མདོ་སྨད་ཀན་ལྷོའི་ཡུལ་གྱི་རྩེ་དབུས་ཁྱིམ་རྒྱུད་སྐོར་ལ་ཟུར་ཙམ་ལྟ་བ།

[གནད་བཏུས] དཔྱད་རྩོམ་འདིར་བོད་བཙན་པོའི་སྐབས་སུ། ཡུལ་མདོ་སྨད་དུ་ཕེབས་པའི་རྩེ་དབུས་ཁྱིམ་རྒྱུད་ཀྱིས་ཀན་ལྷོའི་ཕྱོགས་འདིར་དུས་དེ་རིང་བར་དུ་ཆོས་ལུགས་བྱེད་སྒོ་དང་། དམངས་སྲོལ་རིག་གནས་ཐད་བཏོན་པའི་བྱེད་ནུས་སོགས་བརྗོད་དེ་རྩེ་དབུས་ཁྱིམ་རྒྱུད་ཡུལ་འདིར་ཇི་ལྟར་བྱོན་པ་དང་། རྩེ་དབུས་ཞེས་པའི་མིང་གི་བརྗོད་དོན་སོགས་ལ་དཔྱད་པ་མདོ་ཙམ་བྱས་ཡོད།

[གནད་ཚིག] རྩེ། རྩེ་དབུས། ཁྱིམ་རྒྱུད།

དེའང་རྩེ་དབུས་ཁྱིམ་རྒྱུད་འདིར་མཚོན་ན། ཡུལ་མདོ་སྨད་ཀན་ལྷོའི་ཕྱོགས་སུ་ས་འཛིན་གྱི་སྡེ་སྔ་བའི་གྲས་སུ་བཞག་ཆོག་ལ། རུ་སྡེ་འདི་ཡུལ་ཕྱོགས་འདིར་མཆེད་པའི་རྐྱེན་སྣ་ཚོགས་ཡོད་སྲིད་ཀྱང་། ལག་སོར་བྱུང་བའི་ཡིག་ཆར་གཞི་བྱས་ཏེ་མངོན་ཐུབ་པ་ནི། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་འཕྲོག་རྩོད་དབང་ཤུགས་ཀྱིས་ཡུལ་མཐར་སྤྲད་པའི་རྐྱེན་ནམ། མཐའ་སྲུང་དམག་མིའི་ཚུལ་དུ་བྱོན་པར་སྣང་བས། འདིར་ཅུང་ཟད་བརྗོད་པར་བྱའོ། །

དང་པོ། རྩེ་དབུས་ཞེས་པའི་མིང་གི་ཐོགས་དོན་དང་འབྲེལ་ཡོད་མིང་བརྡའི་སྐོར་བཤད་པ།

དེའང་མིང་བརྡ་གང་ཞིག་ཡིན་རུང་མིང་གཅིག་དོན་མང་ལ་འཇུག་པ་དང་། དོན་གཅིག་མིང་མང་ལ་ཁྱབ་པའི་རྣམ་གྲངས་ཡོད་པ་ལྟར་རྩེ་དབུས་ཞེས་པའི་མིང་བརྡར་མཚོན་ན། ས་གནས་ཤིག་གི་ཡུལ་མིང་དང་ཆོས་ལུགས་ཤིག་གི་བརྗོད་དོན། རུས་རྒྱུད་ཚོ་བ་ཞིག་གི་གོ་ཕྱོགས་སོགས་ཡོད་པ་ལྟར་ཏུ། དེ་ལ་རྩེ་བུ་དང་རྩེ་བཤིག རྩེ་བཞུགས། རྩེ་ཞིག་སོགས་འབྲི་ཚུལ་གང་མང་ཞིག་མཆིས་ཀྱང་། དོན་དུ་རྩེ་དབུས་ཞེས་པའི་ཁྱིམ་རྒྱུད་གལ་ཆེན་ཞིག་ཡིན་སྣང་།

གཅིག རྩེ་དབུས་དང་རྩེ་བུ། རྩེ་བཤིག རྩེ་བཞུགས། རྩེ་ཞིག་སོགས་ཀྱི་མིང་གི་ཐོགས་དོན་བཤད་པ།

༡.རྩེ་དབུས་དང་རྩེ་བུ། རྩེ་བཤིག རྩེ་བཞུགས། རྩེ་ཞིག་སོགས་མཚན་ཟུར་གྱི་རྩེ་ཞེས་པའི་མིང་གི་འཇུག་ཡུལ་སྐོར་བཤད་པ། དེའང་མཚན་ཟུར་དུ་བྱུང་བའི་རྩེ་ཡི་མིང་བརྡ་འདིའི་འཇུག་ཡུལ་ལམ་འབྲི་ཚུལ་ལ་གཙེ་དང་ཙེ། གཙོ་སོགས་ཀྱི་འབྲི་ཚུལ་ཡོད། དེས་ན་རྩེ་ཞེས་པའི་བརྡ་ཡིག་འདི་ཉིད་དག་ཡིག་སོགས་སུ་མཆོག་དང་ཕུལ། རྩེ་མོ་སོགས་ལ་འཇུག་པ་དང་། གཞན《གཙོས་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེའི་རྣམ་ཐར་ཉིན་མོའི་འོད》ལས།“དགུང་ལོ་ང་བདུན་པར་རྩེ་ནས་དགའ་ལྡན་བསྟན་པའི་གསལ་བྱེད་ཨེརྟི་ནི་པཎྜིི་ཏའི་ཆོ་ལོ་

གནང་།”①ཞེས་པར་གཞིགས་ན། ཕོ་བྲང་པོ་ཏ་ལའི་མིང་ལ་འཇུག་པ་བཞིན་ཏུ་འབྲོང་རྩེ་དང་ཁྱུང་རྩེ། རྒོད་རྩེ། ཁྲ་རྩེ། རོང་རྩེ། སྟག་རྩེ། སེང་རྩེ། དགེ་རྩེ། རྩེ་ཆེན་དང་རྩེ་མཐོན། ཡ་རྩེ་དང་རྩེ་གདོང་། མགར་རྩེ་དང་རྩེ་གཞུང་།གཞིས་རྩེ་སོགས་བོད་ཡུལ་གྱི་ས་མིང་དག་ལ་བརྟགས་ནའང་། སྟོང་སྡེ་དང་རུ་སྡེ། གྲོང་སྡེ་དང་ཚོ་བ་སོགས་ལ་ངང་ངམ་ཤུགས་ཀྱིས་འཇུག་པར་གོ་ནུས། བོད་ཀྱི་ལོ་རྒྱུས་ཡིག་རྙིང་དུ།“གླང་གི་ལོ་བབ་སྟེ། བཙན་པོ་དབྱརད་གསེར་ཞ་ན་བཞུགས་ཤིང་། ཟོང་ཅུ་དང་ཐེའུ་ཅུར་དྲངས་ཏེ། དགུན་བཙན་པོ་ཁྲི་རྩེ་ན་བཞུགས་ཤིང་དཔྱི་ལྟ་བ་མར། ཟོང་ཅུ་དང་ཐེའུ་ཅུར་དྲངས་ཏེ།②”ཞེས་གསལ་བ་ལྟར། ཁྲི་རྩེ་ཞེས་པ་མདོ་སྨད་རྒྱུད་ཀྱི་དར་གོས་ཚོང་ལམ་སྟེང་ཡོད་པའི་སོ་མཚམས་ཀྱི་ཕོ་བྲང་ཞིག་ཡིན་པར་ངེས་པས་རྩེ་ཞེས་པ་ཕོ་བྲང་ལའང་འཇུག་གོ ། འབྲི་ཚུལ་གྱི་དབང་གིས་གཙེ་དང་ཙེ། གཙོ་སོགས་ལའང་དེ་བསྟུན་གྱི་རྒྱུ་མཚན་ཡོད་ཀྱང་། འདིར་འབྲེལ་ཡོད་བརྗོད་གཞི་ལྟར་ན། 《གྲུབ་ཐོབ་རིག་འཛིན་ཀུན་གྲགས་ཀྱི་རྣམ་ཐར་གསོལ་འདེབས་རྨ་རིན་ཀུན་རྩལ》ལས། རིག་འཛིན་བརྒྱད་ཀྱི་དུར་ཁྲོད་དུ། ། བླ་མ་ཡི་དམ་ལྷ་ཕྱོགས་བསང་། །

གསང་བ་བླ་མ་ཡབ་ཡུམ་གྱིས། ། མ་སྲིང་མཁའ་འགྲོའི་བོན་སྐྱོང་བསྭོ། ། སྤོས་དྲི་སྨན་དྲི་ཆུ་མིག་བཀང་། ། གཉན་དང་སྡེ་བརྒྱད་དབང་བསྡུ་ཅན། ། གཙེ་དབུ་རིན་ཆེན་ཞབས་ཕྱག་གསོལ། །③ཞེས་པའི་གསོལ་འདེབས་འདི་ལྟ་བུ་ལས་མངོན་པའི་གཙེ་དབུ་རིན་ཆེན་ཞེས་པ། ཅོ་ནེའི་བདེ་ཐང་ཁོག་གི་རྩེ་དབུས་རྒྱུད་དུ་འཁྲུངས་པའི་རིག་འཛིན་གྲུབ་ཐོབ་པ་ཞིག་ཡིན་རབས་ངག་རྒྱུན་དུ་སྣང་ལ། བདེ་ཐང་ལོ་རྒྱུས་སུ་གསལ་བའི་རིག་འཛིན་རིན་ཆེན་ཚེ་དབང་ཡིན་ནམ་སྙམ། དེས་ན་འདིར་བྱུང་བའི་གཙེ་དབུ་ཞེས་པ་དེའང་རྩེ་དབུས་ཞེས་པའི་འབྲི་ཚུལ་ཞིག་ཡིན་ནམ་སྙམ། གལ་ཏེ་ཡིན་ན་ནི། གཙེ་ཞེས་པའི་མིང་བརྡ་འདི་ཉིད་བོད་གནའ་རབས་ཀྱི་མིང་བརྡའི་ཁྱད་ཆོས་དང་འཇུག་ཡུལ་ལྟར་ན་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མིང་བརྡ་གལ་ཆེན་ཞིག་ཏུ་མཐོང་ལ། ལྷག་ཏུ་ད་ལྟའི་ཀན་ལྷོའི་གཙོད་གྲོང་ཁྱེར་དུ་འབོད་པའི་ས་ཁུལ་དང་འབྲེལ་བ་ཆེ་ཚུལ་སོགས་སྤྱི་ལོ༦༩༢ནས་མདོ་སྨད་འདིར་འདུན་མ་སྟེ་ཆབ་སྲིད་ཀྱི་ཚོགས་འདུ་ཆེན་པོ་རེ་ཚོགས་སྲོལ་བྱུང་བ་ཚོགས་ཐེངས་ཆེས་མང་བ་ནི། གཙེ་ནམ་ཡོར་ཡིན་རབས་སོགས་ལོ་རྒྱུས་སྨྲ་བ་གཙོས་ཤེས་རབ་རྒྱ་མཚོའི《མདོ་སྨད་གཙོས་ཞེས་བྱ་བའི་ཡུལ་མིང་ཐོགས་ཚུལ་ལ་བསྐྱར་དུ་དཔྱད་པ》ཞེས་པར་ཤིན་ཏུ་གསལ། དེ་བཞིན་དུ་རྩེ་དང་གཙོ་བྱ་བའི་མིང་གི་འཇུག་ཡུལ་ཡང་དཔྱད་རྩོམ་དེར་ས་མིང་སོགས་ལ་འཇུག་ཚུལ་གསལ་ལོ། །ཡིན་ཡང་རྩེ་དབུས་དང་རྩེ་བུ། རྩེ་བཤིག རྩེ་བཞུགས། རྩེ་ཞིག་སོགས་ལས་རྩེ་ཞིག་ཅེས་པའི་མཚན་ཟུར་གྱི་རྩེ་ཞེས་པ་རིགས་རུས་ལ་གོ་ཚུལ་ཡོད་དེ། 《མདོ་སྨད་ཞིག་ཆེན་གདུང་གི་ཡང་རྩེར་གྱུར་པའི་རྩེ་ཞིག་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ་བདེན་གཏམ་དྲི་བཟང་འཐུལ་བའི་ཙན་དན་འཁྲི་ཤིང》ལས།“རྩེ་ཞིག་ཅེས་པའི་དོན་ཅི་ཡིན་ཞེ་ན། ལྡོང་ཞིག སྟག་ཞིག དཔྲ་ཞིག འབྲུ་ཞིག ཤེལ་ཞིག སྐམ་ཞིག རྩེ་ཞིག སྣང་ཞིག བ་ཞིག་སོགས་དགུའམ་བཅོ་བརྒྱད་ཀྱི་ཡང་རྩེ་ཡིན་ཕྱིར་རྩེ་ཞིག་ཅེས་བརྗོད་པ་ཡིན་ནོ། ། དེ་དག་གི་མིང་གི་ཆ་ཤས་སྔ་མ་རྣམས་རུས་མིང་ལྟ་བུ་དང་། ཞིག་ཅེས་པ་རྟོགས་ལྡན་ཉམས་བརྒྱུད་ཀྱི་བྱིན་རླབས་མ་ཡལ་བར། རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ། སྔགས་བླ་མེད་ཀྱི་ཡང་རྩེ་དམ་ཚིག་སེལ་མེད་ཀྱི་སྒོ་ནས་ཉམས་སུ་བླངས་པས་འཁྲུལ་བ་གཞི་ལ་ཞིག་པའི་གྲུབ་པའི་འཁོར་སྒྱུར་རིམ་བཞིན་དུ་བྱོན་པའི་ཆ་ནས་མིང་དེ་ལྟར་བཏགས་སོ། །”④ཞེས་རུས་མིང་ཡིན་ཚུལ་བརྗོད། དེ་རུས་རྒྱུད་ཞིག་ལ་འཇུག་པར་ངེས་ཏེ། ལྡོང་གི་རུས་ཆེན་བཅོ་བརྒྱད་དུ་ཅོག་རྩེ་དང་ལྷ་རྩེ་སོགས་མིང་གི་ཆ་ཤས་སུ་རྩེ་ཞེས་པ་ཡོད་པས་སོ། །

༢.རྩེ་དབུས་དང་རྩེ་བུ། རྩེ་བཤིག རྩེ་བཞུགས། རྩེ་ཞིག་སོགས་མིང་གི་ཐོགས་དོན་སྐོར་བཤད་པ། དེའང《ཁྱུང་རབས་ལོ་རྒྱུས་གསེར་གྱི་མེ་ལོང》ཞེས་པར།“དེ་ལྟར་མཁས་པ་ཁྱུང་དབུས་དང་ཁྱུང་དབུས་ཤེས་རྒྱལ་གཉིས་ཀྱི་རིང་ལ་གྲྭ་བུ་སློབ་ཀྱང་གྲི་དབུས། སྙི་དབུས། རྩེ་དབུས། ཁྲོམ་དབུས་ལས་སོགས་དབུས་མིང་ཐོག་པ་བཅོ་བརྒྱད་ཀྱི་ཐོག་དྲངས། ཁམས་པའི་བོན་པོས་དབུས་གཙང་བསྐོར་བའི་སྲོལ་གཙུགས། ཁྱུང་དབུས་རིན་པོ་ཆེས་ཞུ་སྒྲོལ་བ་མཇལ་གཏུག་པ་ཞུ་ཆེན་ཡེ་ཤེས་རིན་ཆེན(༡༡༢༣ཆུ་ཡོས)ལ་བྱ། གསུང་རབ་མདོ་གམ་ནས་བཞེངས་པར་དགོངས་ནས་རྒྱུ་ཡི་ཁམས་ཆེན་ནག་ཕྲན་མ་བཞེངས་ཏེ་གཤེན་སྟོན་ནམ་མཁའ(༡༠༩༤རབ་བྱུང་གཉིས་པའི་ཤིང་ཁྱི་ལོར་འཁྲུངས)དང་། བོན་ཞིག་ཁྱུང་ནག(༡༡༠༣རབ་བྱུང་གཉིས་པའི་ཆུ་ལུག་ལོར་འཁྲུངས)སོགས་བྲུ་ཞུ་བླ་མ་མང་པོའི་ཕྱག་ནས་འཐོར།”⑤ཞེས་རྩེ་དབུས་ཞེས་པ་མཁས་པ་ཁྱུང་དབུས་དང་ཁྱུང་དབུས་ཤེས་རྒྱལ་གཉིས་ཀྱི་རིང་གི་གྲྭ་སློབ་ཡིན་པར་བཤད་པས། འདི་ལ་ལོ་རྒྱུས་ཀྱི་གནད་དང་ཡུལ་འདི་གར་ཡོད་པའི་རྩེ་དབུས་ཁྱིམ་རྒྱུད་དང་འབྲེལ་བ་ཆེན་པོ་ཡོད་པར་སྙམ། ཡང《བོན་གྱི་ཤེས་རིག་ཚིག་མཛོད》དུ།“རྩེ་དབུས་ཞེས་པའི་མིང་གི་གོ་དོན་ནི་བོད་གནའ་བོའི་ཤེས་རིག་ལས་རྒྱུ་འབྲས་ཐེག་པ་དགུ་རུ་ཕྱེ་བའི་ནང་ཚན་འཕྲུལ་གཤེན་ཐེག་པའི་དགོངས་དོན་དང་མཐུན་པར་སྒྲ་བླའི་བྱ་ཁྲ་སོགས་མཚོན་པའི་རི་བོ་ཆེན་པོ་བཞི་སྟེ། ཤར་ན་གནམ་ལྷའི་ཁྲ་རྩེ། ལྷོ་རུ་བསང་གི་ཁྱུང་རྩེ། བྱང་དུ་འབྲོང་རུ་རྩེ། ནུབ་ལ་གྲུམ་དཀར་དབུ་རྩེ་བཅས་ཀྱིས་ཕྱོགས་བཞི་བསྐོར་བའི་ལྟེ་བའམ་དབུས་སུ་དགོན་སྡེ་ཆགས་ཡོད་པའི་རྒྱུ་མཚན་གྱིས་དམངས་ཁྲོད་དུ་རྩེ་དབུས་དགོན་པ་ཞེས་པའི་མིང་འབོད་སྲོལ་བྱུང”⑥ཞེས་རྩེ་དབུས་ཞེས་པ་བོན་གྱི་སྦྲ་བླའི་བྱ་ཁྲ་མཚོན་པའི་འཇུག་ཡུལ་ལས་དགོན་མིང་ལ་ཐོགས་པར་བཤད་པ་དང་། རྩེ་བུ་དང་རྩེ་བཤིག་གི་མིང་འདི《མཁས་ཤིང་གྲུབ་པའི་དབང་ཕྱུག་རྩེ་དབུས་འཇམ་དབྱངས་བཤེས་གཉེན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་རིན་ཆེན་ཕྲེང་མཛེས》ལས།“སྔོན་བོན་གྱི་ལུགས་སྲོལ་དར་སྐབས་བོན་རྨེ་བ་ཅན་དང་སྟག་ཤམ་ཅན་གྱི་བརྒྱུད་པ་གཉིས་ཡོད་པ་ལས། རྨེ་བ་ཅན་གྱི་བརྒྱུད་པ་སྟོད་རྩེ་ཆུར་གྲགས་པའི་ཆུ་ཀླུང་ཆེན་པོའི་ཕུ་ན། ལྷ་གཉན་རྩེ་རྒོད་ཅེས་པའི་རི་གཉན་ཆེན་པོའི་འདབ་ན། ཁྱོ་མེད་པའི་བུད་མེད་ཅིག་ལ་ཁྱེའུ་གཅིག་བཙའ་བས་རྩེ་རྒོད་ཀྱི་བུ་ཡིན་པར་གྲགས་པས་རྩེ་བུ་ཞེས་མིང་ཐོབ། དེའི་བརྒྱུད་པ་ཞིག་གིས་གཙང་མྱང་སྟོད་དུ་བོན་དགོན་བཅོ་བརྒྱད་ཡོད་པའི་ནང་དུ་དགོན་པ་ཞིག་བཏབ་པ་ལ་རྩེ་དགོན་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དགོན་དེ་བཤིག་པ་ལ་རྩེ་བཤིག་ཏུ་གྲགས།”⑦ཞེས་རྩེ་ཆུའི་འགྲམ་དུ་ཆགས་པའི་ཡུལ་ལྷ་རྩེ་རྒོད་ཀྱི་བུ་ཡིན་པར་གྲགས་པས་རྩེ་བུ་དང་། རྩེ་དགོན་ཞེས་པ་མངའ་བདག་ཁྲི་སྲོང་གི་དུས་སུ་བཤིག་པས་རྩེ་བཤིག་ཏུ་ཐོགས་པར་བཤད། རྩེ་བཞུགས་ཞེས་པ་མདོ་སྨད་ཅོ་ནེའི་ཡུལ་དུ་སྔོན་བོན་གྱི་བསྟན་པ་དར་སྐབས་སུ། གཡུང་དྲུང་སྡེ་བདག་བདུན་ཞེས་པ་སྣང་ཞིག་གཉིས་དང་། གླིང་ཞིག་གཉིས། རྩེ་དབུས་དང་མཁར་ལག་བཅས་ཀྱིས་སྐྱོང་སྐབས་གྲུབ་ཐོབ་ཆེན་པོ་རྩེ་བཞུགས་དང་རླངས་བཞུགས། ཉི་བཞུགས་གསུམ་ཡོད་པ་ལས་ཞོགས་པའི་ཉི་མ་རྩེ་ཤར་གྱི་དུས་སུ་འོད་ཀྱི་སྟེང་དུ་བཞུགས་ཏེ་ཕར་ཚུར་འགྲོ་བས་ན་རྩེ་བཞུགས་ཞེས་ཐོགས་པར་བཤད་དེ། 《རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ནོར་བུའི་འཁྲི་ཤིང》ལས།“དབུས་གཙང་གཉིས་ཀྱི་གཙང་ཕྱོགས་ཆས་པའི་རིགས་ལས་ཆད་པའི་བོན་གྱི་བླ་ཆེན་རླང་ཞིག་རྒྱལ་བ་བློ་གྲོས། སྣང་ཞིག་དབང་གི་རྒྱལ་པོ། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན། རྩེ་ཞིག་སྟོང་ཉིད་ཡེ་ཤེས་སོགས་ཆུ་ལ་ཉ་ལྟར་འཛུལ་ཞིང་གནམ་ལ་བྱ་ལྟར་འཕུར་བ། ཕ་བོང་འདམ་ལྟར་བརྫི་ཞིང་། ཉི་མའི་འོད་ཟེར་ལ་ཆིབས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཐོབ་པའི་གྲུབ་ཐོབ་མང་དུ་བྱོན་པའི་རྒྱུད་པ་ཡིན་ཞིང་།”⑧ཞེས་བརྗོད་པ་ལྟར་རྫུ་འཕྲུལ་ལ་མངའ་བརྙེས་པའི་གྲུབ་པའི་ཚུལ་དུ་ཉི་མའི་འོད་ཟེར་ལ་ཆིབས་པས་རྩེ་བཞུགས་ཏུ་གྲགས། རྩེ་ཞིག་ཅེས་པའི་མིང་གི་འཇུག་ཡུལ་ལ་ཆོས་ལུགས་རིག་གནས་ཐད་ཀྱི་བརྗོད་ཚུལ་དང་རིགས་རུས་ཐད་ཀྱི་བརྗོད་ཚུལ། ལོ་རྒྱུས་རིག་གནས་ཐད་ཀྱི་བརྗོད་ཚུལ་སོགས་ཡོད་དེ། 《མདོ་སྨད་ཞིག་ཆེན་གདུང་གི་ཡང་རྩེར་གྱུར་པའི་རྩེ་ཞིག་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ་བདེན་གཏམ་དྲི་བཟང་འཐུལ་བའི་ཙན་དན་འཁྲི་ཤིང》ལས།“རྩེ་ཞིག་ཅེས་པའི་དོན་ཅི་ཡིན་ཞེ་ན། ལྡོང་ཞིག སྟག་ཞིག དཔྲ་ཞིག འབྲུ་ཞིག ཤེལ་ཞིག སྐམ་ཞིག རྩེ་ཞིག སྣང་ཞིག བ་ཞིག་སོགས་དགུའམ་བཅོ་བརྒྱད་ཀྱི་ཡང་རྩེ་ཡིན་ཕྱིར་རྩེ་ཞིག་ཅེས་བརྗོད་པ་ཡིན་ནོ། ། དེ་དག་གི་མིང་གི་ཆ་ཤས་སྔ་མ་རྣམས་རུས་མིང་ལྟ་བུ་དང་། ཞིག་ཅེས་པ་རྟོགས་ལྡན་ཉམས་བརྒྱུད་ཀྱི་བྱིན་རླབས་མ་ཡལ་བར། རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ། སྔགས་བླ་མེད་ཀྱི་ཡང་རྩེ་དམ་ཚིག་སེལ་མེད་ཀྱི་སྒོ་ནས་ཉམས་སུ་བླངས་པས་འཁྲུལ་བ་གཞི་ལ་ཞིག་པའི་གྲུབ་པའི་འཁོར་སྒྱུར་རིམ་བཞིན་དུ་བྱོན་པའི་ཆ་ནས་མིང་དེ་ལྟར་བཏགས་སོ། །”⑨ཞེས་རིགས་རུས་དང་ལོ་རྒྱུས། ཆོས་ལུགས་སོགས་ཀྱི་བརྗོད་ཚུལ་གཞི་གཅིག་གིས་མིང་གི་ཐོགས་ཚུལ་བརྗོད་པ་དང་། དེ་བཞིན་དུ《གཤེན་གྱི་དགེ་སྦྱོར་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་རྩོམ་འཕྲོ་མ》ལས།“ཞིག་པོ་དེ་དག་ནང་ནས་ཁྱད་འཕགས་གཤེན། ། འཁྲུལ་བ་གཞི་ལ་ཞིག་པའི་སྒོམ་ཆེན་པ། ། གཡུང་དྲུང་རྒྱལ་མཚན་ཞེས་བྱའི་གྲུབ་ཐོབ་བྱུང་། །ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སློབ་མ་ཡིན། ། གྲུབ་པའི་མཚན་ལ་སྟོང་ཉིད་བྱ་འཕུར་ཟེར། །”⑩ཞེས་རྩེ་ཞིག་གི་མིང་གི་འཇུག་ཚུལ་སོགས་བརྗོད་ཚུལ་རེ་རེ་ལ་རྒྱུ་མཚན་རེ་རེ་ཡོད་ཀྱང་། དོན་དུ་རྩེ་དབུས་དང་རྩེ་ཞིག རྩེ་བུ། རྩེ་བཞུགས། རྩེ་བཤིག་གང་ཡིན་ཡང་དོན་ལ་གཅིག་ཏུ་སྣང་བས། 《དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཆེན་བྱ་བྲལ་བ་དགེ་འདུན་ཕུན་ཚོགས་ཀྱི་རྣམ་ཐར》ལས།“བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བ་ལས། བོད་ཆེན་པོ་མདོ་སྨད་ཝ་ཤུལ་གྱི་སའི་ཆ། རིགས་ནི་ལྡོང་གི་རིགས་ལས་རིམ་པར་འཕྲོས་པ། སྔོན་ཕྱོགས་དེའི་བོན་པོ་ཐམས་ཅད་ཀྱི་ཁུངས་གཏུགས་ས། རྩེ་ཞིག་སྣང་ཞིག་ཟེར་བ་གཉིས་ཡོད་པའི་ནང་ཚན་རྩེ་དབུས་ཟེར་བ་ལས་རིམ་པར་བརྒྱུད་ཅིང་།

རྒྱུད་དེ་ལ་ཁོ་རང་ཚོའི་ལུགས་ཀྱི་གྲུབ་ཐོབ་ཀྱང་མང་དུ་བྱུང་བར་གྲགས། མཚམས་ཤིག་ནས་ནང་པའི་ཆོས་ལུགས་སུ་འགྱུར། །” ཞེས་རྩེ་དབུས་ནི་རྩེ་ཞིག་སྣང་ཞིག་གི་ཁོངས་སུ་འདུ་བར་བཤད་དོ། །

གཉིས། རྩེ་དབུས་ཁྱིམ་རྒྱུད་ཀྱི་རིགས་རུས་གདུང་ཁུངས་སྐོར་བཤད་པ།

རྩེ་དབུས་ཁྱིམ་རྒྱུད་འདིའི་རིགས་རུས་སྐོར་ལ་ལྡོང་དང་དགའ་སོགས་ཀྱི་བཤད་ཚུལ་ཡོད་དེ། ཐོག་མར་རུས་ལྡོང་ཡིན་པར་བཤད་པ་ནི། 《དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཆེན་བྱ་བྲལ་བ་དགེ་འདུན་ཕུན་ཚོགས་ཀྱི་རྣམ་ཐར》ལས།“བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བ་ལས། བོད་ཆེན་པོ་མདོ་སྨད་ཝ་ཤུལ་གྱི་སའི་ཆ། རིགས་ནི་ལྡོང་གི་རིགས་ལས་རིམ་པར་འཕྲོས་པ” ཞེས་པས། རིགས་རུས་ལྡོང་ཡིན་པར་གོ་ནུས། དེས་ན་ལྡོང་གི་རིགས་རུས་དང་རྩེ་དབུས་ཁྱིམ་རྒྱུད་བར་དུ་འབྲེལ་བ་ཡོད་དགོས་ན། ལྡོང་ཚ་ཆེན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་སོགས་གང་རུང་དང་འབྲེལ་བར་སྙམ། དེ་གང་ཡིན་ཞེ་ན། ད་ལྟའི་ཀན་ལྷོའི་ཕྱོགས་སུ་ཁྱབ་པའི་རྩེ་དབུས་ཁྱིམ་རྒྱུད་དག་གི་ཉེ་འཁོར་དུ་རེབ་ཚ་དང་རྐང་ཚ། འགོ་ཚ་དང་ཁྱུང་ཚ། གཡུ་ཚ་དང་རྨོག་ཚ། གཤེན་ཚ་དང་ཕྱག་ཚ་སོགས་ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་རུས་ཚན་ཏུ་འདུ་བའི་སྡེ་མིང་དང་ས་མིང་གིས་ཁྱབ་པར་གཞིགས་ན། རྩེ་དབུས་ཁྱིམ་རྒྱུད་དེའང་ལྡོང་གི་རིགས་རུས་དང་འབྲེལ་བ་ཡོད་པར་ངེས། 《མདོ་སྨད་ཁྲི་ཀའི་རྐང་ཚའི་ལོ་རྒྱུས་པད་དཀར་ཆུན་པོ》ལས།“རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དམག་ཚ་ཆེན་བཅོ་བརྒྱད་སོ་སོར་ཕྱེས་ནས། བོད་རྒྱལ་ཁམས་ཆེན་པོའི་མཐའ་མཚམས་སོ་སོ་སྲུང་བར་འགྲོ་དགོས་པའི་བཀའ་ལུང་འབྱོར་པས། དམག་དཔོན་ལྷ་དབང་གྲགས་པ་རྡོ་རྗེ་ཟེར་བ་བོད་དམག་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྐང་ཚ་ཞེས་པའི་དམག་དཔོན་དུ་བསྐོས། རྒྱ་བོད་གཉིས་ཀྱི་མཐའ་མཚམས་སྲུང་བར་ཏོག་ཚ་དང་། རྐང་ཚ། གཡུ་ཚ། འགོ་ཚ། རྨོག་ཚ། ཕྱག་ཚ། རེབ་ཚ་སོགས་དམག་ཁག་ཆེ་བ་བདུན་ཙམ་དུ་བགོས་ནས། བོད་དམག་ཁྲི་ཉི་ཤུ་ལྷག་གིས་རྒྱ་དམག་དེད་དེ་ནག་རི་སྒང་དང་ཨ་ལ་ཤ་ནས་མར་ཕུད་པས། བོད་དམག་གིས་རྒྱལ་ཁ་ཆེན་པོ་བླངས། སུམ་པའི་ཡུལ་ནས་རྒྱལ་སྟོན་མཛད། ཏོག་ཚའི་དམག་གིས་ཤར་རྒྱལ་མོ་རོང་གི་མར་གཤམ་བཟུང་། གཡུ་ཚ་དང་འགོ་ཚའི་དམག་གིས་སུམ་པའི་ཡུལ་དང་ཤར་སྡོང་གི་ཡུལ་བཟུང་།རེབ་ཚ་དང་ཕྱག་ཚའི་དམག་གིས་མཆོད་རྟེན་དཀར་པོ་ཡན་གྱི་འཕྲང་འགག་དང་རབ་ཁ་མཛོད་དགེ་མན་གྱི་མི་ཉག་གི་ཡུལ་གྲུ་སོ་སོ་བཟུང་། རྐང་ཚ་དང་རྨོག་ཚའི་དམག་གིས་རྨ་ཆུའི་རབ་ཁ་གོང་འོག་བར་གསུམ་བཟུང་ནས་ས་མཚམས་དཔྱ་ཁྲལ་བསྡུ་ལེན་མཛད། རྨ་ཆུའི་རབ་ཁ་གསུམ་ནི་སྟོད་ཀྱི་མདུང་སོའི་རབ་དང་།བར་གྱི་ཚ་ལྔ་འགག སྨད་ཀྱི་ཕྱེ་མའི་རབ་ཁ་གསུམ་ལ་ཟེར།” ཞེས་འབྱུང་བར་གཞིགས་ན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྩེ་དགོན་བཤིག་ནས་རྩེ་ཞིག་ཏུ་ཐོགས་པ་སོགས་གཞི་བྱས་ཏེ་ཡུལ་སྡེ་འདིར་བྱོན་པར་སྙམ་པས། 《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ལས།“ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་མཛོད་དམ་པ་རྗེ་བཙུན་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོ་ནི། སྔོན་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་རིགས་རུས་ཀྱི་འབྲེལ་བ་ལྡོང་བྱམས་ཤུལ་རྩེ་དབུས་ཀྱི་རུས་པ་ཆད་ནས་ཁོ་ཚེ་ན་ཡོད་པ་ལས།” ཞེས་རྩེ་དབུས་ཀྱི་རིགས་རུས་ལྡོང་ཡིན་པར་གསལ་མོད། ཡང་རྩེ་ཞིག་གི་གདུང་རབས་ལ་གཞིགས་ནས་ཐོག་མའི་མཆེད་ཁུངས་ཕལ་ཆེར་དགའ་ཞེས་པ་ཡིན་འདུག དེའི་བཞེད་ཚུལ་ལས་ཐོག་མར་ཞང་ཞུང་གི་ཡུལ་མེ་ཏོག་མཛེས་པའི་ཚལ་ཞེས་པར། ཁྱུང་སྒོང་ལས་གྲོལ་བའི་ཐ་སྟག་ཁྱུང་འཕགས་ཕྲ་མོའི་གདུང་རྒྱུད་ལ་ངོས་འཛིན་མཁན་སྣང་ཡང་། དོན་དུ་བོད་ཡུལ་གཙང་གི་དམུ་གཤེེན་མདོ་སྨད་ཙོང་ཁའི་ཡུལ་དུ་མཆེད་པའི་གདུང་ལས་གྲོལ་བའི་བཤད་ཚུལ་དེ་དོན་དུ་མཐོང་སྟེ། ཁ་རྒྱུན་དུ་ཡང་། རྩེ་ཞིག་དགའ་རབས་གདུང་རྒྱུད་ཅེས་ཡོངས་སུ་གྲགས་པ་མ་ཟད། བོད་ཀྱི་རུས་མཛོད་སོགས་སུ་དམུའམ་དགའ་ཞེས་རུས་དགའ་དང་དམུ་ཞེས་པ་གཅིག་པར་བསྟན་འདུག་པའམ། དགའ་ནི་དམུའི་ཚ་བུར་གསུང་ཚུལ་ཡང་འདུག གང་ལྟར་རུས་རྒྱུད་གཤེན་ལས་མཆེད་པའི་གྲུབ་རིགས་རྣམས་ལ་དམུའམ་དམུ་གཤེན། གཤེན་ཆེན་སོགས་འབོད་སྲོལ་ཡོད། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དམུ་རིགས་སྒ་ཚ་གཤེན་གྱི་རྒྱུད་ཅེས་འབྱུང་།

རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས། རྩེ་ཞིག་དྲུང་རམས་པའི་ཚ་བུ། འགྱུར་མེད་ཀུན་བཟང་རྒྱ་མཚོ་ལ་གཤེན་གྱི་རྒྱུད་པ་འགྱུར་མེད་ཀུན་བཟང་རྒྱ་མཚོ་ཞེས་དང་། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》ལས།“སྨུག་པོ་ལྡོང་གི་རྒྱུད་པ་དང་། དམུ་རིགས་གཤེན་གྱི་རྒྱུད་དཀར་པོ་སྒ་ཡི་རྒྱུད། ཁྱད་པར་སྨུག་པོ་ལྡོང་གི་རྒྱུད་འདི། ཤག་རིགས་འཁོར་བ་ཅན་ཡིན་པས་ཁྱོད་ཀྱི་རྒྱུད་འདི་སྤེལ་དགོས། ཕྱི་རབས་སེམས་ཅན་འདྲེན་པ་དང་གཡུང་དྲུང་བསྟན་པ་དར་བའི་ཆེད། རྒྱུད་པ་རྣམ་དག་དྲི་མེད་དགོས།” ཞེས་རྩེ་ཞིག་གི་ཐོག་མའི་རིགས་རུས་ནི་གཤེན་དང་འབྲེལ་བའི་དགའ་དང་ལྡོང་སོགས་ཀྱི་རྒྱུད་པ་ཡིན་པར་སྣང་།

གཉིས་པ། རྩེ་དབུས་ཁྱིམ་རྒྱུད་ཀྱི་ས་གནས་ལོ་རྒྱུས་དང་ཆོས་ལུགས་གྲུབ་མཐའི་སྐོར་བཤད་པ།

རྩེ་དབུས་ཚང་ནི་གནའ་ནས་ད་ལྟའི་བར་དུ་ཡུལ་འདི་དག་ནས་རིག་གནས་རྒྱུད་འཛིན་བྱས་ཏེ་སྔར་སྲོལ་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཚུལ་དུ་གནས། ཁྱིམ་རྒྱུད་འདིས་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་བསྟན་གཉིས་ཀའི་ལུགས་ཀྱི་རིག་གནས་རྒྱུད་འཛིན་བྱས་ཡོད། མ་གཞིའི་ཡིག་ཁུངས་སོགས་ལས། རྩེ་དབུས་ཁྱིམ་རྒྱུད་ཚང་གིས་གཡུང་དྲུང་བོན་གྱི་ཆོས་ལུགས་གཙོ་བོར་འཛིན་པ་ཤ་སྟག་ཡིན་མོད། ཕྱིས་སུ་རྐྱེན་སྣ་ཚོགས་དང་དམིགས་བསལ་དགོས་དབང་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་བསྒྱུར། ཁྱིམ་རྒྱུད་འདི་ལ་ཁྲ་ཤུལ་དང་བྱམས་ཤུལ་ཟེར་བ་གཉིས་དང་། ཡང་ན་སྦྲ་སར་དང་སྦྲ་རྒན་ཟེར་སྲོལ་སོགས་ཡོད་པས་སྔ་མ་གཉིས་ལྡོང་ཤུལ་ཆེན་བཅོ་བརྒྱད་དང་འབྲེལ་བ་ཡོད་དམ་སྙམ་ལ། ཕྱི་མ་གཉིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འབྲེལ་ལམ་སྙམ། གང་ལྟར་རུས་ལྡོང་ཡིན་པ་ཡིག་ཆས་གྲུབ་བོ། །

གཅིག རྩེ་དབུས་ཁྱིམ་རྒྱུད་ཀྱི་ས་གནས་ལོ་རྒྱུས་སྐོར་བཤད་པ།

རྩེ་དབུས་ཁྱིམ་རྒྱུད་ནི་སྔོན་ཆད་བོན་གྱི་སྡེ་གཞིས་གཙོ་བོ་ཞིག་ཡིན་ལ། ད་ལྟའི་སྲིད་གཞུང་གི་དབྱེ་སྒོ་ལྟར་ན། རྨ་ཆུའི་མཛོད་དགེ་ཉིན་མའི་རྩེ་དབུས་དང་། བསང་ཆུ་རྫོང་གི་ཁོངས་སུ་ཡོད་པའི་རྒན་གྱའི་རྩེ་དབུས་དང་ཁོ་ཚེའི་རྩེ་དབུས། ཅོ་ནེ་རྫོང་བྲག་ཁུང་ལུང་གྲོང་གི་ཁོངས་སུ་ཡོད་པའི་རྩེ་དབུས་བཅས་ཡོད། ད་སྔའི་ཡིག་ཆ་ལས། ཅོ་ནེའི་རྩེ་དབུས་དང་འབྲེལ་བའི་ཡིག་ཆ་《རྗེ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྩེ་དབུས་འཇམ་དབྱངས་བཤེས་གཉེན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་རིན་ཆེན་ཕྲེང་མཛེས》གཙོ་བྱས་པའི《མདོ་སྨད་ཆོས་འབྱུང》དང་། 《བདེ་ཐང་རི་བོ་ཆེའི་དཀར་ཆག་མཐོང་བ་ལུང་གི་འོད》《ཆས་པའི་བླ་རབས》དང《རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ནོར་བུའི་འཁྲི་ཤིང》སོགས་ཡིན་ལ། རྒན་གྱའི་རྩེ་དབུས་དང་འབྲེལ་བའི་ཡིག་ཆ་གཙོ་ཆེ་བ་ནི། 《གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》དང་།《མདོ་སྨད་ཞིག་ཆེན་གདུང་གི་ཡང་རྩེར་གྱུར་པའི་རྩེ་ཞིག་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ་བདེན་གཏམ་དྲི་བཟང་འཐུལ་བའི་ཙན་དན་འཁྲི་ཤིང》《རྩེ་ཞིག་གདུང་རབས་གསོལ་འདེབས》སོགས་ཡིན། རྨ་ཆུ་དང་ཁོ་ཚེའི་རྩེ་དབུས་དང་འབྲེལ་བའི་ཡིག་ཆ་གཙོ་ཆེར་ནི།《དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཆེན་བྱ་བྲལ་བ་དགེ་འདུན་ཕུན་ཚོགས་ཀྱི་རྣམ་ཐར》དང་། 《ཚ་གན་བཱེ་ཤིང་དགོན་པའི་གདན་རབས་ལོ་རྒྱུས》སོགས་ཡིན་པར་ངེས། རྒན་ལྷ་མཆོག་རྒྱལ་གྱིས《བཅིངས་འགྲོལ་སྔོན་བླ་བྲང་ལྷ་སྡེ་མཛོད་དགེ་ཉིན་མ་དང་དངུལ་རྭ་ལྷ་སྡེའི་གཞུང་དཔོན་ལམ་ལུགས་སྐོར་རགས་ཙམ་བརྗོད་པ》ཞེས་པ་ལས“རྩེ་དབུས་ནི། བོད་བཙན་པོའི་དུས་སུ་བོན་གྱི་གྲུབ་མཐའ་འཛིན་པའི་རྩེ་ཞིག་ལུ་གུ་དཀར་མགོ་དང་སངས་རྒྱས་དམ་པ་གཉིས་དབུས་ཁུལ་ནས་མདོ་སྨད་དུ་བྱོན་པའི་རྒྱུད་ལ། རླང་ཞིག་དང་། སྣང་ཞིག རྩེ་ཞིག མཁར་རྩེ་སོགས་བོན་གྱི་སྡེ་བདག་བདུན་ཞེས་པའི་ནང་ཚན་བྱམས་ཤུལ་རྩེ་དབུས་ཀྱི་མི་རྒྱུད་འཕེལ་བ་ནས་གྲུབ་པ་ཡིན་ཞིང་།”ཞེས་བཤད་པའི་ལུང་ཁུངས་ཀྱི་གཞི་འཛིན་ས་རྩེ་དབུས་འཇམ་དབྱངས་བཤེས་གཉེན་གྱི་རྣམ་ཐར་དང་བླ་མ་དཀར་པོའི་རྣམ་ཐར་ལྟར་བཀོད་པ་ཡིན་འདུག དེ་ལྟར་ན་ཅོ་ནེའི་རྩེ་དབུས་དང་རྨ་ཆུའི་རྩེ་དབུས་གཉིས་ལ་ཐད་ཀའི་འབྲེལ་བ་ཞིག་ཡོད་པར་སྙམ། 《རྗེ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྩེ་དབུས་འཇམ་དབྱངས་བཤེས་གཉེན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་རིན་ཆེན་ཕྲེང་མཛེས》ལས།“ལུ་གུ་དཀར་མགོའི་བརྒྱུད་པ་ནི། ཀིརྟིའི་སྐུ་འཕྲེང་སྔ་མ་རྗེའི་དངོས་སློབ་རོང་བ་ལྗགས་ནག་པའི་འཁྲུངས་བརྒྱུད་དེ་ཡིན་པར་གྲགས། སངས་རྒྱས་དམ་པའི་བརྒྱུད་པ་ཁྲ་ཤུལ་བྱམས་ཤུལ་གཉིས་ལས། བྱམས་ཤུལ་གྱི་བུ་བརྒྱུད་ལ་རྩེ་དབུས་དགེ་འདུན་སྐྱབས་ཟེར་བ་སྐྱེས། དེ་ལ་ཁྲི་ཐོག་ལྔ་བཅུ་རྗེ་དགེ་འདུན་ཕུན་ཚོགས་འཁྲུངས་ཤིང་། མཛད་པ་ཕྱག་རྗེས་མཐའ་ཡས་ཤིང་། ཕྱིས་སུ་རྩེ་དབུས་གཅོད་པའམ་ཡེ་ཤེས་ཚུལ་ཁྲིམས་ཟེར་བའི་གྲུབ་ཐོབ་ཆེན་པོ་དེ་ཡང་གནས་མི་བརྒྱུད་འདིར་འཁྲུངས། ཁྲ་ཤུལ་གྱི་ཁྲ་ཐོ་ལ་བུ་དྲུག་ཡོད་པ་མདོ་སྨད་རྒྱ་བོད་མཚམས་འདིར་འོངས་ནས་རིམ་གྱིས་མི་བརྒྱུད་འཕེལ་བ་ལ་བོན་གྱི་བླ་མ་སྟོང་ཉིད་ཡེ་ཤེས་དང་། ཉ་ཤེས་རབ་རྒྱལ་མཚན་སོགས་ནམ་མཁའ་ལ་འཕུར་ནུས་པའི་གྲུབ་ཐོབ་ཆེན་པོ་འགའ་བྱོན།”ཞེས་རྩེ་དབུས་ཁྱིམ་རྒྱུད་དུ་ཁྲ་ཤུལ་བྱམས་ཤུལ་གཉིས་ཡོད་པ་ལས། ཅོ་ནེའི་སར་ཁྲ་ཤུལ་གྱིས་བཟུང་བ་དང་རྨ་ཆུའི་སར་བྱམས་ཤུལ་གྱིས་བཟུང་བར་སྙམ། ཅོ་ནེ་དང་རྨ་ཆུའི་རྩེ་དབུས་སོགས་ཀྱང་སྔོན་ཆད་བོན་ལུགས་ཡིན་པ་ཚིག་ཟུར་ནས་ཐོན་བཞིན་ཡོད་ལ། ལྷག་ཏུ་རྨ་ཆུའི་རྩེ་དབུས་ནི་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐུའི་བཀོད་པ་ཡོངས་སུ་རྫོགས་པའི་གནས་རི་དང་འདབས་འབྲེལ་ཡིན་ལ། རི་ཁྲོད་དེ་སུས་བཏབ་མིན་གྱི་ལོ་རྒྱུས་མི་གསལ་མོད། ཕལ་ཆེར་མཛོད་དགེ་ཉིན་མའི་རྩེ་དབུས་ཁྱིམ་རྒྱུད་ཀྱི་མཆོད་གཞིས་སམ་ལྷ་ཁང་ཆུང་ངུ་ཞིག་ཨེ་ཡིན་སྙམ། ཕྱིས་ནས་རིམ་གྱིས་རི་ཁྲོད་ཀྱི་རྣམ་པ་བྱུང་བ་ནི་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བ་ནས་ཡིན་ཤས་ཆེ། རྩེ་དབུས་འཇམ་དབྱངས་བཤེས་གཉེན་དང་རྩེ་དབུས་གཅོད་པ་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་ཚུལ་རྣམ་ཐར་ལས་རྟོགས། དེ་བཞིན་ཁོ་ཚེའི་རྩེ་དབུས་ནི་རྨ་ཆུའི་རྩེ་དབུས་ནས་མཆེད་པ་ཡིན་ཏེ། རྒན་མྱིག་གཅོད་ཀྱིས《རྩེ་དབུས་སྦྲ་རྒན་དང་སྦྲ་སར་སྐོར་གླེང་བ》ཞེས་པ་ལས།“གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་རྣམ་ཐར་སོགས་ལས་ར་སྤྲོད་བྱུང་བ་ལྟར་ན། རྩེ་དབུས་སྦྲ་རྒན་དང་སྦྲ་སར་གཉིས་ཁ་ནག་དབལ་ཤུལ་ལམ་གཅའ་དབལ་ཤུལ་ཞེས་པའི་སྡེ་ཁོངས་སུ་ཡོད་པ་དང་། ཁ་ནག་དབལ་ཤུལ་ཐོར་བ་དང་མཉམ་དུ་རྩེ་དབུས་ཀྱིས་ཀྱང་ས་མ་ཟིན་པར་རུ་སྡེ་གཅའ་ཁོག(མཛོད་དགེ་ཐང་སྐོར་སོགས་ནས་ད་ལྟའི་མཛོད་དགེ་ཉིན་མའི་ས་ལ་ཡོང་སྟེ་གུང་ཐང་ཚང་གི་ལྷ་སྡེ་བྱས། ཆུ་ཁྱི་ལོ(1802)རྩེ་དབུས་སྦྲ་རྒན་སོགས་རུ་ཕྱེད་ཁོ་ཚེ་ལ་སོང་ཟེར།” ཞེས་པས་རྟོགས་ནུས། འོ་ན་ཅོ་ནེའི་རྩེ་དབུས་དང་བསང་ཆུ་རྒན་གྱའི་རྩེ་དབུས་གཉིས་ལ་འབྲེལ་བ་ཨེ་ཡོད་ཅེ་ན། ཡོད་དེ། མདོ་སྨད་བྱང་རྒྱུད་དུ་གཡུང་དྲུང་སྡེ་བདག་བདུན་ཏེ་གླིང་ཞིག་གཉིས། སྣང་ཞིག་གཉིས། མཁར་རྩེ་རི་ལག་གཉིས། རྩེ་དབུས་བཅས་ཀྱིས་དགོན་པ་བཏབ་ནས་བོན་གྱི་བསྟན་པ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒན་གྱའི་རྩེ་ཞིག་དགོན་པ་ནི་སྟོང་ཉིད་བྱ་འཕུར་གྱིས་རབ་བྱུང་དང་པོའི་ནང་དུ་བཏབ་པ་ཡོངས་གྲགས་ལྟར་ཡིན། ཅོ་ནེའི་རྩེ་དབུས་རི་ཁྲོད་ནི་རྩེ་དབུས་སྟོང་ཉིད་ཡེ་ཤེས་ཀྱི་སྐབས་ནས་ཡོད་དེ་རྩེ་ཞིག་སྟོང་ཉིད་བྱ་འཕུར་དང་འབྲེལ་བ་ཤིན་ཏུ་ཟབ། གང་ཡིན་ཟེར་ན་གླིང་ཞིག་རྒྱལ་བློ་གྲོས། སྣང་ཞིག་དབང་གི་རྒྱལ་པོ། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན། རྩེ་ཞིག་སྟོང་ཉིད་ཡེ་ཤེས་བཅས་ཀྱི་སྤྱི་དགོན་བེ་རི་ཁྲོ་གཉན་རྒྱལ་མཚན གྱིས་བཏབ་པར་གྲགས་པའི་ཅོ་ནེའི་ཀྭ་རི་བཞི་མདོའི་བོན་དགོན་དེ་ཕལ་ཆེར་སྤྱི་ལོ1050ནས་བཏབ་ཡོད་པར་སྣང་།《ཅོ་ནེ་དགེ་ཐང་ལོ་རྒྱུས་མདོར་བསྡུས》སུ།“ཀ་རི་བཞི་མདོའི་བོན་དགོན་དེ་སྤྱི་ལོ1086ལོར་སྟོང་ཉིད་བྱ་འཕུར་གྱིས་བདག་སྐྱོང་མཛད།” ཅེས་གསལ། སྟོང་ཉིད་བྱ་འཕུར་གྱིས་དགོན་པ་སྐྱོང་བའི་ལོ་ནི་ཞུ་སྒོམ་འཁྲུལ་ཞིག་ཆེན་མོ་འཁྲུངས་ནས་ལོ21ཡིན། དགོན་འདི་ནས་སྤྱི་ལོ1145ལོར་ཨ་མྱེས་ཀླུ་སྒོ་ཕྱུག་ཅེས་པའི་དམ་པ་ཞིག་བྱོན། དེ་ནི་ལ་ཤས་ཀྱིས་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་ཞལ་སློབ་ཞིག་པོ་བཅོ་བརྒྱད་གྲས་སུ་འདོད་ཀྱང་ཁུངས་མ་རྙེད། ཡིན་ཡང་དཔེ་རྙིང་བྲིས་མ《བདེ་ཐང་རི་བོ་ཆེའི་དཀར་ཆག་མཐོང་བ་ལུང་གི་འོད》ལས།“དཔལ་བྱིན་དབང་གི་རྒྱལ་པོའི་མདུན། ། ཞུ་ལ་འཁྲུལ་ཞིག་སྒོམ་ཆེན་གྱི། ། གནམ་ཐེལ་ཀླུ་ཡི་བདག་པོ་ཞིག།། ཛམ་ནག་གནས་སུ་བོན་བསྟན་འཕེལ། །”ཞེས་བརྗོད་པར་ལོ་རྒྱུས་ཀྱི་གནད་མང་བོ་ཞིག་གྲོལ་ཏེ། ཡུལ་འདིར་ཡོད་པའི་གཞི་བདག་ཛམ་ནག་གི་གནས་རི་ཨ་མྱེས་དཔལ་རྒན་གྱི་མདུན་ནས། བླ་མ་ཞུ་སྒོམ་འཁྲུལ་ཞིག་གིས་ཀླུ་ཡི་མཚན་ཅན་གྱི་སློབ་བུ་ཞིག་ལ་དགོན་པ་བདག་དམ་དང་བོན་གྱི་བསྟན་པ་སྤེལ་བའི་ཚུལ་བསྟན་པ་ལས། སློབ་བུ་ཀླུ་ཡི་མཚན་ཅན་དེ་ནི་ཨ་མྱེས་ཀླུ་སྒོ་ཕྱུག་ཅེས་པའི་དམ་པ་འདི་ཡིན་ལ། འདིས་རྟོགས་ལྡན་ལྷ་རིང་བོ་ལ་དགོན་པ་ཕུལ་ནས་ཆས་པུ་གཤིས་ཀྱི་བདག་པོ་མཛད། དེ་ལྟར་ན་རྩེ་ཞིག་སྟོང་ཉིད་བྱ་འཕུར་ནི་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སློབ་མ་བསྙོན་མེད་ཅིག་ཡིན་པས། རྒན་གྱ་དང་ཅོ་ནེའི་བོན་དག་གི་བར་དུ་འབྲེལ་བ་ངེས་ཅན་ཞིག་ལྡན་པར་ངེས་སོ། །

གཉིས། རྩེ་དབུས་ཁྱིམ་རྒྱུད་དང་གཅོད་ཀྱི་གདམས་པའི་བར་གྱི་འབྲེལ་བ་བཤད་པ།

ཁྱིམ་རྒྱུད་འདིས་བན་བོན་གྱི་གཅོད་ཀྱི་གདམས་པའི་བརྒྱུད་ཚུལ་གནད་དུ་བཟུང་ནས་གདམས་པ་སྤེལ་བའི་མཛད་པ་ཡོངས་སུ་གྲགས་པས། 《རྗེ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྩེ་དབུས་འཇམ་དབྱངས་བཤེས་གཉེན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་རིན་ཆེན་ཕྲེང་མཛེས》ལས།“དེ་ལས་རྩེ་བཤིག་ལུ་གུ་དཀར་མགོ་དང་། སངས་རྒྱས་དམ་པ་གཉིས་མངོན་ཤེས་མངའ་བས་མདོ་སྨད་ཀྱི་ལྗོངས་འདིར་གདུལ་བྱ་ཡོད་པར་གཟིགས་ནས་ཕེབས་པས” ཞེས་པར་གཞིགས་ན། རྩེ་བཤིག་ལུ་གུ་དཀར་མགོ་ཞེས་པའང་ཡུལ་སྡེ་འདིར་བྱུང་བའི་རྩེ་དབུས་ཁྱིམ་རྒྱུད་ཀྱི་ས་འཛིན་མཁན་ཞིག་ཡིན་པར་འདུག། དེས་ན་སྟོང་ཉིད་བྱ་འཕུར་དང་ལུ་གུ་དཀར་མགོ་གཉིས་ཡུལ་ཕྱོགས་འདིར་འབྱོར་པར་སྔ་ཕྱི་གང་ཡིན་དཔྱད་དགོས་མོད། རྩེ་བཤིག་ལུ་གུ་དཀར་མགོ་དེ་ཡུལ་ཕྱོགས་འདི་ནས་མིན་པ་གོ་ནུས། གཞན་དོགས་པ་སློང་དགོས་པ་ཞིག་ལ་དེ་སྔོན་ཤེལ་ཞིག་ཀུན་བཟང་བསྟན་འཛིན་གྱིས་མཁོ་འདོན་གནང་བའི་དཔེ་དཀོན་ཡིག་ཆ《བ་ཞིག་རྟོགས་སྤྲུལ་གྱི་རྣམ་ཐར་རིན་ཆེན་ཕྲེང་རྒྱན》ལས།“ཞང་སྒོམ་འཁྲུལ་ཞིག་གི་ཡབ་ཁྱུང་ཁྲ་འོད་དཀར་གྱིས་རབ་བྱུང་དང་པོ་རུ་ཞུ་ཇོ་འཁར་ལ་སྔོ་བྲག་རི་ནས་སྒྲུབ་པ་མཛད་དེ་གཅུང་འཁྲུལ་ཞིག་གིས་མཚན་རྟགས་མང་པོས་ཕ་དམ་པ་སངས་རྒྱས་པའི་ཞལ་མངོན་དུ་གཟིགས།” ཞེས་པའི་ཚིག་དུམ་འདི་ནི་ལོ་རྒྱུས་ཀྱི་གནད་ཆེ་བ་ཞིག་ཡིན་པར་འདུག འདི་ལས་བསྟན་པའི་ཞང་སྒོམ་དང་ཁྱུང་ཁྲ་ཞེས་པ་ལ་གཞིགས་ན་ཞུ་སྒོམ་འཁྲུལ་ཞིག་དེ་དམ་པ་ཁྱུང་གི་གདུང་འཛིན་ལྟ་བུར་ངེས་ཀྱང་། དཔེ་དཀོན་དེ་རུ་ཚིག་དམ་འདི་ལས་གཞན་གསལ་ཆ་མེད་པས་བརྟག་དགོས། འོན་ཀྱང་ཞུ་སྒོམ་འཁྲུལ་ཞིག་གི་མཚན་ལ་ཁྱུང་སྒོམ་འཁྲུལ་ཞིག་ཅེས་བྲིས་པ་ཡོད། 《གླིང་ཞིག་བླ་མའི་ལུང་བསྟན》ལས།“གདུང་རྒྱུད་ཞང་ཞུང་སད་ན་གའུ་ཞེས། ། གར་གཤོག་སྟག་ཤམ་འཕྲུལ་ཡིག་རྫོགས་ཅན་བྱོན། ། གང་དེའི་སྲས་རྒྱུད་ཁྱུང་སྒོམ་འཁྲུལ་ཞིག་མཆོག ། དབུས་གཙང་སྟོད་སྨད་ཀུན་ཏུ་འགྲོ་དོན་མཛད། ། མི་དང་མི་མིན་ལྷ་འདྲེ་དབང་དུ་བསྡུས། །” ཞེས་པས་ཁྱུང་གི་གདུང་རྒྱུད་ཙམ་ངེས། ཡིན་ཡང་དམ་པ་ཁྱུང་གི་གདུང་རྒྱུད་བླ་རབས་སོགས་སུ་མི་སྣང་ཞིང་། ཁྱུང་རབས་ལོ་རྒྱུས་སུ་མཐའ་ཞུ་གདུང་རབས་དང་འབྲེལ་ཡོད་སྐོར་ཙམ་སྣང་བས་གསལ་ཐག་ཆོད་པར་དཀའོ། ། 《རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་པར་ཐར་པ་མུ་ཏིག་གི་ཕྲེང་བ》ལས།“དེའི་རྗེས་སུ་ཕ་དམ་པ་ཟེར་བའི་རྒྱ་གར་གྱི་གྲུབ་ཐོབ་དེ་བོད་དུ་ལན་གསུམ་ཕེབས་པའི་སྔ་རེས་ལ་མངའ་རིས་ཕྱོགས་སུ་བྱོན། རྗེ་འབྲུག་སྟག་ལུང་ལ་བཞུགས་དུས། ནུབ་ཕྱོགས་ནས་འཇའ་འོད་དཀར་པོ་ཞིག་བྱུང་བ་ལ་ཐུགས་འཕྲིག་སྐྱེས་ཏེ་ལ་སྟོད་ནས་ཡར་ཕེབས་པས་དམ་པ་དེར་བཞུགས། མཐའ་ཡི་ཨ་ཙ་ར་འདི་ལ་བལྟ་དགོངས་ནས་མཇལ་འཕྲད་བྱས་ཏེ་ཁྱེད་ཀྱིས་ཅི་ཤེས་དྲིས། ངས་སྡུག་བསྔལ་ཞི་བྱེད་ཤེས་ཟེར། དམ་པ་ན་རེ། ཁྱོད་ཀྱིས་ཅི་ཤེས་དྲིས་པས། ངས་ཉུང་ངུ་མང་པོར་སྤྲོ་ཤེས། དུ་མ་གཅིག་ཏུ་དྲིལ་ཤེས་གསུངས། འོ་ན་དུ་མའི་མངོན་ཤེས་ཤིག་ཐོན་ཅིག་གསུངས་པས། བལ་བོད་གཉིས་ཀྱི་ས་མཚམས་བྲག་སེང་གེ་གནམ་ལ་མཆོངས་འདྲའི་རྩེ་མོར་བྱོན་ནས། རྔ་གཡུ་འབྲུག་འཁྱིལ་པ་ལ་བཅིབས་ཏེ་ནམ་མཁའ་ལ་འུར་སྒྲ་དང་བཅས་ཡར་འཕུར། ས་གཞི་ལ་བྱིའུ་བབ་པ་བཞིན་མར་བབ། དམ་པས་ངོ་མཚར་ཆེ་གསུངས་ནས་ཁྲུ་བདུན་གྱི་མཁའ་ལ་སྐྱིལ་ཀྲུང་བཅས་ཏེ་གྲོ་ཡུན་གཅིག་ཏུ་བཞུགས་སོ། ། དེ་ནས་ཁོང་རྣམ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ནས་ཞི་བྱེད་ཀྱི་གདམས་པ་བསྡུར་ཏེ་བྱང་འབྲོག་སྟག་ལུང་དུ་ཕྱིར་བྱོན།” ཞེས་སྐྱེས་ཆེན་གཉིས་ཀས་ཕན་ཚུན་ལ་བན་བོན་གྱི་གདམས་པ་གང་ཡོད་ཞུས་ཁྲིད་སོགས་བྱས་པ་བཞིན་དུ། བླ་མ་ཞུ་སྒོམ་འཁྲུལ་ཞིག་ཀྱང་སྐབས་དེའི་བོན་གྱི་བླ་མ་དག་ལས་མཛད་པ་ཤིན་ཏུ་རྒྱས་པས་ཕ་དམ་པ་སངས་རྒྱས་དང་མཇལ་བ་ཡོད་དེ། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》གྱི་ལེའུ་སོ་གཅིག་པ་སྲིད་པའི་རྒྱལ་མོའི་ལུང་བསྟན་དངོས་གྲུབ་ཐོབ་པ་ལས།“ཁྱོད་ལ་ཡབ་ཀྱི་རྟེན་འབྲེལ་མ་འགྲིག་པས། ཞྭ་མོ་རྔོག་མ་མེད་པ་སྟེ། སྟོད་མངའ་རུས་གང་ཟག་ཕྱོགས་སུ་བསྟན་པ་མི་དར་རྟགས། ལྕམ་ཙེ་གོང་བ་མེད་པ་སྟེ། བར་དབུས་གཙང་གཉིས་ལ་བསྟན་པ་མི་ཡོང་བས།” ཞེས་ཞུ་སྒོམ་ཆེན་པོ་ཐོག་མར་གཙང་དུ་བླ་མ་དམ་པ་བསྟེན་ནས་དབང་ལུང་མན་ངག་ཞུས་ཤིང་ཉམས་ལེན་མཛད། དེ་ནས་གངས་རི་མཚོ་གསུམ་སོགས་སུ་བཞུགས་ནས་སྒོམ་སྒྲུབ་མཛད་དེ་མཐར་ལུང་བསྟན་དང་མཐུན་པར།《གཤེན་གྱི་དགེ་སྦྱོར་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་རྩོམ་འཕྲོ་མ》ལས།“ཞུ་ཡས་གནམ་གདུང་དཀར་པོའི་གདུང་རྒྱུད་ལས། ། སྐྱེས་སེ་ཆེན་པོ་སངས་རྒྱས་ཞུ་ཆེན་འཁྲུངས། ། དེ་ཡི་སྲས་སུ་ཀུན་བཟང་དངོས་བྱོན་པ། ། ཞུ་སྒོམ་འཁྲུལ་ཞིག་ཅེས་པའི་གྲུབ་ཐོབ་འཁྲུངས། ། ཡབ་ཀྱི་དྲུང་ནས་གཤེན་གྱི་བོན་སྒོ་རྣམས། ། དབང་ལུང་ཁྲིད་གསུམ་མ་ཚང་མེད་པར་ཞུས། ། རིག་པ་རང་ཤར་འཁྲུལ་བ་གཞི་ལ་ཞིག ། ཁྱད་པར་འཕགས་པའི་སྐྱེས་མཆོག་ཆེན་པོར་གྱུར། ། ཡབ་ཀྱི་ལུང་བཞིན་ལ་སྟོད་དིང་རི་ན། ། ཆོས་ཀྱི་གྲུབ་ཐོབ་དམ་པ་རྒྱ་གར་བཞུགས། ། དེ་རུ་རྒྱུགས་ལ་རྟེན་འབྲེལ་རྟོགས་ཤིག་གསུངས། ། ཡབ་ཀྱི་བཀའ་བཞིན་གྲུབ་ཐོབ་དྲུང་དུ་ཕྱིན། ། ཁོང་གིས་ཞྭ་མོ་རྔོག་མ་མེད་པ་དང་། ། ཕྱམ་ཙེ་གོང་མེད་ཞབས་ལྷམ་ཆག་སྒྲོག་ཅན། ། གནང་བ་ཁྱེར་ཏེ་ཡབ་ལ་ཞུས་པ་ལ། ། ཞྭ་མོ་རྔོག་མེད་མངའ་རུས་སྐོར་གསུམ་ན། ། ཁྱོད་ལ་འགྲོ་དོན་གདུལ་བྱ་མེད་པར་རིགས། །ཕྱམ་ཙེ་གོང་མེད་དབུས་གཙང་རུ་བཞི་ན། ། དེ་བཞིན་འགྲོ་དོན་མེད་པའི་རྟེན་འབྲེལ་ཤར། ། ཞབས་ལྷམ་ཆག་སྒྲོག་བཅས་པ་འཛོམས་པས་ན། ། འགྲོ་དོན་གདུལ་བྱ་མདོ་གམ་སྨད་ཕྱོགས་ན། ། ཡོད་ཅེས་ལུང་བསྟན་མདོ་སྨད་ཕྱོགས་འདིར་བྱོན། ། རྨ་རྒྱུད་སྐུ་བླ་བྲག་དཀར་གནས་སུ་བཞུགས། །” ཞེས་ཞུ་སྐྱེས་སེ་ཆེན་པོའི་དགོངས་པ་ལྟར། བླ་མ་ཞུ་སྒོམ་འཁྲུལ་ཞིག་གིས་ཕ་དམ་པའི་མདུན་ནས་རྟེན་འབྲེལ་བརྟགས་ནས་དབུས་གཙང་དུ་འགྲོ་དོན་མེད་པར་གཟིགས་ནས་མདོ་སྨད་དུ་བྱོན་པའི་ཚུལ་བསྟན། འདི་དང་རྩེ་དབུས་ཆོས་རྗེས་མཛད་པའི་གསང་གཅོད་དང་རྩེ་དབུས་གཅོད་པ་བ་ཞེས་པའི་མཚན་དོན། གཅོད་ཀྱི་གདམས་པར་མངའ་བརྙེས་པའི་རྩེ་དབུས་བླ་སྤོག་པ་ཟེར་བ་སོགས་ལས་རྩེ་དབུས་ཁྱིམ་རྒྱུད་ཀྱིས་གཅོད་གཞུང་ཉམས་ལེན་གྱི་ཐད་དུ་ཐུན་མིན་གྱི་མཛད་པ་ཆེ་བར་རྟོགས་ནུས་སོ། །

གསུམ། རྩེ་དབུས་ཁྱིམ་རྒྱུད་དང་འབྲེལ་བའི་དགོན་སྡེའི་མཁས་དབང་ཁག་གི་མཛད་རྣམ།

ད་སྔར་ལག་སོར་བྱུང་བའི་ཡིག་ཆ་དང་དགོན་སྡེའི་ཐོ་ཡིག མཁར་ཤུལ་སོགས་ལས་རྩེ་དབུས་ཁྱིམ་རྒྱུད་དང་འབྲེལ་བའི་དགོན་སྡེ་རི་ཁྲོད་གསུམ་ཙམ་ཡོད་ལ། དེ་ནི་རྩེ་ཞིག་སྟོང་ཉིད་བྱ་འཕུར་གྱིས་བཏབ་པའི་རྒན་གྱའི་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་དང་། རྩེ་དབུས་གྲགས་པ་བཟང་པོས་བཏབ་པའི་ཅོ་ནེའི་རྩེ་དབུས་རི་ཁྲོད། གཅོད་རྒན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་བཏབ་པར་གྲགས་པའི་རྨ་ཆུའི་རྩེ་དབུས་རི་ཁྲོད་སོགས་ཡོད། དགོན་སྡེ་རི་ཁྲོད་འདི་གསུམ་ལས། ཅོ་ནེ་དང་རྨ་ཆུའི་ཕྱོགས་ཀྱི་རི་ཁྲོད་གཉིས་ལ་ཕྱག་འདེབས་ལོ་ཚུགས་སོགས་གང་ཐད་ནས་དོགས་པ་ཡོད་ཀྱང་། ཡིག་ཁུངས་འདིའོ་ཞེས་རྙེད་མ་སོང་བས་གསལ་ཐག་གཅོད་པ་ཞིག་བཤད་དཀའ་མོད། ཅོ་ནེའི་རྩེ་དབུས་རི་ཁྲོད་འདི་ཉིད་རྩེ་ཞིག་སྟོང་ཉིད་ཡེ་ཤེས་ཀྱི་སྐབས་ནས་ཡོད་པ་ཧ་གོ་ལ། རྩེ་དབུས་གྲགས་པ་བཟང་པོས་སླར་གསོ་བྱས་པའམ་དགེ་ལུགས་པར་བསྒྱུར་བའི་དུས་ནས་གྲགས་པ་ཡིན་ནམ་སྙམ། རྨ་ཆུའི་རྩེ་དབུས་རི་ཁྲོད་འདི་ཉིད་རྩེ་དབུས་གཅོད་རྒན་གྱི་སྔོན་ནས་ཡུལ་འདིའི་བོན་གྱི་ལྷ་ཁང་སོགས་ཕལ་ཆེར་ཞིག་ཚར་བའམ་གྲུབ་མཐའ་བསྒྱུར་ཟིན་པའི་གནས་ཚུལ་ཞིག་ལས། སྤྱི་ལོ༡༧༩༦ནས་སྤྱི་ལོ༡༨༠༠ལོའི་ཡར་མར་དུ་རྩེ་དབུས་རི་ཁྲོད་འདི་བཏབ་པ་ཡིན་སྙམ། རི་ཁྲོད་ལ་རྩེ་དབུས་ཞེས་མིང་ཐོགས་དོན་ཁྱིམ་རྒྱུད་འདིས་སྔོན་ནས་ད་ལྟའི་རི་ཁྲོད་ཀྱི་ས་འདིར་ལྷ་ཁང་ཞིག་བཞེངས་པ་ཡིན་ནམ། ཡང་ན་རྩེ་དབུས་གཅོད་རྒན་ཚང་རྩེ་དབུས་ཁྱིམ་རྒྱུད་དུ་འཁྲུངས་པའི་དབང་གིས་རུས་མིང་དགོན་ལ་ཐོགས་པ་ཡིན། གང་ལྟར་ཡུལ་ཕྱོགས་འདི་ནས་བན་བོན་གྱི་གྲུབ་མཐས་ཟིན་པའི་དགོན་མིང་ཞིག་བཞེངས་པ་བསྙོན་དུ་མེད། དགོན་སྡེ་རི་ཁྲོད་དག་གི་ལོ་རྒྱུས་གཟིགས་འདོད་ན་ཀན་སུའུ་དགོན་སྡེ་ལོ་རྒྱུས་སུ་མདོར་བསྡུས་རེ་མཆིས་སོ། །

༡.རྒན་གྱའི་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་གི་འབྲེལ་ཡོད་མཁས་པའི་མཛད་རྣམ།

དགོན་འདི་དང་འབྲེལ་བའི་མཁས་གྲུབ་རིམ་བྱོན་གྱི་སྐོར་ཤིན་ཏུ་མང་བར་སྣང་། ལྷག་ཏུ་གདུང་རྒྱུད་བླ་མའི་སྐོར་གྱི་མཁས་དབང་དང་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་མཁས་དབང་སོགས་ཡོད་དེ། དེ་ལས་དགོན་ཕྱག་འདེབས་པ་དང་གསུང་རྩོམ་ཅན་གྱི་མཁས་དབང་འགའ་རེ་དྲངས་ན་འདི་ལྟར། རྩེ་ཞིག་སྟོང་ཉིད་བྱ་འཕུར། འདི་བའི་རྣམ་ཐར་གྱི་ས་བོན་ཙམ་ནི་སྦ་སེར་པཎྚི་ཏ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རང་རྣམ་རྩོམ་འཕྲོ་ཅན་ལས། ཞིག་ཆེན་དེ་དག་ནང་ནས་ཁྱད་འཕགས་གཤེན། ། འཁྲུལ་བ་གཞི་ལ་ཞིག་པའི་སྒོམ་ཆེན་པ། ། གཡུང་དྲུང་རྒྱལ་མཚན་ཞེས་བྱའི་གྲུབ་ཐོབ་བྱུང་། ། ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སློབ་མ་ཡིན། ། གྲུབ་པའི་མཚན་ལ་སྟོང་ཉིད་བྱ་འཕུར་ཟེར། ། དབྱར་ས་དགུན་ས་ལ་སོགས་ཕར་ཚུར་དུ། ། ཕེབས་པའི་དུས་སུ་བྱ་ལྟར་འཕུར་ནས་འགྲོ། ། ཁོང་གིས་འགྲོ་དོན་ཡུན་རིང་མཛད་པའི་ཕྱིར། ། རྒན་གྱའི་རྟ་ཁྲའི་གཞུང་ནས་ས་བཟུང་སྟེ། ། ཞེས་དང་། སེང་གེ་རྒྱབ་བསྣོལ་བྲག་ལ་དགོན་པ་བཏབས། ། སྨིན་གྲོལ་བོན་བསྟན་ཕྱོགས་བཅུ་ཀུན་ཏུ་སྤེལ། ། རྩེ་ཞིག་ཅེས་པའི་གདུང་དང་བརྒྱུད་འཛིན་ཆགས། ། ཞེས་པ་ལྟར་ལ། གདུང་རབས་གསོལ་འདེབས་ལས་ཀྱང་། རྩེ་ཞིག་གདུང་འཛིན་ཐོག་མའི་སྟོན་པ་ནི། ། སྟོང་ཉིད་མངོན་གྱུར་འཁྲུལ་བ་གཞི་ལ་ཞིག ། རྫུ་འཕྲུལ་རྩལ་རྫོགས་མཁའ་ལ་བྱ་བཞིན་འཕུར། ། གཡུང་དྲུང་རྒྱལ་མཚན་ཞབས་ལ་གསོལ་པ་འདེབས། ། ཞེས་མཚན་དངོས་ལ་སྒོམ་ཆེན་གཡུང་དྲུང་རྒྱལ་མཚན་ཞེས་གསོལ་པ་དང་།

དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་སྐུ་འཁྲུངས་ཤིང་རིགས་ཀྱི་ཅོད་པན་དུ་བླ་མ་ཞུ་སྒོ་འཁྲུལ་ཞིག་ཆེན་མོ་བསྟེན་ནས་ཁོང་གི་སློབ་མའི་ཡང་རྩེ་རུ་གྱུར། ཁོང་གི་འགྲོ་དོན་རྒྱས་ཕྱིར་རྒན་གྱའི་རྟ་ཁྲའི་གཞུང་ནས་ས་བཟུང་སྟེ་དུས་རབས་བཅུ་གཉིས་པའི་སྟོད་ཙམ་ལ་སེང་གེ་རྒྱབ་བསྣོལ་བྲག་ལ་དགོན་པ་བཏབ་པ་དང་། དེ་ནས་གསང་ཡུམ་བཞེས་ནས་གདུང་རྒྱུད་ཀྱི་བསྟན་པ་སྤེལ། ཁོང་ལ་ཚ་བུ་གསུམ་ཡོད་པས་རེ་རེ་ནས་སློབ་མ་དང་ཡོན་བདག་གི་འགྲོ་དོན་རྒྱ་ཆེར་མཛད་དོ། །

རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ། རྗེ་འདི་ཉིད་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་སྐུ་འཁྲུངས་ཤིང་། སྐུ་ན་ཕྲ་བའི་དུས་སུ་དབུས་གཙང་དུ་ཕེབས་ནས་དཔལ་ལྡན་སྨན་རིའི་དགོན་དུ་གྲྭ་སར་ཞུགས། སྐུ་འདུན་རིན་ཆེན་ལྷུན་གྲུབ་དང་གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་གཞུང་བརྒྱ་སྨྲ་བའི་དབང་པོར་གྱུར་ཅིང་རབ་འབྱམས་པའི་མཚན་རྟགས་བཞེས། དམ་པ་ཁོང་ཉིད་ལ་གཙང་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས། མདོ་སྨད་ཕྱོགས་ཀྱི་བོན་སྡེ་ཁག་ཆེ་ཆུང་ཀུན་གྱི་བསྟན་པའི་བདག་པོ་ཁྱེད་ཡིན་ཞེས་བཀའ་ཤོག་གསེར་གྱི་ཐམ་ག་གནང་། དེ་བཞིན་ཁོང་གིས་སྟོང་ཆེ་སྟོང་ཆུང་དང་རེབ་གོང་རྩེ་དབུས་ལ་སོགས་བོན་སྡེ་ཀུན་བདག་གིར་མཛད་ནས་བསྟན་པའི་བྱ་བ་མཛད་དོ། ། ཁོང་ལ་གསུང་བསྟན་སོགས་མང་དུ་བཞུགས་པར་གྲགས་ཤིང་། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་ལག་སོར་མ་བྱུང་ངོ་། །

རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། རྗེ་འདི་ཉིད་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་སྐྱེ་བར་ལུང་བསྟན་ནས། རབ་བྱུང་བཅུ་གསུམ་པའི་སྟོད་དང་དུས་རབས་བཅོ་བརྒྱད་པའི་སྨད་དེ་སྤྱི་ལོ༡༧༩༤ལོར་སྐུ་འཁྲུངས། ཆུང་དུས་ནས་དགའ་རབས་བླ་མ་གཡུང་དྲུང་རྒྱལ་མཚན་མཆོག་གིས་ཞབས་ཟིན་བཀོད་དེ་དབང་ལུང་མན་ངག་མང་དུ་གནང་། ཁུ་བོ་ནམ་མཁའ་གཡུང་དྲུང་གི་མདུན་ནས་རབ་ཏུ་བྱུང་ཞིང་། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ཁྱད་པར་དུ་མཁའ་འགྲོ་གསང་གཅོད་ཀྱི་གདམས་པ་དང་དབང་ལུང་མན་ངག་གི་ཁྲིད་སོགས་མང་དུ་བསྩལ། ཁོང་སོག་རྒྱལ་ཆིང་ཝང་བསོད་ནམས་དར་རྒྱས་ཀྱི་དབུ་བླར་བཞུགས་ཤིང་མདོ་སྨད་ཆོས་ཀྱི་རྗེ་བོ་ཞེས་ཆོ་ལོ་ཕུལ་བར་གྲགས། གསུང་རྩོམ་གྱི་སྐོར་ལ། གསང་གཅོད་ཡིད་བཞིན་ནོར་བུའི་ཆུ་འགྲིམ་ལག་ལེན་ནོར་བུའི་དོ་ཤལ་གྱི་རྣམ་བཤད། དམིགས་ཁྲིད་རིག་འཛིན་ཞལ་ལུང་བདུད་རྩིའི་ཐིགས་པ། མགུར་མ་མེ་ཏོག་འཕྲེང་མཛེས་དང་བསྐང་གསོལ་གྱི་སྐོར་སོགས་མང་དུ་བཞུགས། རྩེ་ཞིག་གཡུང་དྲུང་བསྟན་རྒྱས། རྗེ་འདི་ཉིད་རབ་བྱུང་བཅུ་བཞི་པའི་སྟོད་དང་དུས་རབས་བཅུ་དགུ་པའི་སྟོད་ཙམ་ལ་སྐུ་འཁྲུངས་ཤིང་། ཁོང་གིས་ཆོ་ག་དང་འཕྲིན་ལས་སོགས་སློབ་པ་ལ་དཀའ་ངལ་མེད་པར་མཁྱེན་ཅིང་། རྔ་བའི་རྟོགས་ལྡན་བསོད་ནམས་ཕུན་ཚོགས་མཚན་ཅན་སུམ་ལྡན་བླ་མར་བསྟེན་ནས་དབང་ལུང་ཁྲིད་དང་བཅས་པ་དུ་མ་ཞུས། ཁོང་རྟོགས་པ་མཐོ་བས་གཞན་སེམས་ལྐོག་གྱུར་གྱི་གནས་མངོན་སུམ་དུ་གཟིགས་པ་ཞིག་ལགས་ལ། ཁོང་རེབ་གོང་དང་སོ་ནག་བོན་བརྒྱ་རྩེ་དབུས་སོགས་བོན་སྡེ་ཀུན་ལ་དབང་ལུང་མན་ངག་མང་དུ་སྩལ། ཁོང་གི་སློབ་མའི་གཙོ་བོ་ནི། བོན་བརྒྱ་རང་ཤར་རིག་གྲོལ་དང་། ཁྲི་ཆེན་ཐེག་མཆོག་ཡེ་ཤེས་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན། བསྟན་འགྲོ་དོན་རྒྱ་ཆེར་གྲུབ་ནས། དགུང་ལོ་བདུན་ཅུའི་དུས་མྱ་ངན་ལས་འདས་སོ། །གཞན་དགའ་རབས་བླ་མ་གཡུང་དྲུང་རྒྱལ་མཚན་དང་རྩེ་ཞིག་ནམ་མཁའ་གཡུང་དྲུང་། སྟོང་ཆུང་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ། རྩེ་ཞིག་ཁྲི་བ་ཀུན་བཟང་རྒྱལ་མཚན་སོགས་མང་ངོ་། །

༢.ཅོ་ནེའི་རྩེ་དབུས་རི་ཁྲོད་དང་འབྲེལ་ཡོད་མཁས་པའི་མཛད་རྣམ། རི་ཁྲོད་འདི་དང་འབྲེལ་བའི་མཁས་པ་མང་པོ་བྱུང་ཡོད་ཀྱང་། མདོ་སྨད་ཆོས་འབྱུང་སོགས་སུ་རྩེ་དབུས་སྐུ་ཕྲེང་དང་པོ་དེ་རྩེ་དབུས་གྲགས་པ་བཟང་པོ་ནས་དྲངས་འདུག ཡིན་ནའང་རྣམ་ཐར་ལོ་རྒྱུས་སོགས་ལས་རྩེ་དབུས་སྐུ་ཕྲེང་དང་པོ་དེ་རྩེ་དབུས་སྟོང་ཉིད་ཡེ་ཤེས་ཡིན་པ་བསྙོན་དུ་མེད། དེས་ན་རི་ཁྲོད་འདིའི་རྩེ་དབུས་སྐུ་ཕྲེང་རིམ་བྱོན་ནི། རྩེ་དབུས་སྐུ་ཕྲེང་དང་པོ་རྩེ་དབུས་སྟོང་ཉིད་ཡེ་ཤེས། ཁོང་ནི་རབ་བྱུང་བཅུ་པ་ཡས་མས་སུ་སྐུ་འཁྲུངས་པར་བཞེད། ཁོང་གིས་ཀླུ་ཆུང་དགོན་དང་དེའི་ཡུལ་ཕྱོགས་ལ་གཟིགས་སྐྱོང་གང་ལེགས་གནང་།

ཏཱ་དཔོན་པོས་ཐུབ་སྐུ་གླང་དར་མ་ཁྲིམས་ཕོག་པ་རྟེན་དུ་གནང་བ་ད་ལྟའང་ཡོད། འདས་ལོ་སོགས་མི་གསལ། སྐུ་ཕྲེང་གཉིས་པ་རྩེ་དབུས་ཤེས་རབ་རྒྱལ་མཚན། ཁོང་ནི་བོན་གྱི་གྲུབ་ཐོབ་མཐུ་ནུས་ཅན་ནམ་མཁའ་ལ་འཕུར་ནུས་པ་ཞིག་ཡིན་མོད། རིམ་གྱིས་བན་དེ་ཐུགས་སྒོ་རྒྱ་ཆེར་འཁྲུངས་ནས་སྐུ་གཤེགས། སྐུ་ཕྲེང་གསུམ་པ་རྩེ་དབུས་བླ་སྤོག་པ། འདི་བའི་སྐབས་སུ་བོན་བན་དེ་ལ་བསྒྱུར་ཐུབ་ཅེས་ལུང་བསྟན་གནང་། སེར་སྨད་དུ་མདོ་སྔགས་སྤྱི་དང་།ཁྱད་པར་དུ་རྒྱལ་དབང་ལྔ་པ་ཆེན་མོ། བྱ་བྲལ་བློ་བཟང་རིན་ཆེན། པྲ་ཏི་དགེ་བཤེས་སོགས་བསྟེན་ནས་མཁས་པར་གྱུར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བོན་བསྒྱུར་རྒྱུ་དང་དེའི་ཕུར་ཟློག་གི་ཆེད་དུ་གདུགས་དཀར་རྒྱལ་མཚན་མཐོ་སྐོར་གྱི་ཁྲིད་ཕྱག་ལེན་དང་བཅས་གནང་བས་ད་ལྟ་འཁོར་ལོའི་དཔར་ཀྱང་ཡོད། རང་ཡུལ་དུ་བོན་གྱི་ཆོས་ལུགས་བསྒྱུར་བ་དང་། ཅོ་ནེ་དགོན་ཆེན་དུ་ས་རིས་གྲྭ་ཚང་བཙུགས། ཁོང་གི་གདུང་རུས་ལས་ཚ་བོ་ས་རིས་པས་དཔར་བཏབ་པའི་རྗེ་ང་འདྲ་མའི་སྐུ་བརྙན་སོགས་ཡོད་པའི་མཛད་རྗེས་ཡོད། རྩེ་དབུས་སྐུ་ཕྲེང་བཞི་པ་རྩེ་དབུས་གྲགས་པ་བཟང་པོ། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ཕྱི་ལོ༡༧༡༠ལོར་མདོ་སྨད་ཀླཆུའི་བྱང་རྒྱུད་ལྡོང་གི་རུས་སུ་སྐུ་འཁྲུངས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་དང་གདུང་རུས་གཅིག་ཅེས་མདོ་སྨད་ཆོས་འབྱུང་དུ་བཀོད་པས་འཁྲུངས་གཞིས་སམ་ཉེ་འབྲེལ་ཡོད་པར་སྙམ། ཆུང་དུས་ནས་ཁུ་བོ་ས་རིས་པ་བསོད་ནམས་རྒྱལ་མཚན་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གཅིག་པར་དཔོན་སློབ་གྲགས་པ་བཤད་སྒྲུབ་ལས་རབ་ཏུ་བྱུང་།ཅོ་ནེ་དགོན་ཆེན་དུ་བསྡུས་གཞུང་དང་། ཚད་མ་རྣམ་འགྲེལ་སོགས་ལ་ལེགས་པར་སྦྱངས། ཉི་ཤུ་པར་དབུས་སུ་ཕེབས་ནས་སེར་སྨད་དུ་ཞུགས། གཞུང་བཀའ་པོད་ལྔར་ལོ་ངོ་ཉི་ཤུ་ལྷག་རིང་བརྩོན། གླིང་བསྲེའི་དཀའ་བཅུ་དང་ལྷ་རམས་པའི་མཚན་བཏགས་བཞེས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་རིན་པོ་ཆེ། ཁྲི་ནམ་མཁའ་བཟང་། བླ་མ་བྱམས་པ་སོགས་ལས་བཀའ་ཆོས་མང་དུ་གསན། རང་ཡུལ་དུ་རྩེ་དབུས་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་སླར་གསོ་བྱས་ཏེ་དགེ་ལུགས་པའི་ཆོ་ག་འཐུས་པར་བྱས། ཁྱ་དགེ་སྒོམ་ཆེན་བློ་བཟང་བཀྲ་ཤིས་ལས་བཀའ་འགྱུར་གྱི་ལུང་ཞུས། རབ་བྱུང་བཅུ་གསུམ་པའི་ཤིང་བྱ་ཕྱི་ལོ༡༧༦༥ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་རྩེ་དབུས་འཇམ་དབྱངས་བཤེས་གཉེན། རབ་བྱུང་བཅུ་གསུམ་པའི་ས་གླང་ཕྱི་ལོ༡༧༦༩ལོར་མདོ་སྨད་མཛོད་དགེ་རུ་སྟོད་མར་ཡབ་དྲན་པ་ཚེ་རིང་རྡོ་རྗེ་དང་། ཡུམ་སངས་རྒྱས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རྩེ་དབུས་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་གི་གདན་སར་བཀོད། རྗེ་ལྷ་ཁང་ལུང་བ་དགེ་འདུན་རྒྱ་མཚོས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། དེ་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བཅོ་ལྔ་པར་རི་ཁྲོད་སྔ་མའི་གནས་སྤོས། བཅུ་དགུ་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་བསྙེན་པར་རྫོགས། མི་ཏྲའི་དབང་བཀའ་ཡོངས་རྫོགས་གསན། ཉེར་དྲུག་པར་དབུས་གཙང་དུ་གནས་མཇལ་མཆོད་འབུལ་དུ་ཕེབས། ཨུ་སུ་དགོན་སོགས་རོང་སྨད་ཕྱོགས་དང་། དགའ་ཚལ་རི་ཁྲོད་སོགས་ཆས་པའི་གཤིས་ཕྱོགས་སུ་འགྲོ་དོན་བསྐྱངས། ཡིག་དྲུག་གི་སྒྲུབ་རྒྱུན་མང་པོ་བཙུགས། གཞི་བྱེས་ཀུན་ཏུ་དབང་ལུང་མན་ངག་གི་ཆོས་རྒྱུན་དུ་མ་སྤེལ། ང་དགུ་པ་རབ་བྱུང་བཅུ་བཞི་པའི་ས་བྱི་ཕྱི་ལོ༡༨༢༨ལོར་སྐུ་གཤེགས། གསུང་རྩོམ་ནི་མགུར་མ་སོགས་པོད་ཆུང་གཅིག་བཞུགས། འདི་བའི་རྣམ་ཐར་ཅུང་རྒྱས་པ་ཞིག་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་འབུམ་ཁྲོད་དུ་བཞུགས། སྐུ་ཕྲེང་དྲུག་པ་རྩེ་དབུས་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། ཁོང་ནི་རབ་བྱུང་བཅུ་དྲུག་པ་ཤིང་འབྲུག་ལོར་རྒྱ་བཟའ་ནས་སྐུ་འཁྲུངས། བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས་ནས་རྡོ་རམས་དམ་བཅའ་བཞག་པའི་ངག་རྒྱུན་ཡོད་དོ། ། སྐུ་ཕྲེང་བདུན་པ་རྩེ་དབུས་དཀོན་མཆོག་མཁྱེན་རབ་རྒྱ་མཚོ། ཁོང་རྫོང་ལུང་ནས་སྐུ་འཁྲུངས། བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭར་ཞུགས་ནས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་སྔགས་གཞུང་ལུགས་ལ་མཁས་པར་གྱུར། སྐུ་ཕྲེང་བརྒྱད་པ་རྩེ་དབུས་འཇམ་དབྱངས་དཀོན་མཆོག་ཆོས་བཟང་། ཁོང་རྒྱལ་མོ་གཤེན་ཕྲུག་ནས་ཤིང་སྦྲུལ་ལོར་སྐུ་འཁྲུངས། རྩེ་དབུས་སྐུ་གོང་མའི་མཛད་པ་མུ་ནས་བསྐྱངས། སྐུ་ཕྲེང་དགུ་པ་རྩེ་དབུས་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ། ཁོང་ཅོ་ནེའི་ཨ་འཁོར་རྔོག་པའི་ནང་ནས་ཡབ་སྐྱབས་དགའ་དང་ཡུམ་མཚོ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༢༨ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཀུན་མཁྱེན་ལྔ་པས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། རིམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་བཤེས་གཉེན་དུ་མར་བསྟེན་ནས། ཀླུ་ཆུང་སྟག་ཚང་དགོན་དགའ་ལྡན་ཕུན་ཚོགས་གླིང་གི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་དུ་མཛད་པ་རྒྱ་ཆེར་སྟོན། རྐྱེན་དབང་གིས་དགུང་གྲངས་སོ་གསུམ་སྟེང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གཞན་ཡང་རྔ་རྒོད་ནམ་མཁའ་སེང་གེའི་སྒྲ་རྩིས་ཀྱི་སློབ་དཔོན་རྩེ་དབུས་བསོད་ནམས་རྒྱལ་མཚན་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྩེ་དབུས་རབ་འབྱམས་པ་ཤེས་རབ་རྒྱལ་མཚན། རྩེ་དབུས་གྲུབ་ཐོབ་པ་ནམ་མཁའ་རང་གྲོལ་རྩལ། རྩེ་དབུས་གྲགས་པ་ཕུན་ཚོགས། རྩེ་དབུས་ཨ་ཁུ་ཉི་མ་སོགས་མང་ངོ་། །

༣.རྨ་ཆུ་དང་ཁོ་ཚེའི་རྩེ་དབུས་ཁྱིམ་རྒྱུད་དང་འབྲེལ་ཡོད་མཁས་པའི་མཛད་རྣམ། རྩེ་དབུས་རི་ཁྲོད་འདི་དང་འབྲེལ་བའམ་ད་ལྟའི་རི་ཁྲོད་ཀྱི་མཁར་ཤུལ་སོགས་ལ་བལྟས་ན། ད་ལྟའི་བེ་ཤིང་དགོན་པའི་རྩེ་དབུས་གཅོད་རྒན་སྐུ་ཕྲེང་ནི་རྩེ་དབུས་ཁྱིམ་རྒྱུད་དང་འབྲེལ་བས་རྩེ་དབུས་སྐུ་ཕྲེང་དང་པོ། རྩེ་དབུས་གཅོད་པ་བློ་བཟང་དར་རྒྱས། འདི་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྐུ་མཆེད་དུ་འཁྲུངས། ༡༧༢༤ལོར་རྩེ་དབུས་རི་ཁྲོད་ཀྱི་ས་འདུལ་མཛད་པར་བཤད། སྐུ་ཕྲེང་གཉིས་པ། རྩེ་དབུས་གཅོད་རྒན་ཡེ་ཤེས་ཚུལ་ཁྲིམས། འདི་བ་སྤྱི་རབ་འདོད་ས་འབྲུག་ལོ༡༧༤༨ལོར་ཡབ་སེང་ཐུང་དང་ཡུམ་ནེ་ལེ་གཉིས་ཀྱི་སྲས་སུ་རྩེ་དབུས་སྦྲ་ཆེན་དུ་འཁྲུངས། རྩེ་དབུས་རི་ཁྲོད་དགའ་ལྡན་བསམ་འགྲུབ་གླིང་བཏབ། དབུས་སུ་ལན་གཉིས་ཕེབས་ཤིང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་དུས་དགུང་ལོ་བཅོ་བརྒྱད་ཡས་མས་དང་། ཐེངས་གཉིས་པར་ཕེབས་དུས་དགུང་ལོ་སོ་ལྔ་ཡས་མས་ཏེ་རྟ་ཚག་རིན་པོ་ཆེའི་ཞབས་བརྟན་དུ་གཏོར་མ་བརྡབས་པར་མངོན་སྤྱོད་ཀྱི་མཚན་མ་ཁྱད་པར་ཅན་བྱུང་བ་སོགས་ཀྱིས་ཨ་མདོ་གྲུབ་ཆེན་ཕུ་རུང་མ་ཞེས་དབུས་གཙང་དུ་གྲགས། ཕ་མཐའ་སྤྲུལ་སྐུ་དཀོན་མཆོག་སེང་གེ་བས་གཅོད་ཐུགས་ཉམས་སུ་བཞེས་པས་ལྷ་འདྲེ་མ་རུང་བ་དུ་མ་སྐྲོད་པ་དང་འབྱུང་འགྱུར་མངོན་སུམ་དུ་གཟིགས་པ་སོགས་ཀྱི་རྟོགས་པ་བརྙེས། མཛོད་དགེ་བླ་མ་ཚུལ་ཁྲིམས་རིན་ཆེན་ཚང་མདུན་དུ་བཅར་བར། ཉིན་བདུན་རིང་ཁྲུས་དང་གཙང་སྦྲ་བྱས་ཏེ་བར་ཆད་སེལ་ཞིང་བླ་བྲང་བཀྲ་ཤིས་འཁྱིལ་བར་ཕེབས་ན། ངེས་དོན་གྱི་མཁས་པ་ཆེན་པོ་འོངས་པའི་འབྱུང་འགྱུར་ལུང་བསྟན་གནང་། མེ་བྱི་སྤྱི་ལོ༡༨༣༧ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་རྩེ་དབུས་གཅོད་པ་བློ་བཟང་དཔལ་ལྡན་རྒྱ་མཚོ། རབ་ཡིད་ཆུ་བྱ་ལོར་སྤྱི་ལོ༡༨༡༣ལོར་ཆུ་ཁ་མའི་དབལ་ཤུལ་རྒྱུད་དུ་ཡབ་དོན་གྲུབ་དང་ཡུམ་དཀར་མོའི་སྲས་སུ་འཁྲུངས། དགའ་ལྡན་པ་ལས་རབ་ཏུ་བྱུང་ཞིང་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོས་བསྙེན་པར་རྫོགས་པའི་སྡོམ་པ་བསྩལ། སྐུ་ཕྲེང་བཞི་པ་རྩེ་དབུས་གཅོད་རྒན་སྐལ་བཟང་བསྟན་འཛིན་རྒྱ་མཚོ། འདི་བ་ཉིན་མའི་རྨེ་ཤུལ་དུ་འཁྲུངས། སྐུ་ཕྲེང་ལྔ་པ་རྩེ་དབུས་གཅོད་པ་སྐལ་བཟང་ཡེ་ཤེས་འཕྲིན་ལས་རྒྱ་མཚོ། འདི་བ་སྤྱི་ལོ༡༩༢༦ལོར་མཛོད་དགེ་ཉིན་མའི་མཛོད་དགེའི་སྦྲ་རྒན་དུ་ཡབ་ཤེས་རབ་རྒྱ་མཚོ་དང་ཡུམ་ཀུན་དགའ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བཙོན་ནས་ཕུད་རྗེས་ཀླུ་ཆུ་ནས་སྤྱི་ལོ༡༩༥༩ལོར་སྐུ་གཤེགས། གདུང་ཆུར་གཤེགས། སྐུ་ཕྲེང་དྲུག་པ་རྩེ་དབུས་གཅོད་པ་བློ་བཟང་ཡེ་ཤེས་རྒྱ་མཚོ། འདི་བ་མཛོད་དགེ་ཉིན་མའི་ས་དཀར་སྡེ་བར་ཡབ་དོ་རོ་བསྟན་པའི་ཉི་མ་དང་ཡུམ་རྩེ་དབུས་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་སྤྱི་ལོ༡༩༨༢ལོར་འཁྲུངས། གཞན་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དང་པོ་དགེ་འདུན་ཕུན་ཚོགས། རྗེ་ཁོང་རྨ་ཆུའི་ཉེ་འགྲམ་གྱི་གཅལ་ཁོག་དར་རིའི་རྩེ་རྒྱལ་ཞེས་པ་དབལ་ཤུལ་གྱི་རིགས་ལས། ཡབ་འབུམ་ཕྱུག་དང་ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ༡༦༤༨ལོར་སྐུ་འཁྲུངས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ནི་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་ཡིན་ཞིང་། རྗེ་འདིའི་སྐུའི་འཕྲེང་བ་ནི་གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ། རྗེ་བཙུན་ཤེས་རབ་སེངྒེ་། གཉན་ལོ་དར་མ་གྲགས། རོང་བོའི་ཆོས་པ་རིན་པོ་ཆེ་བཅས་ཡིན་ཚུལ་གདན་རབས་ལྷའི་རྔ་ཆེན་ན་གསལ། དགུང་ལོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས། དགུང་ལོ་བཅོ་ལྔ་པ་ཆུ་སྟག་སྤྱི་ལོ༡༦༦༢ལོར་ཁུ་བོས་དབུས་སུ་གདན་དྲངས། འབྲས་སྤུངས་སྒོ་མང་བྱ་བྲལ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔར་གསན་སྦྱོང་མཐར་ཕྱིན་པ་མཛད། གསེང་དབར་ནམ་བྱུང་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ། ཁྲི་ཆེན་བློ་གྲོས་རྒྱ་མཚོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། གཙང་པ་ངག་དབང་སྦྱིན་པ། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་ཧ་ཅང་མང་པོ་གསན། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་ཤིང་གྲྭ་སྐོར་དམ་བཅའ་འགྲན་ཟླ་བྲལ་བ་གནང་སྟེ། རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་མཛད་ནས། རྒྱུད་པའི་སྒྲིག་སྲོལ་དང་། ཆོ་ག་ཕྱག་བཞེས། ཁྲིད་སྐྱོང་སོགས་ལ་བྱང་ཆུབ་པར་མཛད་དེ་དགའ་ལྡན་ཁྲི་པར་བཞུགས། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་སྤྱི་ལོ༡༧༢༥ལོར་ཚལ་གུང་ཐང་དུ་སྐུ་གཤེགས། མཆོག་སྤྲུལ་གུང་ཐང་སྐུ་ཕྲེང་ལྔ་པ་འཇམ་དབྱངས་བསྟན་པའི་ཉི་མ། ཁོང་རིན་པོ་ཆེ་ཁོ་ཚེ་རྩེ་དབུས་ཞེས་པར་ཡབ་བདེ་མཆོག་དར་རྒྱས་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་སྤྱི་ལོ༡༨༦༠ལོའི་ལྔ་པའི་བཞི་རྒྱལ་དུ་སྐུ་འཁྲུངས། དགུང་ལོ་བཞི་ལ་ཕེབས་པ་ཆུ་ཕག་ལོར་ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དེའི་ཕྱི་ལོར་གདན་སར་བཀོད་ཅིང་། དགེ་བའི་བཤེས་གཉེན་དོན་ཡོད་རྒྱ་མཚོའམ་ཅོ་ནེ་དགེ་འདུན་དཔལ་བཟང་ཡོངས་འཛིན་དུ་བསྟེན་ནས་རྩོད་པ་བརྡར་ཤ་གཅོད་ཐུབ་པ་བྱུང་། དགུང་ལོ་རེ་དྲུག་པ་ཤིང་གླང་སྤྱི་ལོ༡༩༢༥ལོའི་ཟླ་དགུ་པའི་ཚེས་བརྒྱད་ལ་བེ་ཤིང་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གསུང་རྩོམ་ཡང་ལྕང་སྐྱའི་འཁྲུངས་རབས་ཁ་སྐོང་སོགས་པོད་གཅིག་ཙམ་བཞུགས་སོ། ། ཟམ་ཚ་སྐུ་ཕྲེང་བཞི་པ་འཇིགས་མེད་བསམ་འགྲུབ་རྒྱ་མཚོ། ཕྱག་མཛོད་མཁན་སྤྲུལ་སྐུ་ཕྲེང་བཞི་པ་བསྐལ་བཟང་བསྟན་པ་རྒྱ་མཚོ་སོགས་མང་ངོ་། །

མདོར་ན་མདོ་སྨད་ཀན་ལྷོའི་ཕྱོགས་སུ་རྩེ་དབུས་ཞེས་བརྗོད་པའི་ཁྱིམ་རྒྱུད་ལ་མུ་ནས་དཔྱད་དགོས་པ་མང་མོད། ཡིག་ཁུངས་སོགས་ཀྱི་རྐྱེན་གྱིས་འདི་ཙམ་གྱིས་འཐུས་པར་བྱའོ། ། འདིར་རྩེ་དབུས་ཁྱིམ་རྒྱུད་ཀྱི་གནས་སྟངས་ལས་ཅོ་ནེ་དང་རྒན་གྱ། རྨ་ཆུ་དང་ཁོ་ཚེ་སོགས་གང་ཡིན་རུང་རྒྱུད་ཁུངས་གཅིག་ཏུ་ངེས་ཀྱང་། ཡུལ་འདིར་ས་འཛིན་གྱི་ཐོག་མའམ་ཕྱོགས་འདིར་ཇི་ལྟར་མཆེད་པའི་སྐོར་ནས་འདི་སྔ་དང་གན་སྔ་ཞེས་བརྗོད་པར་མི་སྤོབས་པས་ཡུན་གྱིས་དཔྱད་དགོས་སོ། ། འདིར་དཔྱད་ཡིག་གིས་མ་ཁྱབ་པའམ་བཤད་ནོར་སོགས་མཆིས་ན་དགོངས་དག་འཚལ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།