི་གསལ་བྱེད་ཨི་སོགས་བཞི། ། ཀ་ལི་སུམ་ཅུ་ཐམ་པའོ། །”ཞེས་པའང་ཡི་གེ་རིག་པའི་ངོས་ཐད་ཀྱི་དབྱངས་དང་སྐད་བརྡ་རིག་པའི་ངོས་ཀྱི་དབྱངས་གཉིས་སོ་སོར་ཕྱེ་ནས་གསུངས་པ་ཡིན་པ་སོགས་ཀྱི་གནད་ཀ་འདི་ཤེས་རྒྱུ་གལ་ཆེའོ། ། 

གཉིས་པ།  “ཨ”དབྱངས་སུ་འདོད་དེ་བོད་ཡིག་ལ་དབྱངས་ལྔ་རུ་འདོད་པར་དཔྱད་པ།

ལྟ་ཚུལ་འདི་འདོད་མཁན་དག་གིས་གོང་ནས་བརྗོད་པའི་གསལ་བྱེད་གཙོ་བོ་གནས་སར་སྲོག་ཞུགས་ཀྱི་ཚུལ་དུ་དབྱངས/a/(零形式元音)ཞུགས་དགོས་ཞེས་པའི་དབྱངས/a/དེ་བོད་ཡིག་གི་གསལ་བྱེད་མཐའ་མ“ཨ”ཡིས་མཚོན་པར་བྱས་པས་རེད་འདོད།  གལ་ཏེ་ལྟ་ཚུལ་འདིས་དབྱངས/a/དང་གསལ་བྱེད/ʔa/གཉིས་ནི“ཨ”ཡི་འགྱུར་གཟུགས་ཡིན་པའི་རྨང་གཞིའི་སྟེང་ནས།  “ཨ”ནི་དབྱངས་སུ་འདོད་པ་ཡིན་ན་གནས་ལུགས་དང་ལྡན་པར་འདོད་དོ། ། གཤམ་ནས་རེ་རེར་དཔྱད་ན།

དེ་ཡང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་བརྩམས་པའི<<གསེར་ཏོག་སུམ་རྟགས>>སུ། “བོད་ཀྱི་སྐད་བྱིངས་ཀྱི་ཨ་ཡིག་ནི་གསལ་བྱེད་ཡིན་པར་མ་ཟད།  གསལ་བྱེད་གཞན་རྣམས་ཀྱི་སྒྲའི་གདངས་བརྗོད་པ་ལ་ཕན་འདོགས་པར་ནུས་པས་དབྱངས་དངོས་ཀྱང་ཡིན་ཞེས་དང་། མ་ཞེས་དབྱངས་ཨའི་གདངས་ཀྱིས་ཡི་གེ་བརྗོད་པ་དང་།”ཞེས་གསུངས་པས།  དམ་པ་ཁོང་ཉིད་ཀྱིས“ཨ”ཡིག་ནི་ཨོལ་སྒོའི་འགག་སྒྲ་མཚོན་བྱེད་ཀྱི་གསལ་བྱེད/ʔ/ཡིན་པར་མ་ཟད།  “གསལ་བྱེད་གཞན་རྣམས་ཀྱི་སྒྲའི་གདངས་བརྗོད་པ་ལ་ཕན་འདོགས་པར་ནུས་པ”ཞེས་ནས་ང་ཚོས་གོང་ནས་བཤད་ཟིན་པའི་སྲོག་ཞུགས་སམ་གཟུགས་མེད་ཀྱི་ཚུལ་དུ་ཡོད་པའི་དབྱངས/a/ལའང་ངེས་བཟུང་བ་རེད།  ལྟ་ཚུལ་འདི་ནི་སྒྲ་གནས་ཕྱོགས་དྲིལ་ཀྱི་ངོས་ནས(音位归纳角度)གཞིགས་ན་དོན་དང་མཐུན་པར་གནང་ནའང་།   ཡི་གེའི་མ་ལག(文字系统)ནས་བལྟས་ན།  བོད་ཡིག་གིས་དབྱངས་གཞན་གྱི་མཚོན་རྟགས་མེད་པའི་གསལ་བྱེད་གཙོ་བོ་གནས་སའི་དབྱངས/a/ནི་སྲོག་ཞུགས་སམ་གཟུགས་མེད་ཀྱི་ཚུལ་དུ་བཞག་ཡོད་པས།  དེའང“ཨ”ཡིས་མཚོན་པར་བྱས་ན།  བོད་ཡིག་མ་ལག་གི་ཉིང་བསྡུས་རང་བཞིན(简明性)དང་ཚེགས་སྐྱུང་བའི་རྩ་དོན(经济原则)དང་ཅུང་ཟད་འགལ་ཡོད་འདོད་དོ། །   གཞན་ཡང་། རྗེ་ས་པཎ(1182-1251) གྱིས་མཛད་པའི<<བསྟན་བཅོས་མཁས་པའི་ཁ་རྒྱན>>དུ། “དེ་ལ་དང་པོ་དབྱངས་རྣམས་ནི་ལྔའོ(ཨ་ཨི་ཨུ་ཨེ་ཨོ)། །  ཨ་ཡིག་བོར་བ་རྣམས(ཨི་ཨུ་ཨེ་ཨོ)ནི་ཡན་ལག་གོ །  ཀ་ལ་སོགས་པ(ཉི་ཤུ་དགུ་)རྣམས་ནི་གསལ་བྱེད་དོ། བཞི་བཞི་པའི་སྡེ་པ་ནི་བདུན་ནོ། ཧ་ནི་མཐར་གནས་པའོ། །”ཞེས་གསུངས་ཡོད་པའི“དབྱངས་རྣམས་ནི་ལྔའོ། །”ཞེས་པས་སྤྱིར་སྐད་བརྡའི་ངོས་ནས་བོད་ལ་དབྱངས་ལྔ་ཡོད་ཅེས་པ་དང་།  “ཨ་ཡིག་བོར་བ་རྣམས་ནི་ཡན་ལག་གོ །”ཞེས་པས།  དབྱངས/a/མཚོན་བྱེད་ཀྱི“ཨ”ནི་ལེགས་སྦྱར་དུ་གཟུགས་སུ་བསྟན་ཡོད་ནའང་།  བོད་ཡིག་ཏུ་དམིགས་བསལ་གྱིས་སྲོག་ཞུགས་སམ་གཟུགས་འདས་ཀྱི་ཚུལ་དུ་གནས་རུང་སྟབས།  དེ་བོར་བའི་ལྷག་མ་ཨི་ཨུ་ཨེ་ཨོ་བཅས་ནི་ཡན་ལག་ཡི་གེའི་ངོས་ཀྱི་དབྱངས་ཡིན་ཞེས་པ་དང་།  “ཧ་ནི་མཐར་གནས་པའོ། །”ཟེར་བས།  “ཨ”/ʔ/གསལ་བྱེད་དུ་བཞག་ཀྱང་སྒྲ་གནས་སུ་མི་རུང་བས། “ཧ”ནི་གསལ་བྱེད་སུམ་ཅུ་ལས་ཆེས་མཐར་གནས་པའི་སྒྲ་གནས་ལ་ངོས་འཛིན་ཆོག་པས་རེད་འདོད་དོ། །  མཁས་དབང་བསྟན་དར་ལྷ་རམས་པའི<<སུམ་རྟགས་འགྲེལ་བ>>ལས།  “ལྷག་མ་ཉི་ཤུ་རྩ་དགུ་ནི། །  ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །  ཨ་ཡང་དབྱངས་སུ་འདུ་བར་འདོད། །”ཅེས་པས་ཀྱང་དབྱངས་གཞན་གྱི་མཚོན་རྟགས་མེད་པའི་གསལ་བྱེད་གཙོ་བོ་གནས་སའི་དབྱངས/a/དེ་ཡིག་གཟུགས“ཨ”ཡིས་མཚོན་པར་བྱས་པ་ཡིན་པར་འདོད། ལྟ་ཚུལ་འདི་ལུགས་དང་མཐུན་མིན་ནི་གོང་ནས་སྤྲོས་ཟིན་པས་འདི་ནས་བསྐྱར་དུ་མི་གླེང་བར་བྱ།  དེ་མིན།  ཨ་ཡིག་དབྱངས་སུ་སྒྲུབ་ཚུལ་ལ་མཁས་པ་གཞན་འགའ་ཞིག་གིས་སློབ་དཔོན་ཐོན་མིས་མཛད་པའི་ཡིག་ཕུད།“ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །  གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་། །  ལས་ངག་བག་ཆགས་ཐམས་ཅད་བསལ་མཛད་པ། །  འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །”ཞེས་པའི་ཚིགས་བཅད་འདི་དབྱངས་ཨ་ངེས་པར་བརྩམས་པ་ཡིན་ཞེས་རྟགས་སུ་བཀོད་ནས“ཨ”དབྱངས་སུ་སྒྲུབ་བཞིན་མཆིས།  མཁས་དབང་འདི་རྣམས་ཀྱིས“ཨ”ཞེས་པ་ནུས་པ་གཉིས་ལྡན་ཅན་ཡིན་པར་འདོད་བཞིན་ཡོད་དེ།  དབྱེ་ན་སྲོག་ཞུགས་ཀྱི་དབྱངས“ཨ”དང་ཀ་ཕྲེང་གི་སུམ་ཅུ་པ་གསལ་བྱེད་ཀྱི“ཨ”གཉིས་ཡོད་པར་གསུངས།  སྤྱིར་ཡི་གེ་གང་ཞིག་གཞི་གཅིག་གི་སྟེང་དུ་དབྱངས་ཀྱང་ཡིན་ལ་གསལ་བྱེད་ཀྱང་ཡིན་པ་ཞིག་ཡོད་མི་སྲིད་པ་ནི་འཇིག་རྟེན་དུ་ཕོ་ཡང་ཡིན་ལ་མོ་ཡང་ཡིན་པའི་གང་ཟག་ཅིག་འབྱུང་རྒྱུ་མེད་པ་བཞིན་ནོ། ། ལྡོག་སྟེ། གོང་གི་ཚིག་བཅད་དེས་ང་ཚོས་གོང་ནས་བཤད་ཟིན་པའི་དབྱངས/a/དེ་བོད་ཡིག་ཏུ་གཟུགས་འདས་སམ་སྲོག་ཞུགས་ཀྱི་ཚུལ་དུ་གནས་པ་ར་སྤྲོད་གསལ་བོར་བྱས་པ་རེད། དེ་མིན་པར “ཨ”ནི་དབྱངས་མཚོན་བྱེད་ཀྱི་ཡི་གེ་ཡིན་ཟེར་ན།  ཚིགས་བཅད་དེའི་དངོས་ཤུགས་ཅི་རིགས་ནས་ཀྱང་མཐོང་མི་ཐུབ་བོ། །

གཞན་ཡང་།  དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་གི་དཔྱད་རྩོམ<<བོད་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་རིགས་སྒྲུབ་མཁས་པའི་རྟིང་སྣོན>>ཞེས་པ་རུ།  “མི་རིགས་སོ་སོའི་སྒྲའི་བརྗོད་པ་སྣ་ཚོགས་གསལ་བར་བྱེད་པའི་སྐད་ཀྱི་གདངས་སུ་དབྱངས་ཨ་འདི་ལྷན་སྐྱེས་སུ་ཡོད་ཅིང་། དེ་ལས་ཡི་གེའི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་སྣ་ཚོགས་བྱུང་བས་སྐད་ཀྱི་གདངས་ལ་ཡི་གེ་ཞེས་བརྗོད།”ཅེས་གསུངས་ཡོད་པར་གཤམ་གྱི་དོགས་པ་འདི་དག་ཡོད་དེ།  གཅིག་ནི“ལྷན་སྐྱེས་སུ་ཡོད”ཅེས་གསུངས་པ་སྒྲ་སྐྱེ་བའི་ལུགས་དང་མཐུན་མི་མཐུན་ལ་དོགས།  དེ་ཡང་འདིའི་སྒྲ་ཞེས་པ་སྐད་ཀྱི་གདངས་སམ་ཡི་གེ་རུ་གོ་ལ།  ཡི་གེ་སྐྱེ་བར་རྒྱུ་བཞི་ཚང་དགོས་ཏེ། གཞིའི་རྒྱུ་དང་བྱེད་པའི་རྒྱུ།  སྐྱོད་པའི་རྒྱུ།  སྐུལ་བའི་རྒྱུ་རྣམས་སོ། །  དེ་ལས་སྐུལ་བའི་རྒྱུ་ལ་རྩོལ་བ་དང་རྣམ་རྟོག་གཉིས་ཡོད་དེ།  རྣམ་རྟོག་ཅེས་པ་ཡི་གེ་ཀློག་འདོད་ཀྱི་ཀུན་སློང་ལ་ཟེར་ཞིང་། གོ་བདེ་བར་བཤད་ན། ཡི་གེ་གང་ཞིག་གི་སྒྲ་འབྱིན་དགོས་པ་རྣམ་རྟོག་གིས་ཐག་གཅོད་བྱེད་དགོས་ཞེས་པ་དེའོ། །  དཔེར་ན། ཀ/k/ཞེས་པའི་གསལ་བྱེད་འདི་ལ་དབྱངས/a/སྦྱར་ནས/ka/ལྟར་ཀློག་དགོས་སམ།  ཨི་སྦྱར་ནས་ཀི/ki/ལྟར་ཀློག་དགོས།  ཡང་ན་དབྱངས་ཨུ་སྦྱར་ནས/ku/ལྟར་ཀློག་དགོས་པ་སོགས་ནི་རྣམ་རྟོག་གིས་ཐག་གིས་གཅོད་དགོས་པ་ལས།  དབང་མེད་དུའམ་ལྷན་སྐྱེས་སུ།  ཡང་ན་བཙན་ཚུགས་ཀྱིས་དབྱངས“ཨ”ཞིག་སྦྱོར་དགོས་པའི་གནས་ལུགས་མེད་ཅེས་པ་དེའོ། ། དེ་བས་གོང་ནས་གསུངས་བཞིན་པའི“དབྱངས་ཨ་འདི་ལྷན་སྐྱེས་སུ་ཡོད”ཅེས་པའང་སྒྲ་འབྱིན་པ་པོས་ཀུན་སློང་གིས་ཕྱུང་བ་ལས་ལྷན་སྐྱེས་སུ་ཡོད་ཅེས་པ་ནི་ཐལ་ལོ། །  གཉིས་ནི“ཨ་ལས་སྐད་ཀྱི་གདངས་སྣ་ཚོགས་བྱུང”ཟེར་བ་ནས།  དོན་དངོས་སུ་སྐད་ཀྱི་གདངས་སྣ་ཚོགས་ཤིག་བྱུང་ཐུབ་མིན་ལ་དོགས།  དེ་ཡང་བོད་ཡིག་ལ་དཔེ་བཞག་ན།  “ཨ”ལ་བརྟེན་ནས་དབྱངས་གཞན་ཞུགས་མེད་པའི་གསལ་བྱེད་རྐྱང་བ་དང་ཚིག་ཁྱིམ་བརྩེགས་མའི་ཁྲོད་ཀྱི་གསལ་བྱེད་གཙོ་བོ་དག་གི་སྒྲ་བྱུང་ཐུབ་པ་ལས།  དབྱངས་གཞན་རྣམས་ཀྱི་སྒྲ་དང་མགོ་འདོགས་སམ་གསལ་བྱེད་སྦྲགས་མའི་སྒྲ་འབྱིན་པར་དབྱངས“ཨ”ཞུགས་མི་དགོས་ཤིང་བརྟེན་ཡང་མི་དགོས་པས།  དེའི་རིགས་ཀྱི་སྒྲ་སྣ་ཚོགས“ཨ”ཡིས་ཕྱུང་མི་ཐུབ་པ་གཤམ་གྱི་ཚོད་ལྟ་ལས་གསལ། 

(སྒྲ་རིས་ལྔ་པ།)

005.png

གོང་གི་མདོག་དམར་པོས་རྟགས་སུ་བཀོད་པའི་སྒྲ་རྣམས་ནི“ཨ”ལ་མ་བརྟེན་པར་བྱུང་བའི་སྒྲ་ཡིན་པ་གསལ་ལ།  འདི་ནི་མཚོན་བྱེད་ཙམ་ཡིན་ཞིང་།  བོད་སྐད་དུ་འདིའི་རིགས་ཀྱི་སྐད་ཀྱི་གདངས་ནི་ད་དུང་སྣ་ཚོགས་ཤིག་ཡོད་པ་དཔྱོད་ལྡན་དག་གིས་རིགས་བསྒྲེས་ན་ཤེས་ཐུབ་བོ། །  གཞན་ཡང་།  དབྱངས་དང་གསལ་བྱེད་འཆད་དུས་སུ་དེའི་རང་བཞིན་ནམ་ངོ་བོ་དག་སོ་སོ་བཀར་ནས་བཤད་རྒྱུ་ལས།  “ལྷན་སྐྱེས”ཞེས་འདྲེས་མ་འདྲེས་སུ་གསུངས་ན་ནི།  དབྱངས་དང་གསལ་བྱེད་ངེས་འཛིན་པ་ལ་དཀའ་ཁེགས་ལྷག་མ་བསྣན་པ་ཙམ་དུ་ཟད་དོ། །

ཡང་ཁོང་གི་རྩོམ་དུ“བོད་ཀྱི་ཡི་གེ་ནི་དབྱངས་ཡིག་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་ཚུལ་མེད་པར་གསལ་བྱེད་གང་ཞིག་ལ་སྒྲ་གདངས་ཇི་ལྟར་ལྡན་པའི་ཚུལ་གྱིས་བཀླག་པའི་ཡི་གེ་ཡིན།”ཞེས་པའི“སྒྲ་གདངས་ཇི་ལྟར་ལྡན་པའི་ཚུལ་གྱིས་བཀླག”ཅེས་པ་ནི། ང་ཚོས་གོང་ནས་ཚོད་ལྟ་བྱས་པའི་གསལ་བྱེད“ཀ” ཡི་སྒྲ་རིས་ཏེ། དབུགས་རྒྱུན་སྐྱེ་གནས་ལ་ཐོགས་པ་དང་།  དེ་ནས་བཀག་པ།  མཐར་གསོག་པའི་དབུགས་རྣམས་ཅིག་ཅར་དུ་སྒོར་ཕུད་པ་ལས།  དབུགས་ཤུགས་ཆེན་པོས་ཐོན་པའི་ཆེས་གཡོན་མཐའི་གཞུང་ཐུག་དེ་ལས་མཚོན་པའི་དབུགས་སྐྱེ་གནས་ལས་ཕྲལ་པ་དང་།  སྒྲ་སྐྱེ་བ།  སྒྲ་འཇིག་པ་གསུམ་དུས་མཉམ་ལྟ་བུ་ཡིན་ཞིང་། སྒྲ་རྒྱུན་རིང་དུ་སྲིང་མི་ཐུབ་ལ།  སྒྲའི་གྲག་ཚད་ཀྱང་ཤིན་ཏུ་ཆུང་བས་ཚེག་ཁྱིམ་སུ་གྲུབ་མི་ཐུབ་བའི་སྒྲ་དེ་ལྟ་བུ་ལ་བཤད་བཞིན་ཡོད་དམ།   ཡང་ན་དབྱངས/a/ཞུགས་པའི་སྒྲ་རིས་ཏེ།  གཞུང་ཐིག་དང་དེའི་གཡས་ཕྱོགས་ཀྱི་ནག་ཅིང་སྟུག་པའི་འཕྲེད་ཐིག་གིས་མཚོན་པའི་ཨོལ་སྐྱི་འདར་བ་དང་། སྒྲའི་གྲག་ཚད་གསལ་བ། སྒྲ་རྒྱུན་རིང་དུ་སྲིང་ཆོག་པ།  དེ་མིན་ཚེག་ཁྱིམ་དུ་གྲུབ་ཆོག་པའི་སྒྲ་དེ་ལྟ་བུ་སྟོན་བཞིན་ཡོད།  སྔ་མར་བཤད་བཞིན་ཡོད་ན་བོད་ཡིག་གི་གསལ་བྱེད་སུམ་ཅུ་ལས།  ཀ་བའི་ཀ་དང་། ཁ་ངོ་ཡི་ཁ། ང་ཚོའི་ང་།  ཆ་ཡའི་ཆ།  ཇ་ཆང་གི་ཇ།  ཉ་མོའི་ཉ།  ན་ཚའི་ན། ཨ་ཕའི་ཕ།  ཝ་མོའི་ཝ།   ལ་ཐུར་གྱི་ལ།  ཤ་རྩམ་གྱི་ཤ་སོགས་ཚེག་ཁྱིམ་དུ་ཁས་ལེན་མི་རུང་བའི་སྐྱོན་ཡོང་སྲིད་པ་དང་།  ཕྱི་མ་སྟོན་བཞིན་ཡོད་ཟེར་ན།  གསལ་བྱེད་རྐྱང་བར་དབྱངས/a/“ཁྱོད་ལྟར་ན་ཐུན་མོང་གི་ཨ”ཞུགས་ཡོད་པ་གོང་གི་ཚོད་ལྟ་དག་ལས་ཤིན་ཏུ་གསལ་བས་ཁ་གཞན་ལ་བྱོལ་ཐབས་བྲལ།

ཡང་ཁོང་ཉིད་ཀྱི་རྩོམ་ལས“སྐད་རིགས་ཀུན་གྱི་གདངས་སུ་དབྱངས་ཨ་འདི་ཉིད་གནས་ཤིང་དེ་ཉིད་མེད་ན་སྒྲ་ཐམས་ཅད་དབྱུང་དུ་མེད།”ཅེས་ནས“དབྱངས་ཨ”དེ་བོད་སྐད་དུའང་ཡོད་པ་ཁས་བླངས།  གལ་ཏེ་བོད་སྐད་དུ་དབྱངས་ཨ་ཞེས་པ་ཡོད་ན།  བོད་ཀྱི་སྐད་བརྡའི་ཁྲོད་དུ་ཇི་ལྟར་མངོན།  གཞན་ཡང་སྐད་བརྡའི་ཟུར་ནས་བོད་ལ་དབྱངས་ལྔ་ཡོད་ཟེར་ན་མི་ཆོག་པའི་རྒྱུ་མཚན་གང་ལ་ཐུག  དྲི་བ་འདི་དག་ལ་ལན་འདེབས་དུས་སུ།  ང་ཚོས་གོང་ནས་བཤད་ཟིན་པའི།  བོད་ཡིག་ཏུ་དབྱངས/a/མཚོན་བྱེད་ཀྱི་རྟགས་དངོས་སུ་མ་བཀོད་ནའང་།  སྐད་བརྡ་ནས་བལྟས་ན་སྲོག་ཞུགས་ཀྱི་དབྱངས/a/ཡོད་པ་དང་།  དེའང་དབྱངས་གཞན་གྱི་མཚོན་རྟགས་མེད་པའི་གསལ་བྱེད་གཙོ་བོ་གནས་སར་གཟུགས་མེད་ཀྱི་ཚུལ་དུ་ཞུགས་དགོས་པའི་གནས་ལུགས་འདི་ཁས་མི་ལེན་རང་ལེན་ཡིན་ནོ། །  དེའི་ཕྱིར།  བོད་ལ་དབྱངས་དུ་ཡོད་པར་བརྟག་དུས་ཀྱང་ཡི་གེ་རིག་པའི་ངོས་ཀྱི་དབྱངས་དང་སྐད་བརྡ་རིག་པའི་ཐད་ཀྱི་དབྱངས་གཉིས་སོ་སོར་འབྱེད་དགོས་པའི་གནས་ལུགས་འདི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །

གསུམ་པ།  “ཨ”ང་རོ་རུ་འདོད་པར་དཔྱད་པ།

དེ་ཡང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་རྣམས་སུ“དབྱངས་སམ་ང་རོ།  གདངས་སམ་ང་རོ”ཞེས་ནས།  དབྱངས་དང་གདངས་ང་རོ་གསུམ་པོ་དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་གོ་བ་ལེན་བཞིན་ཡོད་ནའང་།  སྐད་བརྡ་རིག་པ་ནི་རྩོམ་རིག་དང་མི་འདྲ་བར་ཆེས་ཞིབ་ཚགས་ཅན་གྱི་ཚན་རིག་ཅིག་ཡིན་ཞིང་།  དེ་ལ་མི་མང་བོས“རིག་ཚན་ཁྲོད་ཀྱི་རྩིས་རིག(文科中的数学)”ཞེས་འབོད་སྲོལ་ཡང་ཡོད།  སྒོས་སུ་སྒྲ་གདངས་རིག་པ་ནི་དངོས་ལུགས་དང་ཡང་འབྲེལ་ནས་ཡོད་པས་གནད་དོན་མང་བོ་ཞིག་ཚོད་ལྟ་བརྒྱུད་ནས་ཕྲ་ཞིང་ཞིབ་པར་བཤད་དགོས་པ་ཞིག་ཡིན་ཕྱིར།  འདིའི་སྐོར་གྱི་བརྡ་ཆད་དག་ལའང་དབྱེ་བ་ཞིབ་མོར་འབྱེད་དགོས་སོ། །  དེ་བས་སྔོན་བྱོན་མཁས་པ་དུ་མས་དབྱངས་དང་གདངས།  ང་རོ་བཅས་ལ་བཀོད་པའི་མཚན་ཉིད་དང་མཚན་གཞི་དག་ལ་ཞིབ་པར་བརྟགས་ན། འདི་གསུམ་ནི་དོན་ཐ་དད་དུ་སྟོན་པའི་བརྡ་ཆད་རིགས་གསུམ་ཡིན་པར་འདོད་དེ།  དེ་ཡང་སྒྲ་འབྱིན་པའི་གོ་རིམ་ཁྲོད་དབུགས་ལ་བཀག་འགོག་མེད་པར་ཐོན་པའི་སྒྲ་ནི་དབྱངས་ཡིན་པ་དང་།  དེ་ལས་བརྒལ་ཏེ(超音段)སྒྲའི་མཐོ་དམའ་བཤད་པ་ནི་གདངས་དང་།  གཞན་དབྱངས་དང་གསལ་བྱེད་ཀྱི་སྒྲའི་ཁྱད་ཆོས(发音特征)འབའ་ཞིག་སྟོན་པ་ནི་ང་རོ་ཡིན་པར་བཤད་ན་ལུགས་དང་མཐུན་པར་སྙམ།  འདིའི་སྒྲའི་ཁྱད་ཆོས་ཟེར་བ་ནི་དོན་དུ་སྒྲ་འབྱིན་པའི་ཐབས་ལ་གོ་སྟེ།   སྒྲ་འབྱིན་པའི་ཐབས་ལ་འགག་པ་དང་།  གཙུབ་པ།  འགག་གཙུབ།  སྒྲ་ལྡན།  སྒྲ་མེད།  སྲོག་ཆེན།  སྲོག་ཆུང་བཅས་ཡོད་པས།   ང་རོ་ཞེས་པའང་འདི་དག་གི་སྤྱིའི་མིང་ལ་འཇུག་གོ ། དེ་བས་བོད་ཡིག་ལ་རྩ་བའི་ང་རོ་གསུམ་ཡོད་ཅེས་པའང་།  དོན་དུ་གསལ་བྱེད་སུམ་ཅུ་བོ་སྒྲའི་ཁྱད་ཆོས་ཀྱི་སྒོ་ནས་རིགས་གསུམ་དུ་དབྱེ་བ་མཛད་པ་དེ་ཡིན།  དཔེར་ན།  “ཀ/ka/ ཅ/ʨa/ ཏ/ta/ པ/pa/” སོགས་ལ་འགག་སྒྲ་དང་སྲོག་ཆུང།  སྒྲ་མེད་བཅས་ཀྱི་ཁྱད་ཆོས་ལྡན་པ་ཨོལ་སྒོའི་འགག་སྒྲའི་ཡི་གེ“ཨ”ཡིས་མཚོན་པར་བྱས་པ་དང་།   “ཁ/kha/ ཆ/ʨha/ ཐ/ta/ ཕ/pha/ ཚ/ʦha/ ” སོགས་ལ་སྲོག་ཆེན་དང་སྒྲ་མེད་ཀྱི་ཁྱད་ཆོས་ལྡན་པ་སྲོག་ཆེན་གྱི་ཡི་གེ“ཧ”ཡིས་མཚོན།   དེ་བཞིན“ག/ɡa/ ཇ/ʥa/ ད/da/ པ/ba/ ཛ/ʣa/ ”སོགས་ལ་སྲོག་ཆུང་དང་སྒྲ་ལྡན་གྱི་ཁྱད་ཆོས་ལྡན་པ་སྒྲ་ལྡན་གྱི་ཡི་གེ“འ”ཡིས་མཚོན་པར་བྱས་པ་བཅས་སོ། །  དེའི་ཕྱིར།  ཨ་ཧ་འ་གསུམ་ནི་རྩ་བའི་ང་རོ་གསུམ་ཡིན་ཞེས་པའང་།  སྒྲའི་ཁྱད་ཆོས་ཀྱི་ཐད་ནས་བཤད་ན།  དེ་གསུམ་ནི་གསལ་བྱེད་སུམ་ཅུ་ལས་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ཡི་གེ་གསུམ་ཡིན་ཞེས་པ་དེ་ཡིན།  གཞན་ཡང་།  ཏུན་ཧོང་ཡི་གེ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ལས “དེ་དག་རྙྷཱེད་པ་རབ་རྙྷཱེད་བདེ་བར་མཚོ”ཞེས་རྙེད་ལ་ཧཱ་ཡིག་ཨ་རིང་ཅན་བྱུང་བ་དང་།  “རྫོགས་སྷོ།/ རྙྷིང་བ།”ཞེས་པ་སོགས་ལ་ཧ་བཏགས་པའང་ཡི་གེ་དེ་དག་གི་སྒྲའི་ཁྱད་ཆོས་སྲོག་ཆེན་ཡིན་པ་མངོན་པར་བྱེད་པ་ལས།  ཧ་ཡིག་ནི་སྲོག་ཞུགས་དང་ཁེར་ཚུགས་ཀྱི་སྒྲ་རྒྱུ་ཡིན་པ་སོགས་ལ་གོ་བ་ལེན་མི་རུང་།  དེ་ནི་རྒྱལ་སྤྱིའི་སྒྲ་རྟགས་ཀྱི་འཆར་འགོད་ལས་ཀྱང་ཤིན་ཏུ་གསལ་སྟེ།  དཔེར་ན།  /k/སྲོག་ཆུང་ལ་སྲོག་ཆེན་མཚོན་བྱེད་ཀྱི་རྟགས/h/སྦྱར་ནས་སྲོག་ཆེན་གྱི་སྒྲ་རྫས/kh/གྲུབ་ལ།  སྐབས་འདིར/kh/ཡི/h/ནི་སྲོག་ཆེན་གྱི་མཚོན་རྟགས་ཙམ་ཡིན་པ་ལས།  ཁེར་ཚུགས་ཀྱི་སྒྲ་རྫས་ཤིག་མིན་པ་དེ་བཞིན་ནོ། །  དེ་བས་བོད་ཡིག་གི་སྒྲ་ལ་འཇུག་དུས་སུའང་།  ཐོག་མར་རྩ་བའི་ང་རོ་གསུམ་གྱི་སྒྲའི་ཀློག་སྟངས་དཔྱིས་ཕྱིན་པར་སྦྱོང་དགོས་ཤིང་།  དེ་ལ་བརྟེན་ནས་གསལ་བྱེད་གཞན་རྣམས་ཀྱི་སྒྲའི་ཁྱད་ཆོས་མངོན་པར་ཐོན་བྱེད་དུ“ཀཨ་ཁཧ་གའ་ངའ། ཀྸ་ཁྷ་གྰ་ངྰ།”སོགས་ཀྱི་ཐབས་སྤྱད་ཀྱང་།  སྐབས་འདིར“ཨ་ཧ་འ”གསུམ་ནི་སྒྲའི་ཁྱད་ཆོས་མཚོན་བྱེད་ཀྱི་རྟགས་འབའ་ཞིག་ཡིན་པས་རིགས་ལམ་དང་གཞུང་ལུགས་ལ་མི་གནོད་དོ། །  དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས“བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱང་། །”ཞེས་པའང་དགོངས་པ་འདི་འདྲར་དམིགས་པ་མིན་ནམ་སྙམ།  གཞན<བོད་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་རིགས་སྒྲུབ་མཁས་པའི་རྟིང་སྣོན>>ཞེས་པ་རུ“གལ་ཏེ་བོད་ཀྱི་གསལ་བྱེད་ཀྱི་ཨ་དེ་དབྱངས་ཡིག་གི་གྲས་སུ་འཇོག་དགོས་ཟེར་ན། ཨ་དེ་ཙམ་མ་ཟད་ཧ་ཡིག་དང་འ་ཡིག་གཉིས་ཀྱང་བོད་ཀྱི་དབྱངས་ཡིག་གི་གྲས་སུ་མི་འཇོག་ཐུ་མེད་ཡིན་ཏེ།”ཞེས་པའང་ང་རོ་དང་དབྱངས་ལ་དབྱེ་བ་མ་ཕྱེ་པའམ།  ང་རོའི་དོན་བདེ་བླག་ངང་མ་རྟོགས་པ་ལས་བཤད་པ་ཡིན་པར་འདོད་དོ། །

 གནད་ཀ་འདིའི་ངོས་བལྟས་ན། སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་འདིའི་སྐོར་ལ་བཏོན་པའི་ལྟ་ཚུལ་དག་ཀྱང་ལུགས་དང་མཐུན་པར་འདོད་དེ། ཨ་ལག་ཤ་ངག་དབང་བསྟན་དར་གྱི<<ཡི་གེ་བཤད་པ་མཁས་པའི་ཁ་རྒྱན>>ཞེས་པ་རུ། “བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དེ།  ཧ་དང་ཨ་དང་འ་གསུམ་མོ། །  ཁོག་པ་ནས་ཤུགས་བསྐྱེད་དེ་གདོན་པར་བྱ་བའི་ཡི་གེའི་རྩ་བ་ནི་ཧ་ཡིག་གོ །  མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་གོ །  མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་ཡིན་པས།  ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་མོ། །”ཞེས་གསུངས་པའང་སྒྲ་འབྱིན་པའི་ཐབས་དང་སྒྲ་གདངས་ཀྱི་ཁྱད་ཆོས་ནས་ཡི་གེ་འདི་གསུམ་ནི་གསལ་བྱེད་གཞན་རྣམས་ཀྱི་ཚབ་ཏུ་རུང་ཞིང་རྩ་བ་ལྟ་བུར་གྱུར་ཡོད་ཅེས་པ་ལས།  ཨ་ཧ་འ་གསུམ་གྱི་རིང་བཞིན་ནི་ང་རོ་ཡིན་ཞེས་གསུངས་མེད།  དེ་མིན<<གསེར་ཏོག་སུམ་རྟགས>>སུ “ཨ་ཧ་འ་ནི་རྩ་བའི་ང་རོ་གསུམ་མོ། །”ཞེས་པའང་ཨ་ཧ་འ་གསུམ་ནི་བོད་ཡིག་གི་སྒྲ་གདངས་ཀྱི་རྩ་བའི་ཁྱད་ཆོས་གསུམ་ཡིན་ཞེས་པར་འགྲེལ་ན་དོན་དངོས་དང་མཐུན་ནོ་སྙམ།  

བཞི་པ།  བོད་སྐད་དུ“ཨ”ལ་འགྱུར་གཟུགས་གང་དག་ཡོད་པར་བརྟག་པ།

དེ་ཡང“ཨ”ནི་བོད་ཡིག་གི་མ་ལག་ཁྲོད་དུ་སྒྲ་གནས་སུ་མི་རུང་བའི་ཨོལ་སྒོའི་འགག་སྒྲ/ʔ/མཚོན་བྱེད་དུ་བཞག་ཡོད་པས།  དབྱངས་གང་ཡང་མ་སྦྱར་བའི“ཨ”རྐྱང་བར་ཚིག་ཁྱིམ་དུ་གྲུབ་པའི་ནུས་པ་མི་ལྡན་ཞིང་།  དབྱངས་སྦྱར་བ་ན།  དབྱངས་དེ་དང་ཚེག་ཁྱིམ་དུ་གྲུབ་པའི“ཨ”/ʔ-/གཉིས་ལ་དོན་གྱི་ཁྱད་པར་ཅི་ཡང་མེད་པས། སྒྲ་གནས་ཕྱོགས་དྲིལ་གྱི་ཟུར་ནས་ཕན་ཚུན་ནི་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན།  འདིའི་གནས་ལུགས་ལས།  བོད་ཡིག་ཏུ/i/u/e/o/བཅས་ཀྱང“ཨ”/ʔ-/ཡི་འགྱུར་གཟུགས་ཡིན་སྲིད་པ་ཤེས་ཐུབ། དཔེར་ན་བོད་སྐད་དུ། ཨ་མ་ཞེས་པ“ʔa ma”དང“a ma”གཉིས་ནས་གང་གི་སྒྲ་རུ་བཏོན་ཡང་དོན་ལ་ཁྱད་པར་མེད་པ་དང་།  ཨེ་མ་ཞེས་པ་ཡང“ʔe ma”དང“e ma”གང་དུ་འདོན་རུང་བ་ལྟ་བུའོ། ། གཞན་ཡང་།  ཚོད་ལྟ་བྱས་པ་ལྟར་ན། “ཨ”/ʔ-/ལ་རྗེས་འཇུག་མི་འདྲ་བ་སྦྱར་ཚེ་འགྱུར་གཟུགས་ཀྱང་མི་འདྲ་བ་བྱུང་བཞིན་ཡོད་དེ།  དེའི་ཆོས་ཉིད་ནི།  རྗེས་འཇུག་བཅུ་ལས་ལྕེ་རྩེ་དང་མཆུ་ནས་སྐྱེ་བའི་ཡི་གེ་སྟེ།  “ད་ན་ར་ལ་བ་མ”སོགས་དང་འཕྲད་ཚེ།  “ཨ”/ʔ-/ཡི་སྒྲ་དེའང་དེ་དང་མཐུན་པར་ལྕེ་ངོས་མདུན་གྱི་དབྱངས་སུ་ཀློག་བཞིན་ཡོད་པ་དང་།  ལྕེ་རྟིང་ནས་སྐྱེ་བའི་ཡི་གེ་སྟེ“ག་ང”གཉིས་དང་ཕྲད་ཚེ།  “ཨ”/ʔ-/ཡི་སྒྲ་དེའང་དེས་ཤན་ཞུགས་ནས་ལྕེ་རྟིང་གི་དབྱངས་སུ་འདོན་བཞིན་ཡོད་པ་དེའོ། །  

དེ་བས་ང་ཚོས་སྤྱི་འགྲོས་འདི་འདྲ་ཞིག་བསྒྲུབ་ཆོག་སྟེ།  རྗེས་འཇུག་གིས་ཤན་ཤུགས་ནས་བྱུང་བའི/ɑ/དང/ᴀ/སོགས་ནི/a/ཡི་འགྱུར་གཟུགས་ཡིན་ན།  “ཨ”/ʔ/ནི་བོད་ཡིག་ཏུ་སྒྲ་གནས་སུ་མི་རུང་སྟབས།  དབྱངས/a/ཞུགས་པའི/ʔa/དང/a/གཉིས་ཀྱང་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན་པས།  /ɑ/དང/ᴀ/,/a/བཅས་ཀྱང/ʔa/ཡི་འགྱུར་གཟུགས་ཡིན་པར་རྟགས་གྲུབ་བོ། །  དེ་བཞིན/ʔi/དང/i/,/ʔu/དང/u /,/ʔo/དང/o/བཅས་ཀྱང་ཕན་ཚུན་འགྱུར་གཟུགས་ཀྱི་འབྲེལ་བ་ཡིན་ནོ། །

ལྔ་པ།  ཞར་བྱུང་རྗེས་འཇུག“འ”གླེང་བ།

དེ་ཡང་བོད་སྐད་ཀྱི་ཚེག་ཁྱིམ་གང་དུ“འ”འབྱུང་སའི་གནས་མ་གཅིག་ཚེ།  དེའི་སྒྲ་གདངས་ཀྱང་མི་འདྲ་བར་ཀློག་བཞིན་ཡོད།  འོན་ཀྱང་བོད་ཀྱི་ཡི་གེའི་མ་ལག་གིས་དེ་རྣམས་གཟུགས་གཅིག་གིས་མཚོན་པར་བྱས་ཡོད།  དེ་ནི་གཙོ་བོ་སྒྲ་གནས་དེ་དག་གི་བར་ཕན་ཚུན་ཁ་སྐོང་གི་འབྲེལ་བ་ཡིན་པས།  གཟུགས་གཅིག་གིས་མཚོན་པ་བྱེད་པ་ནི་ཡི་གེ་བཀོལ་སྤྱོད་ལ་སྟབས་བདེ་བཟོ་ཆེད་དང་ཚེགས་སྐྱུང་ཆེད་ཡིན་པར་འདོད།   དེ་ལ་རྒན་ཨ་ཚོགས་ཡེ་ཤེས་འོད་གསལ་གྱིས“ ‘འ’ཡི་གེ་གཅིག་གིས་གསབ་སྐོང་བྱས་པའི་སྒྲ་གདངས་ཀྱི་རིན་ཐང་རིགས་ལྔ་མཚོན་ཐུབ་སྟེ།  (1)གསལ་བྱེད་གཙོ་བོའི་ངོས་ནས་འ་ཡི་སྒྲ་གདངས་རིན་ཐང་ནི་མགྲིན་པའི་བརྡར་སྒྲ(喉擦音)/ɦ/ཡིན།(2)ཚེག་ཁྱིམ་གང་དེའི་སྔོན་མཇུག་ཡིན་པའི་ངོས་ནས་འ་ཡི་སྒྲ་གདངས་རིན་ཐང་ནི་མཆུ་གཉིས་ཟུམ་པའི་སྣ་སྒྲ་མ་ཡིན་པའི(非双唇鼻音)རིགས་ཤིག་སྟེ/ɴ-/ཡིན།(3)ཚེག་ཁྱིམ་མཇུག་གི་གསལ་བྱེད་ཡིན་པའི་ངོས་ནས་འ་ཡིག་གི་སྒྲ་གདངས་རིན་ཐང་ནི་དབྱངས་འཇུག་སྲོག་ཞུགས(零韵尾)/-ø/ཡང་ན་མགྲིན་པའི་འགག་སྒྲ(喉塞音)/-ʔ/ཡི་རིགས་ཤིག་ཡིན།(4)འ་ཡིག་གཞན་པའི་ཡི་གེ་དང་ལྷན་དུ་འདུས་སྐབས་མཆུ་གཉིས་ཟུམ་པའི་གསལ་བྱེད(双唇通音声母)/w/མཚོན་པ་ཡིན།(5)བོད་ཡིག་གི་ལེགས་སྦྱར་སྐད་དོད་ཁྲོད་འ་ཡིས་དབྱངས་རིང་བ(长元音)མཚོན་པ་ཡིན།”ཞེས་གསུངས་པ་ནི་དོན་དང་མཐུན་པར་སྙམ་སྟེ།  ཚན་པ་འདིའི་བཤད་བྱར་གྱུར་པའང་དབྱངས་མཇུག་སྲོག་ཞུགས/-ø/དང་ཡང་ན་མགྲིན་པའི་འགག་སྒྲ/-ʔ/ཡི་སྒྲ་གདངས་རིན་ཐང་ལྡན་པའི་རྗེས་འཇུག་གི་འ་ཡིན་ནོ། །

གོང་གི་གཞུང་ལུགས་འདིས་སྔོན་གྱི་ཡིག་རྙིང་ཁག་དང་རྡོ་རིང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། བསྟན་པ་ཕྱི་དར་དུས་ཀྱི་མཁས་པའི་རྩོམ་སོགས་ན་མིང་གང་ཡང་རུང་བ་དང་ཡི་གེ་རྐྱང་པའི་མཐའ་རྟེན་དུ་འ་ཡིག་ཞུགས་པའི་འབྲི་ཚུལ་བྱུང་བ་དེར་ཡང་འདི་ལྟར་འགྲེལ་ཆོག་སྟེ།  བོད་ཡིག་གི་ཚེག་ཁྱིམ་གང་ཞིག་ལ་གསལ་བྱེད་དབྱངས་འཇུག་གཞན་སྦྱར་མེད་ཚེ།  “འ”ནི་དབྱངས་འཇུག་གི་ཚུལ་གྱིས་ཚེག་ཁྱིམ་གྱི་མཇུག་ཏུ་བྱུང་ལ།  དེས་བོད་ཡིག་གི་ཚེག་ཁྱིམ་མཐའ་དག་ལ་གསལ་བྱེད་དབྱངས་མཇུག་ཡོད་པ་མཚོན་པར་བྱས་ཡོད།  འདི་དང་ང་ཚོས་གོང་ནས་བཤད་པའི་བོད་ཡིག་གི་ཚེག་ཁྱིམ་མགོ་རུ་གསལ་བྱེད་གཞན་མེད་ཚེ།  ཨོལ་སྒོའི་འགག་སྒྲའི་གསལ་བྱེད“ཨ”/ʔ-/ཞིག་ངེས་པར་དུ་ཡོད་སྲིད་ཅེས་པ་ནས།  བོད་ཡིག་གི་ཚེག་ཁྱིམ་རེ་རེ་ལ་གསལ་བྱེད་ཅིག་དང་དབྱངས་ཤིག་དགོས་པར་མ་ཟད།   གཞན་ད་དུང་གསལ་བྱེད་དབྱངས་འཇུག་གམ་རྗེས་འཇུག་ཅིག་དགོས་པའི་གནས་ལུགས་དེ་བསྟན་ཞིང་།  བོད་ཡིག་གི་ཆེས་ཆུང་བའམ་གཞི་རྩའི་ཚེག་ཁྱིམ་ནིCVCཅན་ཞིག་ཡིན་པའང་ཤེས་ཐུབ། སྒྲིག་གཞི་འདི་ལྟ་བུ་ནས་བོད་ཡིག་གི་མིང་དང་ཚིག་གི་སྦྱོར་བ་དག་ནི་རྗེས་འཇུག་ལ་ཁ་འབྲལ་ཐབས་མེད་པའི་ཁྱད་ཆོས་ཀྱང་མཐོང་ནུས་ཤིང་།  སློབ་དཔོན་ཐོན་མི་མཆོག་གིས“རྗེས་འཇུག་བཅུ་བོ་མ་ཞུགས་ན། །  མིང་གཞན་སྦྱོར་བ་ཡོིད་མི་སྲིད། །”ཞེས་པའང་གནད་ཀ་འདིར་དགོངས་ནས་གསུངས་པ་ཡིན་ནམ་སྙམ་མོ། །  དེ་བས།  ཞོལ་རྡོ་རིང་སོགས་ཀྱི་ངོས་སུ། “ཟླ་གོང་གི་བུ་ཚའ་རྒྱུད་འཕེལད།/ ཡི་གྼེ་བྲིས་པའ།/ དཀུ་རྒྱལ་གྱི་ཡི་གེའ།/  དཔྱའ་འཇལ།/ མི་སྤོའ།”ཞེས་རྗེས་འཇུག་“འ”དངོས་སུ་བཀོད་པ་དང་།  ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T.93པའི་ནང་དུའང“དགེའ་འདུན།/ གཏིའ་མུག/ འཇམ་དཔལ་གྱྀས་གསོལ་པའ།/ བཀུར་བསྟིའ།/ སེམས་ཆན་ཁམས་སུ་བལྟའ་མྱྀ་བའ།/ བློ་གྲོས་ཤེས་བགྱིའ་བ་ཞིག་བྱུང”ཞེས་རྗེས་འཇུག་“འ”དངོས་སུ་ཐོན་པ་དག་ཀྱང་། བོད་ཡིག་གི་ཚེག་ཁྱིམ་གང་ལ་གསལ་བྱེད་དབྱངས་འཇུག་གཞན་སྦྱར་མེད་ཚེ།  “འ”ནི་གསལ་བྱེད་དབྱངས་འཇུག་མཚོན་རྟགས་སུ་བཀོད་པ་ཡིན་ནམ་སྙམ་མོ། །

གཞན་ཡང<<བསྟན་འགྱུར>> ཁྲོད་བཞུགས་པའི<<སྒྲའི་རྣམ་པར་དབྱེ་བ་བསྟན་པ>> ཞེས་པ་རུ“གཞན་ཡང་མིང་གང་ཡང་རུང་བའི་ཐ་མ་ན་འས་བརྟེན་ལ། དེ་གཉིས་པ་ལས་སུ་སྦྱོར་ན་རུ་ཁོ་ནར་སྦྱོར་ཏེ། མིང་གི་མཐའ་མ་འ་ཡིས་བརྟེན་ཞེས་པའང་། མིང་གང་ཡང་རུང་པའི་ཐ་མ་ན་ན་རོ་གུ་གུ་ལ་སོགས་པའི་ཡན་ལག་གང་འདུག་ཀྱང་རུང་སྟེ། ཡི་གེ་གཞན་གང་གིས་ཀྱང་མ་བརྟེན་པ་དེ་ནི་འ་ཁོ་ནས་བརྟེན་པ་ཡིན་ཏེ། དཔེར་ན་མ་གདྷ་རུ་འགྲོ་ཞེས་པ་ལ་སོགས་པའི་ལས་རྣམས་རུང་སྟེ་འའི་རྗེས་འཇུག་སྡུད་པར་བལྟའོ། །” ཞེས་གསུངས་པ་ནི།  བོད་ཡིག་གི་ཚེག་ཁྱིམ་གང་ལ་གསལ་བྱེད་དབྱངས་འཇུག་གཞན་སྦྱར་མེད་ཚེ།  “འ”ནི་གསལ་བྱེད་དབྱངས་འཇུག་མཚོན་བྱེད་དུ་གནས་དགོས་པ་དང་།  སྐད་ཆའི་བརྗོད་པ་རུའམ།  ཡང་ན་ཚེག་ཁྱིམ་དེའི་རིགས་ཀྱི་རྗེས་སུ་ཕྲད་སོགས་བྱུང་ཚེ་གསལ་བྱེད་དབྱངས་འཇུག་གི་མཚོན་རྟགས“འ”དེ་སྐོང་ཡང་ཆོག་ཟེར་བ་ལས།  མཐའ་གཅིག་ཏུ“འ”དེ་སྦྱོར་མི་ནུས་ཟེར་བར་གོ་བ་ལེན་མི་རུང་སྟེ།  དཔེར་ན།  “བཀའ་རུ་ཉན།  མཁའ་རུ་འཕེན།”ཞེས་པའི་དམིགས་བསལ་དག་ལ“འ”སྐོང་མི་རིགས་པ་ལྟ་བུའོ། །

རྗེས་སུ་སྐད་གསར་བཅད་ཁྲོད་དུ“འ”ཡིག་མེད་པར་བཟོས་པ་ནི།  གོང་ནས་བཤད་པའི“ཚེག་ཁྱིམ་མཇུག་གི་གསལ་བྱེད་ཡིན་པའི་ངོས་ནས་འ་ཡིག་གི་སྒྲ་གདངས་རིན་ཐང་ནི་དབྱངས་འཇུག་སྲོག་ཞུགས/-ø/ཡང་ན་མགྲིན་པའི་འགག་སྒྲ/-ʔ/ཡི་རིགས་ཤིག་ཡིན།”ཞེས་པ་ནས་ལན་འདེབས་རུང་སྟེ།  བོད་ཡིག་ཏུ་རྗེས་འཇུག“འ”ནི་གསལ་བྱེད་དབྱངས་འཇུག་མཚོན་བྱེད་ཀྱི་རྟགས་ཙམ་ཡིན་པས།  གཟུགས་སུ་བཀོད་ཀྱང་ཆོག་ལ་མ་བཀོད་ཀྱང་རུང་།  དེ་ཡང་གོ་བདེ་བར་བཤད་ན།  བོད་ཡིག་གི་ཚིག་ཁྱིམ་གང་ལ་གལ་ཏེ་གསལ་བྱེད་དབྱངས་འཇུག་མཚོན་བྱེད་ཀྱི་རྟགས་ཙམ་འགོད་དགོས་ན།  རྗེས་འཇུག་བཅུ་ལས“འ”ལས་འཚམ་པ་ཞིག་མེད་ཅིང་།  འདོར་བར་བྱས་ཚེའང་།  སྒྲ་གདངས་ཀྱི་རིན་ཐང་ནས་བལྟས་ན།  “འ”འདོར་བར་རུང་ལ། དོར་བའང་ཡིག་ཚོགས་སྐྱུང་ཆེད་འབའ་ཞིག་གོ །  ཡིན་ནའང་།  དུས་རབས་བཅུ་གཅིག་པའི་ནང་ཙམ་ལ་བརྩམས་པར་གྲགས་པའི<<རོང་ཟོམ་བཀའ་འབུམ>>དུ“བྱ་བ་འཕྲའ་མོ།  འདྀའ་ནྀ་འགྲོའ་བ་རིས་དྲུག  གཡོའ་བ་དང་མི་གཡོའ་བ”ཞེས་དང་།  དུས་རབས་བཅུ་གཉིས་པར་འཚོ་བའི་བཅོམ་ལྡན་རིག་པའི་རལ་གྲིའི<< བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད>>དུ“ཤཀྱའི་གཙོའ་ལ།/ རྩོད་དུས་ཀྱི་མགོའ་འཛིན་པའི་ཚེ།/ ཡིད་ཆེས་པའི་གནས་ཡིན་པའ།/ ཡང་ན་རྒྱ་དཔེའ་ལས”ཞེས་ད་རུང་འ་ཡིག་མཐའ་རྟེན་དུ་འབྲི་བཞིན་ཡོད་པ་ནི།  སྒྲ་གདངས་རིག་པ་ནས་བལྟས་ན།  “འ”དབྱངས་འཇུག་གསལ་བྱེད་ཀྱི་རྟགས་སུ་བཀོད་ཀྱང་མ་བཀོད་རུང་།  ཚེག་ཁྱིམ་གང་དེའི་སྒྲ་གདངས་ལ་མི་གནོད་པས་བྲི་ཡང་ཆོག་ལ།  ཡི་གེ་རིག་པ་ནས་བལྟས་ན།  རྒྱལ་བོ་ཁྲི་རལ་གྱི་དུས་སུ་ཡིག་ཚོགས་སྐྱུང་བའི་ཆེད་དུ“འ”ཡིག་དོར་བར་མཛད་ནའང་རྗེས་སུ་ཚད་ལྡན་དུ་མ་སོང་བའི་རྟགས་ཤིག་ཡིན་པར་འདོད་དོ། །

གཞན་ཡང་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་འདིའི་སྐོར་ལ་བཏོན་པའི་ལྟ་ཚུལ་དག་ལའང་དཔྱད་རིན་ཡོད་དེ།  <<ཐོན་མིའི་ཞལ་ལུང>> དུ“བོད་ཀྱི་སྐད་ཕལ་ཆེ་བའི་གདངས་ནི་རིང་ཆ་ཅན་ཡིན་པའི་ཕྱིར་ན་མཐའ་རྟེན་གཞན་མེད་པའི་རྗེས་སུ་འ་མཐའ་སྦྱོར་བ་ཡང་བོད་སྐད་ཀྱི་གདངས་དང་མཐུན་པར་མཛད་པ་ཡིན་ཏེ།”ཞེས་དང།“འོན་ཀྱང་ད་ལྟའང་འགའ་རེའི་ལག་རྒྱུན་དུ། བརྡའ་སྤྲོད་པ་ཞེས་པའི་བརྡ་ལ་འ་མཐའ་འབྲི་བ་མ་དག་པར་བརྗོད་མི་རུང་།” ཞེས་གསུངས་ནས་མཐའ་རྟེན་གཞན་མེད་པའི་རྗེས་སུ་འ་མཐའ་སྦྱོར་བ་ནི་གདངས་རིང་ཆ་ཅན་མཚོན་ཕྱིར་ཡིན་པར་འདོད་བཞིན་ཡོད་དེ།  འདི་ལ་བལྟས་ན།  མཁས་དབང་ཁོང་གིས་དགོངས་པའང་བོད་ཡིག་གི་ཚེག་ཁྱིམ་མཐའ་དག་ལ་གསལ་བྱེད་དབྱངས་འཇུག་ཡོད་ཅིང་།  ཚེག་ཁྱིམ་གཅིག་ལ་མ་མཐའ་ཡང་གསལ་བྱེད་ཅིག་དང་།  དབྱངས་ཤིག  དེ་མིན་གསལ་བྱེད་དབྱངས་འཇུག་ཅིག་ཚང་དགོས་ན།  གདངས་སྤྱིའི་ཆ་ནས་རིང་ཆ་ཅན་ཡིན་ཟེར་བ་དེ་ཡིན་ནམ་སྙམ།  ཡང་སི་ཏུ་རིན་པོ་ཆེས“ཡི་གེ་གཅིག་ཡིན་ཡང་བཤད་མ་ཐག་པ་ལྟར་རྗེས་འཇུག་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པས་དའ་ཞེས་ཡི་གེ་གཉིས་སུ་འགྱུར་བ་དེ་ལྟ་བུ་ནི་ཡི་གེ་གཉིས་ཚོགས་པའི་མིང་གི་མཚན་གཞི་དང་།”ཞེས་གསུངས་པའང་།  བོད་ཡིག་གི་མིང་ལ་གསལ་བྱེད་དང་དབྱངས་ལས།  གསལ་བྱེད་དབྱངས་འཇུག་ཀྱང་ཚང་དགོས་པའི་དགོངས་པ་བསྟན་ནོ། །  མཁས་དབང་པྲ་སྟིས། “དེས་ན་རྗེས་འཇུག་གཞན་དགུ་པོ་གང་རུང་མེད་པའི་མཐར་འ་ཡིག་རེ་ངེས་པར་བཞག་པ་སྒྲ་བསྒྱུར་སྔ་མ་རྣམས་ཀྱིས་མཛད་ལ། དཔེར་ན། ཀ་ཞེས་བརྗོད་པའི་ཚེ་རྗེས་འབྲེལ་དུ་འ་ཡིག་མི་གསལ་པའི་ཚུལ་དུ་ཡོད་པའི་ཕྱིར་རོ། །”ཞེས་སྔོན་གྱི་ཡི་གེ་རྐྱང་པའི་རྗེས་སུ“འ”མཐའ་རྟེན་གྱི་ཚུལ་དུ་བྱུང་བ་དང་།  དེང་སང་ད་དུང་མི་མངོན་པའི་ཚུལ་གྱིས་ཡོད་པར་བཤད་པ་ནི།  ང་ཚོས་གོང་ནས་བཤད་པའི“འ”ནི་སྒྲ་གདངས་རིག་པ་ནས་བལྟས་ན་ཡོད་ངེས་པ་དང་།  ཡི་གེ་རིག་པ་ནས་ཚེགས་སྐྱུང་བའི་སླད་འདོར་ཡང་རུང་ཞེས་པའི་ལྟ་ཚུལ་དང་ཡོངས་སུ་མཐུན་ནོ། །

མཇུག་བསྡུ་བ།

 གོང་ནས་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཚོད་ལྟ་སྒྲ་གདངས་རིག་པའི་བྱེད་ཐབས་སོགས་སྤྱད་དེ་མཁས་པ་སྔ་མ་དག་གི་ལྟ་བ་ལ་དཔྱད་པ་རགས་ཙམ་བཏང་བ་ཡིན།  ཚན་པ་འདིར་རང་གི་ལྟ་ཚུལ་དག་སྤྱི་བསྡོམས་ཤིག་བྱས་ན།   གཅིག  བོད་ཡིག་ལ་དབྱངས་དུ་ཡོད་པའི་ཐད་ལ།  ཡི་གེ་རིག་པ་ནས་བོད་ཡིག་ལ་དབྱངས་ཨི་ཨུ་ཨེ་ཨོ་བཞི་ལས་མེད་པ་དང་།  སྐད་བརྡ་རིག་པ་ནས་བལྟས་ན།  དེ་ལས་གཞན་པའི་དབྱངས/a/ཡང་ཡོད་ངེས་ལ།  བོད་ཡིག་མ་ལག་གིས་ཡིག་ཚོགས་སྐྱུང་བའི་སླད་དེ་ནི་གཟུགས་མེད་དམ་སྲོག་ཞུགས་ཀྱི་ཚུལ་དུ་ངེས་བཟུང་ཡོད།  གཉིས། “ཨ”ཡི་ངོ་བོའི་ཐད་ལ།  བོད་ཡིག་གི་ཚེག་ཁྱིམ་གང་གི་མགོ་རུ་གསལ་བྱེད་གཞན་མེད་པར་དབྱངས་རྐྱང་བས་ཚིག་ཁྱིམ་ཞིག་གྲུབ་པ་ལ།  རང་ཤུགས་ཀྱིས་ཨོལ་སྒོའི་འགག་སྒྲ/ʔ/ལ་བརྟེན་བཞིན་ཡོད་ཅིང་།  དེ་ནི་བོད་ཡིག་ཏུ“ཨ”ཡིས་མཚོན་པར་བྱས་ཡོད། དེ་བས་བོད་ཡིག་གི་མ་ལག་ཁྲོད“ཨ”ཡི་ངོ་བོ་ནི་གསལ་བྱེད་ཅིག་ཡིན། གསུམ།  ཚེག་ཁྱིམ་གྱི་ཐད་ལ།  བོད་ཡིག་གི་གསལ་བྱེད་གང་ལ་དབྱངས་གཞན་གྱི་མཚོན་རྟགས་མེད་ཚེ།  གསལ་བྱེད་གཙོ་བོ་གནས་སར་ངེས་པར་དུ་དབྱངས/a/ཞུགས་དགོས་པ་དང་།  དབྱངས་རྐྱང་བས་ཚེག་ཁྱིམ་གྲུབ་པར་ངེས་པར་དུ་ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/ཞིག་འབྱུང་སྲིད་པས།  བོད་ཡིག་གི་ཚེག་ཁྱིམ་ཡོངས་རྫོགས་ལ་མ་མཐའ་ཡང་གསལ་བྱེད་ཅིག་དང་དབྱངས་ཤིག་དགོས་ཤིང་།  ཆེས་ཆུང་བའི་ཚེག་ཁྱིམ་ཡངCVནས་མགོ་བརྩམས་དགོས་པའི་གནས་ལུགས་རྟོགས་ཐུབ།  བཞི།  ང་རོའི་ཐད་ལ། སུམ་འགྲེལ་མཁན་པོ་དག་གིས་དབྱངས་དང་གདངས།  ང་རོ་གསུམ་ནི་དོན་གཅིག་ཏུ་སེམས་བཞིན་ཡོད་ནའང་།  དོན་དུ་དེ་དག་ནི་དོན་ཐ་དད་དུ་གྱུར་པའི་བརྡ་ཆད་གསུམ་ཡིན་པར་འདོད་ལ།  དེ་ལས་ང་རོ་ཞེས་པ་ནི་དབྱངས་དང་གདངས་སུ་མི་གོ་བར།  གསལ་བྱེད་དག་གི་སྒྲ་གདངས་ཀྱི་ཁྱད་ཆོས་མཚོན་བྱེད་ལ་གོ་བ་བླངས་ན།  ཨ་ཧ་འ་གསུམ་རྩ་བའི་ང་རོ་གསུམ་ཞེས་པའང་བོད་ཡིག་གི་གསལ་བྱེད་སུམ་ཅུ་བོ་སྒྲ་གདངས་ཀྱི་ཁྱད་ཆོས་ནས་རིགས་གསུམ་དུ་བགར་ཆོག་པའི་གནས་ལུགས་བསྟན་ཡོད་པ་ཤེས་ཐུབ།  ལྔ།  རྗེས་འཇུག“འ”ཡི་ཐད་ལ།  “འ”ཡིག་ནི་ཚེག་ཁྱིམ་མཇུག་གི་གསལ་བྱེད་ཅིག་ཡིན་པའི་ངོས་ནས་དེའི་སྒྲ་གདངས་རིན་ཐང་ནི་དབྱངས་འཇུག་སྲོག་ཞུགས/-ø/ཡང་ན་མགྲིན་པའི་འགག་སྒྲ/-ʔ/ཡི་རིགས་ཤིག་ཡིན་པས།  ཡི་གེ་རིག་པ་ནས་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་།  འོན་ཀྱང་བོད་ཡིག་གི་གཞུང་རྣམས་དུ“མིང་གང་ལ་མཐའ་རྟེན་གཞན་སྦྱར་མེད་ཚེ།  ངེས་པར་དུ་འ་མཐའ་རྟེན་དུ་སྦྱོར་དགོས”ཞེས་པ་ནི་སྒྲ་གདངས་རིག་པ་ནས་བཤད་པ་ཡིན་ལ།  དེ་ལས་བོད་ཡིག་གི་ཚེག་ཁྱིམ་ཡོངས་རྫོགས་ལ་གསལ་བྱེད་དབྱངས་འཇུག་ཡོད་ངེས་པ་ཤེས་ཐུབ་ཅིང་།  འདི་དང་གོང་གིCVཡི་ཆོས་ཉིད་ནས།  བོད་ཡིག་གི་ཆེས་ཆུང་བའི་ཚེག་ཁྱིམ་མམ་རྩ་བའི་ཚེག་ཁྱིམ་ནིCVCཅན་ཞིག་ཡིན་པའང་རྟོགས་ནུས་སོ། །  

[①]ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་།》[M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P83

[②]ཀརྨ་སི་ཏུ།《མུ་ཏིག་ཕྲེང་མཛེས།》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2003ལོ། P37

[③]དཔའ་རིས་སངས་རྒྱས།《དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1999ལོ། P100

[④]亨宁×雷茨,阿拉德×琼曼《语音学:标音、产生、声学和感知》[M],北京,中国社会科学出版社,2018年,P13-19

[⑤]འདིའི་སྒྲ་འདོན་པ་པོ་ནི།  སྒོམ་པ། ཞོན་ཧྭ་རྡོ་སྦིས་ཀྱི་མི། ཕོ། ལོ28།རིག་གནས་ཆུ་ཚད་ཆེད་སྦྱོང་།

[⑥]意西微萨×阿措,《音节意识的自觉与辅音丛内部音系结构的精微分析-吐蕃时期藏文创制及相关理论的现代音系学解读》[C],第三届藏语言学研讨会,上海

[⑦]དོན་གྲུབ་ཚེ་རིང་།《བོད་ཀྱི་ཡུལ་སྐད་རྣམ་བཤད།》[M] པེ་ཅིང་།  ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་།  2011ལོ། P20,176,270

[⑧]ས་སྐྱ་ཀུན་དགའ་རྒྱལ་མཚན།《ས་སྐྱའི་བཀའ་འབུམ།》(པོད་གསུམ་པ།)[G]ཤིང་དཔར། P14ལ་གསལ། སྤྱིའིP542

[⑨]《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག》《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས།》དེབ53པ།[G]  ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2007ལོ།སྤྱིའིP359

[⑩]《སུམ་རྟགས་སྐོར་གྱིདཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ།》[G] ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ།P7

[11]ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་།》[M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P65

[12]ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་།》[M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P63

[13]ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་།》[M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P66

[14]《བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》[G]པེ་ཅིང་།  མི་རིགས་དཔེ་སྐྲུན་ཁང་། 2012ལོ།P12

[15]《རྗེ་དམུ་དགེ་བསམ་གཏན་རྒྱ་མཆོའི་གསུང་འབུམ།》(པོད་དྲུག་པ།) [G]ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོ།P402

[16]པྲ་ཏི་རིན་ཆེན་དོན་གྲུབ། 《པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།》[M]ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980ལོ།P15

[17]པྲ་ཏི་རིན་ཆེན་དོན་གྲུབ། 《པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།》[M]ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980ལོ།P120

[18]《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།》དེབ་བཅུ་བ།[G]  ཁྲེང་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།ཤོག་ངོས་22

[19]ས་སྐྱ་ཀུན་དགའ་རྒྱལ་མཚན།《ས་སྐྱའི་བཀའ་འབུམ།》(པོད་གསུམ་པ།)[G]ཤིང་དཔར། P14ལ་གསལ། སྤྱིའིP542

[20]《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།》དེབ་ལྔ་བ།[G]ཁྲེང་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།  ཤོག་ངོས་22

[21]ཁ་སྒང་བཀྲ་ཤིས་ཚེ་རིང་།《བོད་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་རིགས་སྒྲུབ་མཁས་པའི་རྟིང་སྣོན།》[J]  《ཀྲུང་གོའི་བོད་རིག་པ།》2014(3)P18-37

[22]ཁ་སྒང་བཀྲ་ཤིས་ཚེ་རིང་།《བོད་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་རིགས་སྒྲུབ་མཁས་པའི་རྟིང་སྣོན།》[J]  《ཀྲུང་གོའི་བོད་རིག་པ།》2014(3)P18-37

[23]ཁ་སྒང་བཀྲ་ཤིས་ཚེ་རིང་།《བོད་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིར་ངེས་པའི་རིགས་སྒྲུབ་མཁས་པའི་རྟིང་སྣོན།》[J]  《ཀྲུང་གོའི་བོད་རིག་པ།》2014(3)P18-37

[24]《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།》དེབ་ལྔ་བ།[G]ཁྲེང་ཏུའུ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།  P22

[25]《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།》དེབ་ལྔ་བ།[G]ཁྲེང་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།  P22

[26]意西微萨×阿措,《音节意识的自觉与辅音丛内部音系结构的精微分析-吐蕃时期藏文创制及相关理论的现代音系学解读》[C],第三届藏语言学研讨会,上海

[27]《བསྟན་འགྱུར།》དེབ།15པ།[G]སྣ་ཚོགས།(ཅོ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོ།P449

[28]《རོང་ཟོམ་བཀའ་འབུམ །》[M]  ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1999ལོ།P305-308

[29]《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》དེབ་51པ།[G] ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007ལོ།P7

[30]ཚེ་ཏན་ཞབས་དྲུང་།《ཐོན་མིའི་ཞལ་ལུང་།》[M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2005ལོ། P70-71

[31]ཀརྨ་སི་ཏུ།《མུ་ཏིག་ཕྲེང་མཛེས།》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2003ལོ། P129

[32]པྲ་ཏི་རིན་ཆེན་དོན་གྲུབ། 《པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1980ལོ། P120

实验语音学视阈下藏文末字母“ཨ”的归属问题研究

---兼论后加字“འ”

久西杰

摘要:在藏文传统文法中,“ཨ”为元音或辅音问题历来争议不断,主要是因为“ཨ”在形式上与梵文的元音“ཨ/अ”对应,在藏文文字系统中却又列在辅音字母表里。这给“ཨ”的判定和解释带来一定的困难和不确定性。文章区分了语音学意义上的“ཨ”和文字学意义上的“ཨ”。在语音上,“ཨ”没有实质的音位价值,与元音/a/是变体关系,这从音位归纳的角度看,可以将“ཨ”处理为一个元音;从人类发音器官的共性上看,以元音为首的音节在发音时,必须依附于一个喉塞音/ʔ/,藏文文字系统正好用“ཨ”字符代表辅音/ʔ/,这就是文字学意义上的辅音“ཨ”。藏文的元音/a/,是零形式表现。根据实验发现,只有核心辅音位置才可以拥有零形式的元音/a/,其余有其它元音标记、前加字、后加字、上加字、下加字位置不会附带元音/a/,这也是古藏文设计的创新之处。另外,藏文中/ʔ-/与后加字“འ”的处理类似,所以,本文最后从音系学视角对后加字“འ”做了简单探讨。

关键字:藏文;辅音;元音;后加字“འ”

Under the perspective of experimental phonetics Tibetan letters "ཨ"at the end of the study on the ownership of the problem

---and after add word "འ"

JIU XiJie

(Institute of linguistics, Shanghai normal university, Shanghai 200234, China)

Abstract: in the Tibetan traditional grammar,"ཨ" for the vowel or consonant problem has always been controversial, mainly because of"ཨ"in form and Sanskrit vowel"ཨ/अ", in the Tibetan language system is listed in the consonants in the alphabet. This brings to the"ཨ"judgement and explain certain difficulties and uncertainty. The article distinguishes between phonetics in the sense of"ཨ"and"ཨ"the meaning of philology. On the voice, "ཨ"without substantial phoneme value, with a vowel sound/a/variation relationship, this from the perspective of phonological induction, can will be treated as"ཨ"is a vowel; From the point of view, the generality of the human speech organs when headed by vowel syllable pronunciation, must be attached to a glottal stop /ʔ/, Tibetan's a writing system use "ཨ"characters represent consonants/ʔ/," this is the philology in the sense of consonants "ཨ". The vowel/a/in Tibetan is expressed in the form of zero. According to the experiment, only the core consonant position can have the zero form of vowel /a/, and the rest have other vowel marks, prefix, postscript, superscript and subscript positions without the vowel /a/, which is also the innovation of ancient Tibetan design. In addition, in the Tibetan /ʔ-/similar to add word "འ" after processing, so, after the end of this article from the perspectives of phonology to add the word "འ" made a simple discussion.

Key words: Tibetan; Consonants; Vowels. After add word "འ"

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།