པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་གནང་བའི་ཕྱག་བྲིས་ཀྱི་གནས་ཚུལ་ཕྲན་ཙམ་གླེང་བ།

[གནད་བཏུས] དཔྱད་རྩོམ་འདི་ལས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་གནང་བའི་ཕྱག་བྲིས་ཀྱི་རྒྱབ་ལྗོངས་དང་སྤྱི་དོན་རགས་ཙམ་བརྗོད་ཡོད།

[གནད་ཚིག] ཕྱག་བྲིས། རྒྱབ་ལྗོངས། སྤྱི་དོན།

རྒྱལ་གཅེས་ཆོས་གཅེས་དང་དམངས་གཅེས་སློབ་གཅེས་ཀྱི་དུས་རབས་ཤིག་གི་མི་ཆེན་དམ་པ་པཎ་ཆེན་སྣང་བ་མཐའ་ཡས་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་བརྩེ་ཆེན་འོད་ཟེར་གྱི་གཞན་དབང་གིས་ཞབས་ཟུང་གསེར་གྱི་མེ་ཏོག་གཅན་ཚ་མི་རིགས་སློབ་འབྲིང་གི་དགའ་ཚལ་དུ་བཞད་དེ། གནས་འདི་སློབ་གསོ་ཡོན་ཏན་གྱི་འབྱུང་གནས་སུ་བྱིན་གྱིས་བརླབས་པ་དང་ཆབས་ཅིག་ཏུ། འདི་གའི་དགེ་སློབ་ཡོངས་ལ་གནད་དུ་འཁེལ་ཞིང་སེམས་གཏིང་དུ་སིམ་པའི་གསུང་བཤད་བྱིན་ཅན་བསྩལ་པ་དང་འབྲེལ་གཅན་ཚ་མི་རིགས་སློབ་འབྲིང་གི་དཔེ་མཛོད་ཁང་བཞེངས་པར་མ་དངུལ་འབོར་ཆེན་དང་། དགེ་རྒན་རེ་རེར་སྨྱུ་གུ་སྤུས་ལེགས་རེ་གནང་ཞིང་། ཁྱད་པར་དུ་སློབ་གསོ་ལག་ལེན་དང་ཐབས་ལམ་གྱི་འོད་ཕྲེང་ཆེམ་ཆེམ་འཕྲོ་བའི་ཕྱག་བྲིས་ཀྱི་རྒྱལ་མཚན་ཆེན་པོ་ཡུལ་འདིར་གཞིར་བཞེངས་སུ་མཛད་ནས། སློབ་གསོ་འཕེལ་རྒྱས་ཀྱི་དཔྱིད་དཔལ་གསར་པ་རྒྱས་པའི་གནས་ཚུལ་ཕྲན་ཙམ་ཞིག་གླེང་བ་ལ།

གཅིག པཎ་ཆེན་ཕྱག་བྲིས་ཀྱི་རྒྱབ་ལྗོངས།

སྤྱི་ལོ༡༩༨༦ལོ་སྟེ་པཎ་ཆེན་མཆོག་དགུང་ལོ་ཞེ་དྲུག་བཞེས་པའི་བོད་ཟླ་བཞི་པའི་ཚེས་དགུ་ཉིན་གྱི་ཡར་ཚེས་བཟང་པོར་ཁོང་གི་མཁྱེན་བརྩེ་འོ་མའི་ཆུ་གཏེར་ཆེན་པོ་ལས། སློབ་གསོའི་དྲི་བསུང་ཕྱོགས་བཅུར་ཐུལ་བའི་ཕྱག་བྲིས་ཀྱི་མེ་ཏོག་སེར་ཆེན་ཟུང་ཞིག་གཅན་ཚ་སློབ་གསོ་ཡོན་ཏན་རྒྱས་པའི་ཞིང་མཆོག་འདིའི་མི་རིགས་སློབ་འབྲིང་གི་དགའ་ཚལ་དུ་ལྷུག་པར་བཞད་པ་རེད།

དེའི་སྐབས་སུ་ཡངས་པའི་རྒྱལ་ཁམས་དང་ནང་སྒོས་སུ་མཐོ་སྒང་རོང་འབྲོག་ས་ཁུལ་གྱི་བཞིན་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་ལང་ཚོ་ལས་སྨིན་པའི་སྔར་མེད་འཕེལ་རྒྱས་ཀྱི་འཛུམ་མདངས་གསར་པ་ཞིག་རྒྱས་པའི་སྒང་ཡིན་པས། གང་གི་ཕྱག་བྲིས་འདི་ཉིད་གཅན་ཚས་མཚོན་ཏེ། མཐོ་སྒང་རོང་འབྲོག་ཀུན་ཏུ་སློབ་གསོ་འཕེལ་རྒྱས་ཀྱི་དཔྱིད་དཔལ་འདྲེན་པའི་ཕོ་ཉ་གཅིག་པུར་གྱུར་པ་ཡིན།

དུས་རབས་ཀྱི་མི་ཆེན་འདིས་དེང་རབས་ཀྱི་མཐོ་ཚད་དང་འབྱུང་འགྱུར་གྱི་རྒྱང་ཚད། འཛམ་གླིང་གི་སློབ་གསོ་ལག་ལེན་གྱི་ཟབ་ཚད་སོགས་ནས་གཅན་ཚ་མི་རིགས་སློབ་འབྲིང་གིས་མཚོན་པའི་མཐོ་སྒང་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་སོ་སོར་གཟིགས་ཞིབ་གནང་བའི་ཁྲོད་ནས། སྐབས་དེར་ཆེས་གཉོམ་ཉག་ནས་སྟོང་ཆར་ལུས་པའི་གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་དཔེ་མཛོད་ཁང་དང་བལྟ་ཀློག་ཁང་། ཚོད་ལྟ་ཁང་།རྩིས་འཁོར་བརྡ་འཕྲིན་ཁང་། གླུ་དབྱངས་ལུས་རྩལ་ཁང་སོགས་ཀྱི་དོན་དངོས་ལ་དམིགས་ཏེ་གྲོང་ཁྱེར་དང་གཞི་རིམ་གྱི་སློབ་གསོ་འདྲ་མཉམ་དང་། ཤེས་ནུས་སྤྱོད་གསུམ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཅོང་བརྡ་ཆེན་པོ་ཞིག་གི་ཆེད་དུ། རང་གིས་དངོས་སུ་མ་དངུལ་འབོར་ཆེན་བཏང་ནས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དཔེ་མཛོད་ཁང་འདི་གསར་དུ་བཞེངས་ཤིང་། སློབ་གསོའི་ཕྱག་བྲིས་ཀྱི་དྲན་རྟེན་ཆེན་པོ་འདི་བཞག་ནས་ཕེབས་པ་རེད། དེ་བས། ཕྱག་བྲིས་འདིའི་རྒྱབ་ལྗོངས་ཀྱི་ཆ་ནས་བལྟས་ན། འདི་ནི་གཅན་ཚའི་སློབ་གསོ་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་རྡོ་རིང་གཟི་བརྗིད་ལྡན་པ་ཞིག་དང་། གཅན་ཚ་མི་དམངས་ལ་བཅོལ་བའི་སེམས་གཏིང་གི་རེ་བ་ནན་མོ་ཞིག ནམ་ཡང་འཛད་མཐའ་མེད་པའི་བརྩེ་དུང་དང་སྤོབས་པའི་ཆུ་མིག་ཆེན་པོ་ཞིག་ཡིན་པར་མ་ཟད། པཎ་ཆེན་མཆོག་གིས་གཅན་ཚའི་སློབ་གསོ་དང་སློབ་གྲྭ་རེ་རེའི་དགེ་སློབ་ཡོངས་ལ་བཅངས་པའི་ཡིད་ཆེས་རྡོ་རྗེའི་མདུད་པ་ཆེན་པོ་ཞིག་རེད། ཁོང་གིས་ཐུགས་འདུན་རྡོ་རྗེའི་མདུད་པ་འདི་གཅན་ཚ་མི་རིགས་སློབ་འབྲིང་དུ་རྒྱག་སྐབས། མི་རིགས་སློབ་འབྲིང་འདིའི་དོ་དམ་གྱི་ཁྲོད་ནས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་འཛིན་གྲྭའི་ཀྲུའུ་རིན་ཕུལ་བྱུང་ཅན་དང་། རིམ་པ་མི་འདྲ་བའི་རྒྱུགས་སྤྲོད་གདེང་འཇོག་གི་ལག་ལེན་གྱི་ནང་ནས་ཁུལ་ཡོངས་ནས་ཞིང་ཆེན་ཡོངས་དང་། དེ་ནས་ཞིང་ལྗོངས་ལྔའི་མདུན་གྲས་སུ་གོམ་པ་སྤོས་དང་སྤོ་བཞིན་ཡོད་པས། ཞིང་ལྗོངས་ལྔའི་རྒྱུགས་འབྲེལ་སྤྱི་བསྡོམས་ཚོགས་ཆེན་སྟེང་དུ་ཕུལ་བྱུང་གི་ཉམས་མྱོང་བརྗེ་རེས་བྱས་པ། དགེ་རྒན་དཔུང་སྡེའི་ཆ་ནས་བལྟས་ས་ལྟོས་འཇོག་གིས་བཤད་ན། སློབ་ཁྲིད་དོ་དམ་པ་དང་སློབ་གསོ་བསམ་གཞིག་པ། སློབ་ཁྲིད་ཞིབ་འཇུག་པ་དང་དཔྱད་གླེང་པ། སློབ་ཁྲིད་པ་མཁས་པ། སློབ་གསོ་པ། རྩོམ་པ་པོ་སོགས་འཇོན་ཐང་གི་རྔམ་ག་མཐུག་པའི་དོན་དངོས་ལ་དམིགས་ཏེ། རེ་བ་ཅན་གྱི་སློབ་གྲྭ་འདི་ལ་རེ་བཞག་ཅན་གྱི་ཕྱག་བྲིས་རྡོ་རྗེ་མདུད་པ་འདི་ཆེད་དུ་བཀོད་པ་རེད་སྙམ།

གཉིས། པཎ་ཆེན་ཕྱག་བྲིས་ཀྱི་སྤྱི་དོན།

པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཅན་ཚ་མི་རིགས་སློབ་འབྲིང་ལ་གནང་བའི་ཕྱག་བྲིས་འདི་སྤྱི་དོན་གྱི་ཆ་ནས་བཤད་ན། གཅན་ཚ་མི་རིགས་སློབ་འབྲིང་གཙོས་རྫོང་ཡོངས་ཀྱི་སློབ་གསོར་ཕྱིར་བལྟ་ནན་མོ་ཞིག་དང་། སྐབས་དེའི་སློབ་གསོར་སྤྱི་བསྡོམས་གདེང་འཇོག་ཞིབ་མོ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་གཅན་ཚའི་མ་འོངས་པའི་སློབ་གསོ་འཕེལ་རྒྱས་ཀྱི་རེ་བའི་བཟོ་བཀོད་ཆེན་པོ་ཞིག་ཀྱང་རེད།ཁྱད་པར་དུ་པཎ་ཆེན་མཆོག་གིས་གཅན་ཚའི་འདས་པའི་སློབ་གསོར་ཕྱིར་བལྟ་དང་། སྐབས་དེའི་སློབ་གསོར་གདེང་འཇོག་སྤྱི་བསྡོམས་མཛད་པ་ཐམས་ཅད་འབྱུང་འགྱུར་གཅན་ཚའི་སློབ་གསོ་འཕེལ་རྒྱས་ཀྱི་རེ་བའི་ས་བོན་དང་དམིགས་ཚད་ཉག་གཅིག་སྟེ། དེ་རིང་གི་སྤྱི་ཚོགས་དང་ཁྱིམ་བདག་དགེ་སློབ་ཐུན་མོང་གིས་འབད་བརྩོན་ལྷོད་མེད་བྱས་ན། ད་གཟོད་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བ་བརྟན་ཞིང་ལོ་འདབ་རྒྱས་ལ། མེ་ཏོག་བཞད་དེ་འབྲས་བུ་གཡུར་དུ་ཟ་བ་སུས་ཀྱང་ལྡོག་ཐབས་མེད་པའི་ཆོས་ཉིད་རེད། དེ་ལྟ་བུའི་མིའི་རིགས་བླ་སྲོག་གི་བཟོ་བཀོད་ཀྱི་བློས་བསླངས་ཆེན་པོ་འདི་ནི། སློབ་གསོ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཁྲོད་ནས་རྙེད་པའི་སློབ་གསོའི་ནོར་བུ་འོད་སྟོང་འཕྲོ་བ་ཞིག་ཡིན་པས། པཎ་ཆེན་མཆོག་གི་སོར་རྩེས་བསྐྱེད་ཅིང་བསྲིངས་པའི་ཕྱག་བྲིས་ཀྱི་མེ་ཏོག་འདིའི་རྩ་བ་དང་ཡལ་ག ལོ་འདབ། ཟེའུ་འབྲུ་རེ་རེ་ནས་ཆུ་ལུད་དྲོད་གཤེར་གྱི་རྒྱུ་རྐྱེན་དང་ཁོར་ཡུག་རེ་རེར་དཔྱད་ཞིབ་བྱེད་ཐེངས་རེ་རེ་ནི། དེ་རིང་གི་གཅན་ཚའི་སློབ་གསོ་འཕེལ་རྒྱས་ཀྱི་འགག་འཕྲང་གཏོར་ཐེངས་རེ་རེ་དང་སློབ་གསོའི་དབྱར་མཚོ་རྒྱས་ཐེངས་རེ་རེ་ཡིན་ངེས་རེད། ཁོང་གིས་གནའ་དེང་ཟུང་འབྲེལ་དང་སྣ་འཛོམས་མཉམ་གནས། དཔེ་ངོས་དང་ལག་ལེན་ཟུང་གཅིག ཚན་རྩལ་རིག་གཞུང་གཞོགས་འདེགས། ཤེས་ནུས་སྤྱོད་གསུམ་མཉམ་རྒྱས་བཅས་ཀྱི་དེང་རབས་སློབ་གསོའི་ལམ་མཆོག་རེ་རེ་ཕྱེ་ཡོད་པས། སུས་ལག་ལེན་བྱེད་སྔ་ན་ཁོ་ལ་སྔ་མོ་ནས་སློབ་གསོའི་འབྲས་བུ་གཡུར་དུ་ཟ་བ་ཞིག་མི་སྨིན་པ་ག་ལ་སྲིད། ཁྱད་པར་དུ་དགེ་སློབ་ཁྱིམ་བདག་ནས་སྤྱི་ཚོགས་ཧྲིལ་བོར་ཚད་ལྡན་གྱི་སློབ་གྲྭ་ཞིག་གི་ཚད་གཞི་དང་། ཚད་ལྡན་གྱི་འཇོན་ཐང་ཅན་ཞིག་གི་རེ་སྙེག་ཕྱག་བྲིས་ཤོ་ལོ་ཀ་གཉིས་སུ་བཀོད་པ་ནི། ནམ་ཡང་འཛད་མཐའ་མེད་པའི་སློབ་གསོ་ལག་ལེན་དང་ཐབས་ལམ་གྱི་པོད་ཆེན་འོད་སྟོང་འཕྲོ་བ་ཟུང་གཅིག་རེད་སྙམ།

གསུམ། པཎ་ཆེན་ཕྱག་བྲིས་ཀྱི་གོ་དོན།

པཎ་ཆེན་ཕྱག་བྲིས་འདིར་ཚེག་ཁྱིམ་བདུན་མའི་ཤོ་ལོ་ཀ་གཅིག་དང་། ཚེག་ཁྱིམ་དགུ་མའི་ཤོ་ལོ་ཀ་གཅིག་སྟེ་ཁྱོན་ཤོ་ལོ་ཀ་གཉིས་ཡོད་པ་དེ་དག་གིས་ཟུར་ཚད་བརྒྱད་ནས་སློབ་གྲྭ་དང་ཤེས་ཡོན་འཇོན་ཐང་གི་ཚད་གཞི་ཡང་དག་པའི་བློས་བསླངས་དང་འབྲེལ་ཏེ། ཕྱོགས་སོ་སོར་སློབ་གསོ་ལག་ལེན་གྱི་རེ་བ་བཅོལ་ཡོད་པ་ལས་ཤོ་ལོ་ཀ་དང་པོ་ནི།

གསུང་རབ་རྒྱ་མཚོ་རིག་བརྒྱའི་མཛོད། །

ལུང་དང་རྟོགས་པའི་ཡོན་ཏན་གནས། །

ཚན་རིག་ཤེས་བརྒྱའི་མེ་ཏོག་ར། །

བླུན་པོ་མིག་འབྱེད་མཁས་པའི་གླིང་། །

ཞེས་པའི་ཤོ་ལོ་ཀ་འདི་བཀླགས་མ་ཐག་ཏུ། སློབ་གྲྭ་ཞིག་གམ་ཤེས་རིག་ཡོན་ཏན་དར་བའི་རྫོང་ཁག་ཅིག་གི་བསྟོད་པ་མ་ཡིན་ནམ་སྙམ་སྲིད་ནའང་། ཕྱག་བྲིས་ཀྱི་མཚན་བྱང་ལས་གཅན་ཚ་མི་རིགས་སློབ་འབྲིང་ལ་ཆེད་དུ་ཕྱག་བྲིས་གནང་བ་ཤེས་ཐུབ་པས། རྒྱལ་གཅེས་ཆོས་གཅེས་དང་དམངས་གཅེས་སློབ་གཅེས་པ་སྟེ་དུས་རབས་འདིའི་མི་ཆེན(时代巨人)ཞིག་གི་སྨྱུག་རྩེ་ལས་འཁྲུངས་པའི་མཐོ་ཚད་ནས་བསམ་གཞིག་རེ་བཏང་ན། གསུང་རབ་རྒྱ་མཚོ་རིག་བརྒྱའི་མཛོད། ། ཅེས་པས་སློབ་གྲྭ་མཚན་ཉིད་ཚང་བ་ཞིག་ཡིན་ན། ཐོག་མར་སློབ་གསོ་དང་སློབ་གྲྭའི་གྲུབ་ཆ་དང་མ་ལག་མཐུན་རྐྱེན་ཐམས་ཅད་ཡོངས་སུ་འཛོམས་པའི་ཚད་གཞི་ཚང་དགོས་པ་དང་གཅིག ལུང་དང་རྟོགས་པའི་ཡོན་ཏན་གནས། །ཞེས་པས་ངོ་བོའི་ཆ་ནས་བལྟས་ན། མ་ཤེས་པ་ཤེས་པར་བྱེད་པ་ལུང་གི་ཡོན་ཏན་དང་ཤེས་པ་ལག་ལེན་དུ་འདེབས་པ་རྟོགས་པའི་ཡོན་ཏན་གཉིས་སུ་མ་འདུས་པའི་འཇོན་ཐང་མེད་པས། སློབ་གྲྭའི་ངོ་བོའི་ཚད་གཞི་ཤེས་ནུས་ཟུང་ལྡན་གྱི་ཡོན་ཏན་ཅན་ནམ་འཇོན་ཐང་སྣ་ཚོགས་ཀྱི་འབྱུང་གནས་སུ་འགྱུར་དགོས་པ་དང་གཉིས། ཚན་རིག་ཤེས་བརྒྱའི་མེ་ཏོག་ར། ། ཞེས་པ་གཞི་རིམ་སློབ་གསོ་ཡང་དེང་རབས་ཅན་དུ་ཁ་ཕྱོགས་ཏེ། དུས་རབས་ཀྱི་སྲོག་ཤིང་དུ་གྱུར་ཀྱང་། མཐོ་སྒང་རོང་འབྲོག་ས་ཁུལ་གྱི་སློབ་གྲྭའི་བསླབ་ཁག་ཁྲོད་ཀྱི་ཞན་སར་གྱུར་པའི་རྩིས་དངོས་རྫས་གསུམ་དང་སྤྱི་ཚོགས་དང་རང་བྱུང་ཚན་རིག་བསླབ་ཁག་དེའི་ཤེས་ནུས་རྩལ་གསུམ། གསར་གཏོད་དང་གསར་རྙེད་ཀྱི་རྩལ་ནུས་སོགས་སྐབས་དེར་ཞན་ཆར་གྱུར་ཡོད་པ་ལ་རྣག་ཐོག་ཁབ་གཙགས་ཀྱི་དཔེ་ལྟར། ཆེད་དུ་བསྟན་པ་དང་མཉམ་དུ་སློབ་མའི་འཇོན་ཐང་གི་ཕྱོགས་སོ་སོ་འཕེལ་རྒྱས་སུ་གཏོང་བ་ནི། དེང་རབས་སློབ་གྲྭའི་བྱེད་ནུས་ཀྱི་ཚད་གཞི་གསུམ་པ་ཡིན་པར་བསྟན་པ་རེད། གལ་ཏེ་སློབ་མ་ཡོངས་ཀྱི་འཇོན་ཐང་གི་ཕྱོགས་སོ་སོ་འདྲ་མཉམ་གྱིས་འཕེལ་རྒྱས་སུ་གཏོང་བའི་ཚད་གཞི་འདི་མག་མོག་ཏུ་གྱུར་ཚེ། རྨང་གཞི་སློབ་གསོའི་ཆོས་ཉིད་དང་འགལ་བས། ཚན་རིག་བསླབ་ཁག་གི་སྤུས་ཚད་འཕེལ་རྒྱས་ལ་ཡང་བསྐྱར་ཞིབ་འཇུག་གཙིགས་ཆེན་བྱེད་དགོས་པར་བསྟན་ཡོད་པ་རེད་སྙམ། བླུན་པོ་མིག་འབྱེད་མཁས་པའི་གླིང་། ། ཞེས་པས། དེང་རབས་འདྲ་མཉམ་སློབ་གསོའི་དགོངས་དོན་ལྟར་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འདྲ་མཉམ་ཡིན་དགོས་པར་མ་ཟད། ཐ་ན་བསླབ་ཁག་དེ་དག་ལ་དགའ་སྣང་མེད་པའི་སློབ་མ་དང་ལྟོས་འཇོག་གིས་བློ་རིག་སྒྲིན་པོ་མ་ཡིན་པའི་སློབ་མ་རྣམས་ཀྱང་། སློབ་དང་ཁྲིད་ཀྱི་ཐབས་ལམ་དང་ཐབས་རྩལ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་བློ་གྲོས་ཀྱི་མིག་འབྱེད་པ་དང་། རྩལ་ནུས་ཀྱི་ཤེད་རྒྱས་པ། ཀུན་སྤྱོད་ཀྱི་ལང་ཚོ་སྨིན་པར་བྱེད་ནུས་པའི་གླིང་ཞེས་པ་ནི། སློབ་གྲྭའི་བྱེད་ལས་ཀྱི་ཟུར་ཚད་སོགས་ཁྱོན་ཟུར་ཚད་བཞི་ནས་བསྟན་ཡོད་པས། མདོར་ན། པཎ་ཆེན་མཆོག་གི་ཕྱག་བྲིས་ཤོ་ལོ་ཀ་འདི་དེང་རབས་ཀྱི་སློབ་གྲྭ་ཚད་ལྡན་ཞིག་གི་མཚན་ཉིད་ཡིན་པར་མ་ཟད། ཚིགས་བཅད་རྐང་པ་རེ་རེས་མཚན་ཉིད་དེའི་ཟུར་ཚད་དམ་ཚད་གཞི་རེ་རེ་བསྟན་དང་སྟོན་བཞིན་ཡོད་པས། ཚིག་རྐང་དང་པོས་སྒྲིག་གཞི་མ་ལག་གི་ཚད་གཞི་དང་ཚིག་རྐང་གཉིས་པས་ངོ་བོའི་ཚད་གཞི། ཚིག་རྐང་གསུམ་པས་ནུས་པའི་ཚད་གཞི། ཚིག་རྐང་བཞི་པས་བྱེད་ལས་ཀྱི་ཚད་གཞི་དག་གསལ་པོར་གསུངས་ཡོད་པས། ཤོ་ལོ་ཀ་འདི་ནི་ཁོང་གི་སློབ་གསོ་རིག་པ་དང་ཚད་མ་རིག་པའི་དགོངས་སྲོག་ཟུང་དུ་འདྲེས་པའི་ལག་ལེན་ལས་འཁྲུངས་པའི་དེང་རབས་ཀྱི་སློབ་གྲྭ་ཚད་ལྡན་ཞིག་གི་ཚད་གཞི་དང་། ཁྱད་ཆོས་བཞི་ལྡན་གྱི་མཚན་ཉིད་འཁྲུལ་མེད་ཅིག་ཀྱང་ཡིན་པས། ད་ལོ་བར་དུ་ཕྱག་བྲིས་འདི་གནང་ནས་མི་ལོ་སོ་ལྔ་ཙམ་འགོར་ཡོད་ནའང་།མཐོ་སྒང་སློབ་གསོའི་ལོ་རྒྱུས་སྟེང་གི་སློབ་གྲྭའི་མཚན་ཉིད་ཀྱི་སྐར་མ་འོད་ཆེན་ཐོག་མ་རེད་སྙམ།

ཤོ་ལོ་ཀ་གཉིས་པ་ནི།

ཡོན་ཏན་ཟད་པ་མེད་པ་ནོར་གྱི་མཆོག །

ཡོན་ཏན་རང་ལ་ཕན་ཞིང་གཞན་ལ་སྨན། །

ཡོན་ཏན་ཚིམ་པ་མེད་པར་རབ་བསླབ་ནས། །

ཡོན་ཏན་བཟང་བོས་འདི་ཕྱིའི་དོན་ཆེན་སྒྲུབས། །

ཞེས་པའི་ཤོ་ལོ་ཀ་འདི་མིག་མདུན་དུ་བཤམས་པ་ན། ཡོན་ཏན་གྱི་ཕན་ནུས་དང་ཡོན་ཏན་ཅན་ནམ་ཡོན་ཏན་གྱི་བདག་པོ་སློབ་མ་རྣམས་ལ་བཅོལ་བའི་རེ་སྙེག་གི་ཐོག་མའི་ཟུང་ལྡན་གྱི་སྙན་ཚིག་ཤོ་ལོ་ཀ་ཞིག་རེད་སྙམ་སྲིད་མོད། ཞིབ་ཏུ་པཎ་ཆེན་མཆོག་གི་སློབ་གསོའི་བརྩེ་དུང་དང་མཁྱེན་རྩལ་སྤོབས་པའི་མཐོ་ཚད་ནས་བལྟས་ན། ཤེས་ནུས་སྤྱོད་གསུམ་ལྷན་དུ་འདུས་པའམ་དེ་དག་ངོ་བོ་གཅིག་ཏུ་གྱུར་པ་ནི། ནོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འཇོན་ནུས་ཀྱི་གཏེར་ཁ་ལས་བྱུང་བའི་ཡོན་ཏན་རིན་པོ་ཆེ་དེ་ཡིན་པ་དང་། སློབ་གྲོགས་ཆེ་འབྲིང་ཆུང་གསུམ་དང་ཕོ་མོ་སུ་དང་གང་ཞིག་ཡིན་ཡང་།

དགེ་བཀུར་སློབ་གཅེས་ཀྱི་བྱིན་རླབས་ལས་རང་ཉིད་ལ་ཤེས་ནུས་སྤྱོད་གསུམ་འཛོམས་པའི་ཡོན་ཏན་གྱི་ནོར་མཆོག་དེ་ཐོབ་ན། དེ་ནི་ནམ་ཡང་ཟད་མཐའ་མེད་པ་དང་རང་གཞན་རོགས་གསུམ་སུ་ཡིན་ཡང་ཤིན་ཏུ་ཕན་ངེས་ཡིན་པས། ཤེས་ནུས་རྩལ་གསུམ་གྱི་བརྗེ་རེས་དང་དེ་ལས་ཐོབ་པའི་ཡོན་ཏན་དེ་སློབ་གྲོགས་རེ་རེས་ཚིམས་པ་མེད་པར་བསླབས་ཤིང་སྦྱང་ན། སློབ་མ་ཁོ་རང་འཇོན་ཐང་གི་བདག་པོར་འགྱུར་ངེས་ཡིན་པས། སྐབས་དེར་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་ཀུན་སྒྲུབས་ཤིག་དང་། གྲུབ་པར་འགྱུར་བ་ཡོན་ཏན་དང་འཇོན་ཐང་གི་ནུས་མཐུ་ཡིན་ནོ་ཞེས་ནན་གྱིས་བསྟན་པ་ནི། སློབ་མ་ཚད་ལྡན་གྱི་ཚད་གཞི་བཞི་དང་སློབ་མ་ཚད་ལྡན་གྱི་མཚན་ཉིད་ཀྱི་ཟུར་བཞི་ཡང་ཡིན་པས། སློབ་གྲོགས་རྣམ་པས། རང་ཉིད་ཟད་པ་མེད་པའི་ནོར་མཆོག་ཡོན་ཏན་གྱི་བདག་པོ་ཞིག་བྱེད་རྒྱུ་ཡིན་ནམ། ཕྱི་དབུལ་ནང་སྟོང་གི་མགོ་འཁོར་ཞིག་བྱེད་རྒྱུ་ཡིན། རང་དང་གཞན་ལ་ཕན་པ་ཡོད་པའི་གཅེས་ཕྲུག་ནོར་བུ་ལྟ་བུ་ཞིག་བྱེད་རྒྱུ་ཡིན་ནམ། ཕན་མེད་འདང་མེད་ཀྱི་སྡོང་དུམ་ལྟ་བུ་ཞིག་བྱེད་རྒྱུ་ཡིན། སློབ་མའི་འགན་ཁུར་དུ་གྱུར་པའི་སློབ་སྦྱོང་ལ་ཚིམ་པ་མེད་པའི་བརྩོན་འགྲུས་ཅན་ཞིག་བྱེད་རྒྱུ་ཡིན་ནམ། མི་ཚེ་སྟོང་ཟད་དུ་གཏོང་བའི་ལེ་ལོ་ཅན་ཞིག་བྱེད་རྒྱུ་ཡིན། ཡོན་ཏན་བཟང་པོས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་སྒྲུབ་མཁན་ཞིག་བྱེད་རྒྱུ་ཡིན་ནམ། ཅི་བྱེད་འདི་བྱེད་མེད་པའི་མགོ་འཁོར་ལག་སྟོང་ཞིག་བྱེད་རྒྱུའི་འདམ་ག་དེ་སློབ་གྲོགས་རང་གི་ལག་ན་ཡོད་པས། ད་ནི་པཎ་ཆེན་མཆོག་གིས་གལ་བོ་ཆེ་ལ་ནན་ཏན་གྱིས་ཡོན་ཏན་བཟང་པོས་འདི་ཕྱིའི་དོན་ཆེན་སྒྲུབས་ཅེས་པའི་ཐུགས་འདུན་ཟབ་མོ་འདི་སེམས་སྟེང་དུ་ལེན་རྒྱུའི་དམ་བཅའ་རྡོ་རྗེའི་མདུད་ཆུང་རེ་རེ་ཁོང་གི་ཕྱག་བྲིས་དང་ལྷན་དུ་འདྲེས་ཚེ། དེ་ནི་དུས་རབས་ཀྱི་མི་ཆེན་དགྱེས་པའི་ངེས་དོན་གྱི་མཆོད་སྤྲིན་རྗེས་དྲན་ཆེན་པོ་ཞིག་མ་ཡིན་ནམ། སློབ་གྲྭ་ལ་མཚོན་ན། སློབ་མའི་སྤུས་ཚད་ཀྱི་ཁོར་ཡུག་དང་གོ་རིམ་གང་ཞིག་ལ་དཀའ་ཁག་དང་གནད་དོན་ཕྲན་བུ་ཙམ་བྱུང་ནའང་མེ་སྟག་གིས་སྤངས་ལྗོངས་སྲེག་པའི་ཁེ་ཉེན་འབྱུང་སླ་བས། དེ་མ་ཐག་ཏུ་སློབ་གྲྭ་རང་གི་འདས་པའི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་དང་གོ་རིམ་རེ་རེར་ཕྱིར་བལྟ་དང་། ད་ལྟའི་སློབ་གསོ་སློབ་ཁྲིད་ཀྱི་གོ་རིམ་རེ་རེར་སྤྱི་བསྡོམས་དབྱེ་ཞིབ་ཀྱི་ཁྲོད་ནས་དྲིས་ལན་རྙེད་དགོས་པར་མ་ཟད། མིའི་རིགས་བླ་སྲོག་གི་བཟོ་བཀོད་པར་གྱུར་པའི་དགེ་རྒན་དང་བཟོ་བཀོད་སྣེ་ཁྲིད་པ། དོ་དམ་པ་སུ་ཡིན་ཡང་། པཎ་ཆེན་མཆོག་གི་སློབ་གསོའི་ཕྱག་བྲིས་འདིའི་དགོངས་སྙིང་ཟབ་མོ་འདི་དག་ལག་ལེན་དུ་འདེབས་ཤེས་མིན་དང་ནུས་མིན་གྱིས་སློབ་གྲྭ་ཞིག་དང་ཡུལ་ཁམས་ཤིག་གི་སློབ་གསོ་རྒྱལ་ཕམ་ཐག་བཅད་དང་གཅོད་བཞིན་ཡོད་པ་རེད།

མཇུག་སྡུད་པ།

ཁ་བཤད་དོན་ལ་གནས་རྒྱུ་ནི་པཎ་ཆེན་མཆོག་གི་གཤིས་ཀ་དང་། དོན་ལ་འབྲས་བུ་སྨིན་རྒྱུ་ནི་ཨེར་ཏི་ནིའི་མཛད་སྤྱོད་ཡིན་པར་མ་ཟད། སྔོན་ཐོན་ལ་མིག་དཔེ་བལྟ་བའི་ཁྲོད་ནས་མཐོ་སྒང་རང་ལ་འཚམ་པའི་ཐབས་ལམ་གསར་པ་ཞིག་འཚོལ་སྙེག་བྱེད་རྒྱུ་ནི་ཆོས་ཀྱི་རྒྱལ་མཚན་ཁོང་གི་རྣམ་ཐར་ཡིན་པས། ཤེས་རབ་ཀྱི་རལ་གྲི་དང་བརྩེ་ཆེན་གྱི་ལྕགས་ཀྱུ། རྩལ་ནུས་ཀྱི་རྡོ་རྗེའི་ངོ་བོ་དུས་རབས་ཀྱི་མི་ཆེན་དུ་གྱུར་པ་ཁྱེད་ཀྱི་སྐུའི་ཞལ་སྐྱིན་ཕྱག་བྲིས་ཀྱི་ཡིག་གཟུགས་འདི་མཐོང་ཐེངས་རེ་དང་གསུང་གི་སྒྲ་གདངས་ཐོས་ཐེངས་རེ་རེ། ཐུགས་ཀྱི་བརྩེ་ཆེན་རྡོལ་ཐེངས་རེ་རེ་ནི། རང་ཅག་ལ་དུང་ཞེན་གྱི་མིག་ཆུ་བཞུར་ཐེངས་རེ་རེ་དང་སློབ་གསོར་སྤོབས་པ་དང་ཡིད་ཆེས་རྒྱས་ཐེངས་རེ་རེར་གྱུར་པས། ངེད་ཅག་གི་མི་རབས་འདིར་ཕལ་ཆེར་གང་གི་ཞལ་མཐོང་གསུང་ཐོས་དང་། བློ་སྤོབས་རྒྱས་ཐེངས་ལྔ་དྲུག་ཙམ་གྱི་གོ་སྐབས་ཤར་བའི་བག་ཆགས་དང་འབྲེལ་ན། ཕྱག་བྲིས་འདིར་ད་དུང་གསལ་བཤད་བྱེད་རྒྱུ་གང་མང་ཞིག་ཡོད་མོད། ཐེངས་འདིར་སློབ་གསོའི་གྲོགས་མཆོག་དག་གི་སྐུལ་ངོ་མ་ལྡོག་ཙམ་ཞིག་གུས་པས་ཕུལ་བ་ཡིན་ནོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།