རྒྱ་བོད་ཡིག་སྒྱུར་ལས་སྒོ་བྱང་ཡི་གེའི་སྒྱུར་སྟངས་སྐོར་རོབ་ཙམ་གླེང་བ།

[ནང་དོན་གནད་བསྡུས།] འདིར་ཡིག་སྒྱུར་སྐབས་དོ་སྣང་བྱ་དགོས་པའི་དོན་གནད་གསུམ་དང་བྱེ་བྲག་གི་ཡིག་སྒྱུར་བྱེད་སྟངས་བཅུ་གཉིས་ནས་བརྩམས་ཏེ་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་ཡི་གེའི་རྒྱ་བོད་ཡིག་སྒྱུར་བྱེད་སྟངས་སྐོར་རོབ་ཙམ་གླེང་ཡོད། 

[གནད་ཚིག]   སྒོ་བྱང་། ཡིག་སྒྱུར། སྒྱུར་སྟངས།

སྒོ་བྱང་ཡི་གེ་ཡང་སྣ་ཚོགས་ཚོགས་ཤིག་ཡོད་མོད་འདིར་བཤད་པའི་སྒོ་བྱང་ཡི་གེ་ནི་སྲིད་འཛིན་དང་ཁེ་དོན་ལས་སྡེ་ཁག་སོགས་ལས་ཁུངས་ཁག་གི་སྒོ་བྱང་ཡི་གེ་མ་ཡིན་པར། འགྲོ་མིའི་འཚོ་བར་ཞབས་ཞུ་སྟབས་བདེ་བཟོ་ཞིང་ཁེ་ཕན་དོན་དུ་གཉེར་བའི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་ཡི་གེར་གོ་སྟེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཚོང་ཁང་དང་ཟ་ཁང་སོགས་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མིའི་དང་བ་འདྲེན་ཆེད་དུ་བཅོས་པའི་སྒོ་བྱང་ཡི་གེ་ཡང་འདྲ་མིན་སྣ་ཚོགས་ཤིག་འདུག་པས། སྤྱིར་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་དང་། སྒོས་མི་རིགས་ས་ཁུལ་དུ་སྒོ་བྱང་ཡི་གེའི་སྐད་གཉིས་ཡིག་སྒྱུར་བྱ་བ་ནི་ཚོང་བདག་དང་འཛད་སྤྱོད་མཁན་ཕྱོགས་གཉིས་ཀའི་ཐད་ཀའི་ཁེ་ཕན་དང་འབྲེལ་བ་ཁོ་ན་ཙམ་མིན་པར། ས་ཁུལ་གང་དེའི་དཔལ་འབྱོར་གོང་སྤེལ་དང་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཡར་སྐུལ་དང་ཡང་དམ་དུ་འབྲེལ་བའི་དོན་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད། འོན་ཀྱང་། མིག་སྔར་རྒྱ་བོད་ཡིག་སྒྱུར་ཐད་ནས་འདིའི་སྐོར་གྱི་ཆེད་རྩོམ་མམ་དེ་དང་འབྲེལ་ཡོད་ཀྱི་དཔྱད་གཞི་ཅི་ཡང་མེད་ལ། ས་གནས་སོ་སོ་དང་ཚོང་བདག་སོ་སོས་གང་འདོད་དུ་བསྒྱུར་ཅིང་བྲིས་པས་གོ་བརྡ་ཡང་འཕྲོད་དཀའ་བར་ཉོག་ཅིང་འཁྲུག་བཞིན་འདུག་ན། འདིར་ཤེས་ལྡན་དག་ལ་དྲན་སྐུལ་དང་གཅིག་གྱུར་ཚད་ལྡན་གྱི་སྒྱུར་ཐབས་ཤིག་འབྱུང་རེའི་ཀུན་སློང་གིས་རང་གི་འདོད་ཚུལ་ཙམ་བརྗོད་ན། 

དང་པོ།  སྒོ་བྱང་ཡི་གེ་སྒྱུར་སྐབས་དོ་སྣང་བྱ་དགོས་པའི་དོན་གནད་འགའ། 

སྒོ་བྱང་ཡི་གེ་འབྲི་བའི་ཐད་ཀའི་དགོས་པ་ནི་ཚོང་ཁང་དང་ཟ་ཁང་སོགས་གང་དེའི་བྱེད་ལས་དང་དགེ་མཚན་ནམ་ཁྱད་ཆོས་གསལ་བཤད་བྱ་རྒྱུ་དང་། དེ་ལྟའི་གསལ་བཤད་ལ་བརྟེན་ནས་མི་རྣམས་རང་གི་གནས་ཁང་དུ་བཀུགས་ཏེ་འཛད་སྤྱོད་བྱེད་དུ་འཇུག་རྒྱུ་དེ་ཡིན་པས་ན། སྒོ་བྱང་ཡི་གེ་ནི་ཐད་ཀར་དུ་ཚོང་བདག་གི་དཔལ་འབྱོར་ཡོང་སྒོ་འཕེལ་འགྲིབ་འབྱུང་བྱེད་དང་འཛད་སྤྱོད་པའི་རེ་འདོད་སྐོང་ཐུབ་མིན་མཚོན་བྱེད་ཀྱི་ཐོག་མའི་རྒྱུར་གྱུར་པ་མ་ཟད། དེ་ལས་འཕྲོས་པའི་ས་གནས་དཔལ་འབྱོར་ཡར་སྐུལ་སོགས་ཀྱི་སྤྱི་ཚོགས་ལས་སྒོ་གང་མང་གོང་སྤེལ་གྱི་བརྒྱུད་རྒྱུར་ཡང་འགྱུར་ལ། ལྷག་དོན་སྒོ་བྱང་ཡི་གེ་ཡིག་རིགས་གཞན་ཞིག་ཏུ་བསྒྱུར་ཏེ་འབྲི་རྒྱུ་ནི་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་བརྗེ་རེས་དང་དེ་ལས་འཕྲོས་པའི་མི་རིགས་ས་ཁོངས་དར་རྒྱས་གོང་འཕེལ་སོགས་ཀྱི་ལས་སྣ་མང་པོར་ཡང་འབྲེལ་ཚུལ་གོང་དུ་སོང་བ་ལྟར་ལགས་ན། སྒོ་བྱང་ཡི་གེ་ནི་ཚོང་ཁང་དང་ཟ་ཁང་སོགས་གང་དེའི་རྟགས་མཚན་ལྟ་བུ་དང་ཁྱད་ཆོས་དང་རིགས་དབྱེ་མཚོན་བྱེད་ཀྱི་བརྙན་གཟུགས་ལྟ་བུར་འགྱུར་དགོས་ཤིང་། དེར་བལྟས་མ་ཐག་དེ་གར་ཅི་ཞིག་བྱེད་ཀྱིན་པ་དང་ཇི་འདྲའི་དགོས་མཁོ་སྐོང་བཞིན་ཡོད་པ་གསལ་སྟོན་བྱེད་དགོས་ཕྱིར། ངེས་པར་དུ་གཤམ་གྱི་ཕྱོགས་འགའ་ནས་དེའི་ཡིག་སྒྱུར་བྱེད་སྟངས་ལ་བསམ་བློ་གཏོང་དགོས་པར་འདོད་དེ། 

1. གོ་བདེ་ཞིང་འཛིན་སླ་ལ། གནད་དུ་འཁེལ་བའི་ཁྱད་ནུས་ལྡན་དགོས་པ། 

དེ་ཡང་སྤྱིར་མིའི་མིང་དང་མི་རིགས་རང་གི་སྐད་དུ་ད་དུང་ངེས་གཏན་གྱི་མིང་གྲུབ་མེད་པའི་ས་མིང་དང་ཆུ་མིང་། ཚོང་རྫས་དང་ཚོང་རྟགས་ཀྱི་མིང་སོགས་ནི་མ་ཡིག་གང་དེའི་སྒྲ་རང་སོར་འཇོག་དགོས་ཤིང་། དེའི་འཕྲོས་ཀྱི་མིང་བརྡ་གཞན་རྣམས་མ་ཡིག་གི་བརྡ་དོན་ལ་དཔགས་ཏེ་གང་ནུས་ཅི་ཐུབ་ཀྱིས་མི་རིགས་རང་གི་སྐད་ཆའི་ཤོད་སྲོལ་དང་མཐུན་པར་དོན་སྒྱུར་དང་ཐད་སྒྱུར་རམ། ཐད་ལོག་སྒྱུར་བའམ། ཡང་ན་སྣོན་སྒྱུར་འཕྲི་སྒྱུར་གང་རུང་ངམ། གཞན་ཡང་དེ་དག་གང་བདེར་མཉམ་བསྲེས་ཀྱིས་བསྒྱུར་ཏེ་དོན་གོ་སླ་ཞིང་གནད་དུ་འཁེལ་ལ། ཡིད་ལ་འཛིན་བདེ་བ་ཞིག་བྱ་ཐུབ་ན་ཤིན་ཏུ་ལེགས་ཏེ། དཔེར་ན། སྒོ་བྱང་ཡི་གེ玉峰火锅美食城 ལྟ་བུར་མཚོན་ན། དེའི玉 峰ཞེས་པ་ནི་ཟ་ཁང་དེའི་སྦྱིན་བདག་གི་མིང་ཡིན་པས་སྒྲ་སྒྱུར་བྱས་ན་ལེགས་ཤིང་། 火锅ནི་རང་རེའི་རྟ་ཐོག་བ་མར་འབོད་པ་དེ་དང་ཆ་འདྲ་བས་མེ་ཐབ་ཅེས་ཐད་སྒྱུར་མ་བྱས་ཤིང་རྒྱ་ཁོག་དང་ཚ་ཁོག་ལྟ་བུར་དོན་སྒྱུར་གྱིས་མིང་གསར་པའང་མ་བཏགས་པར་རྟ་ཐབ་ཅེས་བསྒྱུར་ན་གོ་བདེ་ཞིང་དོན་ལ་གནས་པ་དང་། 城ནི་ཟ་མ་ཞིམ་པོ་གཡོས་སྦྱོར་བྱེད་སའི་གནས་ལ་གོ་བས་ཟས་མཆོག་གླིང་ཞེས་བསྒྱུར་ན་བརྗོད་བདེ་ཞིང་དོན་ཀྱང་གསལ་པོར་ཐོན་ཡོད་པ་རེད། འོན་ཀྱང་དྲིལ་ན་ཡུས་ཧྥུན་རྟ་ཐབ་ཟས་མཆོག་གླིང་ཞེས་འབབ་པས། ཁ་ལ་མི་བདེ་ཞིང་བསྐྱར་ཟློས་ཅན་དུ་གྱུར་ནས་དོན་ཀྱང་བལྟས་མ་ཐག་ཏུ་གསལ་པོར་ཡོང་བ་ཞིག་མེད་པས། 美食城ཞེས་པའི་ཚིག་ལས་གནས་དེར་རྟ་ཐབ་འདྲ་མིན་མང་དུ་བཟའ་རྒྱུ་ཡོད་པར་དཔགས་ནས་ཡུས་ཧྥུན་རྟ་ཐབ་འདོད་རྒུའི་གླིང་ཞེས་པའམ།  ཡང་ན 城 ཞེས་པའི་བརྡས་གནས་དེ་ཟ་ཁང་ཆུང་ཆུང་ཞིག་མིན་པར་སྟོན་ཅིང་། དེར་བྲོ་བ་སྣ་ཚོགས་པའི་རྟ་ཐབ་འདྲ་མིན་མང་པོ་གང་འདོད་དུ་བཟའ་རྒྱུ་ཡོད་པའང་གོ་བར་བྱེད་པར་དཔགས་ཏེ་ཡུས་ཧྥུན་རྟ་ཐབ་གླིང་ཞེས་བསྒྱུར་ན་གོ་སླ་ ཞིང་འཛིན་བདེ་ལ་གནད་དུ་འཁེལ་འདུག  དེ་བཞིན་དུ乔丹体育 ལྟ་བུ་ལ་མཚོན་ན་ཆོ་ཏན་རྟགས་ཅན་གྱི་རྩལ་སྦྱང་ལྭ་བ་ཞེས་པའི་དོན་ཡིན་ཀྱང་། དེ་ལྟར་བྲིས་ན་མང་དྲགས་ནས་ཡིད་ལ་འཛིན་མི་བདེ་ཞིང་ཐད་ཀར་དུ་ཆོ་ཏན་རྩལ་སྦྱང་ཞེས་བསྒྱུར་ན་ཅི་ཡིན་གྱི་ཧ་མི་གོ་བས། ཆོ་ཏན་རྩལ་སྦྱང་ལྭ་བ་ཆེད་འཚོང་ཁང་ཞེས་སྣོན་སྒྱུར་བྱས་ཚེ་ཚང་མས་གོ་བདེ་ཞིང་འཛིན་སླ་ལ། གནད་དུ་འཁེལ་བར་འདུག  གཞན精彩影碟出租ཞེས་པ་ལྟ་བུར་མཚོན་ན་ངོ་མཚར་བརྙན་འཁོར་གླ་གཏོང་ཁང་ངམ་ཡིད་འགུག་བརྙན་འཁོར་གླ་གཏོང་ཁང་ཞེས་བསྒྱུར་ན་སྒོ་བྱང་ཡི་གེར་བལྟས་མ་ཐག་དོན་གསལ་ལེར་མི་འགྲོ་ཞིང་། རྒྱ་ཡིག་གི精彩ཞེས་པ་ངོ་མཚར་ཆེ་བ་དང་ཡིད་དབང་འགུགས་པའི་བརྡ་དོན་ཅན་གང་དེ་ཇི་བཞིན་དུ་མ་བསྒྱུར་ནའང་བརྙན་འཁོར་གླ་གཏོང་ཁང་ཞིག་ཡིན་པའི་དོན་མི་འཁྲུལ་བར་མ་ཟད། དེང་གི་དུས་ལ་དྲ་རྒྱ་དང་འོད་འདྲེན་རྒྱུས་སྐུད་སོགས་ལ་བརྟེན་ནས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སྣ་ཚོགས་ལ་གང་འདོད་དུ་བལྟས་ཆོག་རྐྱེན། ཐད་ཀར་དུ་བརྙན་འཁོར་གླ་གཏོང་ཁང་ལ་སོང་ནས་བརྙན་འཁོར་གླ་གཏོང་བྱེད་མཁན་ཆེས་ཉུང་ཞིང་ལས་རིགས་འདི་གཉེར་མཁན་ཡང་སྲིད་པ་ཙམ་དུ་གྱུར་ནས་གཞན་དང་འཁྲུལ་ཉེན་ཆེར་མེད་པས། 精彩ཞེས་པའི་བརྡ་དོན་མ་བསྒྱུར་བར་ཐད་ཀར་དུ་བརྙན་འཁོར་གླ་གཏོང་ཁང་ཞེས་འཕྲི་སྒྱུར་བྱས་ན་ཡང་གོ་བདེ་འཛིན་སླ་ཡོང་བ་ལྟ་བུ་སྟེ། གང་ལ་གང་འཚམ་གྱིས་མ་ཡིག་གི་བརྡ་དོན་དང་མི་འགལ་བར་གོ་སླ་འཛིན་བདེ་དང་གནད་དུ་འཁེལ་བར་བསྒྱུར་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ། 

2.  བྱེད་ལས་སམ་ཁྱད་ཆོས་ལ་དམིགས་དགོས་པ། 

སྒོ་བྱང་ཡི་གེའི་མ་ཡིག་ཁོ་ནར་བསམ་བློ་བཏང་ནས་བསྒྱུར་ན་ཐད་ཀར་དུ་གོ་མི་ཐུབ་པའམ་གོ་བ་ལོག་པར་འགྲོ་བའི་སྐྱོན་ཀྱང་མང་དུ་འབྱུང་སྲིད་པས། ཚོང་ཁང་དང་ཟ་ཁང་སོགས་གང་དེའི་བྱེད་ལས་སམ་ཁྱད་ཆོས་ལ་དམིགས་ནས་ཡིག་སྒྱུར་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་དོན་གནད་ཞིག་ཏུ་འདུག་སྟེ། དཔེར་ན། སྐྲ་གཞར་ཁང་ཞིག་གི་སྒོ་བྱང་ཡི་གེར时尚•主流ཞེས་བྲིས་ཡོད་དུས་དུས་སྲོལ་དང་གཙོ་རྒྱུག་ཅེས་ཐད་སྒྱུར་བྱས་ཚེ་བལྟས་མ་ཐག་སྐྲ་གཞར་ཁང་དེ་དོན་དམ་དུ་སྐྲ་གཞར་ཁང་ངམ་ཟ་ཁང་། གྱོན་ཆས་ཚོང་ཁང་སོགས་གང་ཡིན་གསལ་པོར་ངེས་མི་ཐུབ་ཅིང་དེའི་ནང་ལས་ཇི་འདྲ་བྱེད་ཀྱིན་ཡོད་ལུགས་ཤེས་དཀའ་བས། སྐྲ་གཞར་ཁང་དེའི་བྱེད་ལས་ལ་གཞིགས་ཏེ་དུས་སྲོལ་སྐྲ་གཞར་ཁང་ཞེས་སྣོན་འཕྲི་གཉིས་འདུས་ཀྱིས་བསྒྱུར་ན་བལྟས་མ་ཐག་ཏུ་དེ་ནི་སྐྲ་གཞར་ཁང་ཡག་ཤོས་ཤིག་ཡིན་པའི་ངེས་ཤེས་བསྐྱེད་སྲིད་ལ། ཡང་གྱོན་ཆས་ཚོང་ཁང་ཞིག་གི་སྒོ་བྱང་ཡི་གེར心随衣动ཞེས་བྲིས་ཡོད་དུས། དེར་ཡིད་ཀྱི་དབང་པོ་གྱོན་པས་བཀུག་འགྲོ་བའི་བརྡ་དོན་ཡོད་ཀྱང་དེ་འདྲར་ཐད་སྒྱུར་བྱས་ཚེ་སྒོ་བྱང་ཡི་གེས་བསྟན་པའི་ཚོང་ཁང་གང་དེའི་ཁྱད་ཆོས་གསལ་པོར་མི་ཡོང་བས། ཚོང་ཁང་གང་དེའི་བྱེད་ལས་དང་ཁྱད་ཆོས་ལ་གཞིགས་ཏེ་ཡིད་འཕྲོག་གྱོན་ཆས་ཚོང་ཁང་ཞེས་བསྒྱུར་ཚེ་ཚོང་ཁང་དེ་ནི་གྱོན་ཆས་བཙོང་ས་ཞིག་ཡིན་པ་དང་དེའི་ནང་གི་གྱོན་ཆས་མཐའ་དག་ཀྱང་ཡིད་དབང་འཕྲོག་པར་བྱེད་པའི་གྱོན་གོས་རྐྱང་རྐྱང་ཡིན་པའི་ངེས་ཤེས་འདྲོང་ནུས། དེ་བཞིན་དྲ་ཁང་ཞིག་གི་སྒོ་བྱང་སྟེང传奇网络会所 ཞེས་བྲིས་ཡོད་དུས། དེའི་དོན་ཐད་སྒྱུར་བྱས་ན་དེར་ངོ་མཚར་དྲ་རྒྱའི་འདུ་གནས་སམ་ངོ་མཚར་དྲ་རྒྱའི་འཇུག་གནས་སོགས་ཀྱི་དོན་ཡོད་ཀྱང་། དེ་དྲ་ཁང་ཞིག་ཡིན་པ་མ་ཤེས་གོང་དང་ལྷག་པར་དུ་རིག་གནས་ཀྱི་བྱང་ཚད་དམའ་བའི་གཞི་རིམ་མང་ཚོགས་ཤིག་ལ་ཆ་མཚོན་ན། དེ་ནི་ཆེད་དུ་དྲ་རྒྱའི་སྟེང་ནས་འདུ་འཛོམས་བྱེད་ས་ཞིག་གམ་དྲར་འཇུག་པ་རྣམས་འདུ་ཚོགས་བྱེད་སའི་ཁང་པ་ཞིག་ཡིན་པ་སོགས་ཀྱི་བརྡ་དོན་གཞན་དང་ཡང་འཁྲུལ་ཉེན་ཆེ་བས། གནས་ཁང་གང་དེའི་བྱེད་ལས་ལ་གཞིགས་ཏེ་ངོ་མཚར་དྲ་ཁང་ཞེས་བསྒྱུར་ན་ཚིག་རིས་ཀྱི་ངོས་གཙང་ཞིང་བལྟས་མ་ཐག་དེ་ནི་དྲ་བར་རོལ་འཇུག་བྱ་སའི་དྲ་ཁང་ཞིག་ཡིན་པའི་ངེས་ཤེས་གསལ་པོར་སྟེར་ཐུབ་པ་ལྟ་བུ་སྟེ། མ་ཡིག་གི་བརྡ་དོན་ཁོ་ནར་མ་བལྟས་པར་གནས་ཁང་གང་དེའི་བྱེད་ལས་དང་ཁྱད་ཆོས་ལ་གཞིགས་ནས་གོ་སླ་འཛིན་བདེ་དང་གནད་དུ་འཁེལ་བར་བསྒྱུར་རྒྱུ་ཡང་ཤིན་ཏུ་གལ་ཆེ་སྙམ། 

3.ཚིག་སྣ་ཐུང་ཞིང་རན་པ་ཡིན་དགོས་པ། 

སྤྱིར་སྒོ་བྱང་ཡོད་ཚད་ཅུང་ཆུང་ཆུང་ཅན་ཡིན་པས། ཡི་གེ་མང་དྲགས་ན་སྒོ་བྱང་སྟེང་ཤོང་དཀའ་བ་བཞིན་སྒྱུར་ཡིག་ཀྱང་ཚིག་སྣ་རིང་ཞིང་ཉོག་དྲགས་ན་སྒོ་བྱང་སྟེང་ཤོང་དཀའ་ཞིང་ལྟ་མཁན་གྱི་ཡིད་ལ་འཛིན་མི་ཐུབ་པར་མ་ཟད། ཀློག་པ་པོར་སུན་སྣང་ཡང་སྟེར་བས་ཚིག་སྣ་ཐུང་ཞིང་རན་པའི་ཁྱད་ཆོས་ལྡན་ན་ཤིན་ཏུ་ལེགས་ཏེ། དེ་ལྟར་ན་སྒོ་བྱང་ཡི་གེའི་ངོས་གཙང་ཞིང་བརྗོད་བདེ་བས་མི་རྣམས་ཀྱི་དང་བ་འདྲེན་སླ་བ་ཡིན།  དཔེར་ན། 劲霸男装 ལྟ་བུར་མཚོན་ན། སྐྱེས་པའི་གྱོན་གོས་ཅིན་པཱ་རྟགས་ཅན་ཞེས་བསྒྱུར་ཚེ་ནང་དོན་གྱི་ཆ་ནས་ཇི་མ་ཇི་བཞིན་དུ་ཐོན་འདུག་ཅིང་གོ་ཡང་བདེ་མོད། ཚིག་སྣ་རིང་དྲགས་ནས་སྒོ་བྱང་སྟེང་ཤོང་དཀའ་བས། ཅིན་པཱ་ཕོ་ལྭ་ཞེས་བསྒྱུར་ན་མ་ཡིག་གི་ཉམས་ཐོན་འདུག་པར་མ་ཟད། ཡིག་ཚོགས་ཉུང་ཞིང་དོན་འདུ་ལ་གནད་དུ་འཁེལ་འདུག  དེ་བཞིན同仁辉萍砂锅店ལྟ་བུར་མཚོན་ན། མ་ཡིག་ཇི་བཞིན་ལྟར་ན་རེབ་གོང་ཧུའེ་ཕིན་རྫ་ཁོག་ཟ་ཁང་ཞེས་བསྒྱུར་དགོས་མོད། དེ་ལྟར་བསྒྱུར་ཚེ་ཡིག་ཚོགས་མང་ཞིང་ཚིག་སྣ་རིང་དྲགས་པར་མ་ཟད། རྫ་ཁོག་ཟ་ཁང་དེ་ཡུལ་རེབ་གོང་རང་དུ་ཡོད་པས། 同仁ཞེས་པའི་ཡིག་འབྲུ་གཉིས་ཀྱི་དོན་མ་བསྒྱུར་བར་ཐད་ཀར་ཧུའེ་ཕིན་རྫ་ཁོག་ཟ་ཁང་ཞེས་བསྒྱུར་ན་ཡིག་ཚོགས་ཉུང་ཞིང་བརྗོད་བདེ་ལ་དོན་ལ་ཡང་འབྱོར་བར་འདུག  ཡང王海霞丰盛水果店ལྟ་བུར་མཚོན་ན། མ་ཡིག་ཇི་བཞིན་དུ་བསྒྱུར་ན་བང་ཧེ་ཞ་ལོ་ལེགས་སིལ་ཏོག་ཚོང་ཁང་ཞེས་བསྒྱུར་དགོས་མོད།  དེ་ལྟར་ན་ཡང་ཚིག་སྣ་རིང་དྲགས་ནས་ཁ་ལ་བརྗོད་མི་བདེ་བས། 王海霞ཞེས་པའི་མིའི་མིང་དེ་དོར་ནས་ལོ་ལེགས་སིལ་ཏོག་ཚོང་ཁང་ཞེས་སུ་བསྒྱུར་བའམ། 丰盛ཞེས་པའི་དོན་མ་བསྒྱུར་བར་ཐད་ཀར་སྦྱིན་བདག་གི་མིང་མགོར་བཞག་ནས་བང་ཧེ་ཞ་སིལ་ཏོག་ཚོང་ཁང་ཞེས་སུ་བསྒྱུར་ཆོག་སྟེ། སྒོ་བྱང་སྟེང་ཡི་གེ་མང་པོ་མི་ཤོང་བས་གནས་ཁང་གང་དེའི་བྱེད་ལས་སམ་མ་ཡིག་གི་བསྟན་དོན་དང་མི་འགལ་བར་གོ་སླ་འཛིན་བདེ་དང་གནད་དུ་འཁེལ་བར་བསྒྱུར་རྒྱུ་ལས་གཞན། ཚིག་སྣ་ཐུང་ཞིང་རན་པར་བསྒྱུར་རྒྱུ་ཡང་གལ་ཆེ་སྙམ། 

འོན་ཀྱང་། སྒོ་བྱང་ཅུང་ཙམ་ཆེ་ཞིང་དངོས་གཞིའི་སྒོ་བྱང་ཡི་གེས་གནས་ཁང་དེའི་བྱེད་ལས་དང་ཁྱད་ཆོས་སོགས་ཡོངས་སུ་རྫོགས་པར་སྟོན་མ་ཐུབ་ཚེ། དངོས་གཞིའི་སྒོ་བྱང་ཡི་གེའམ་སྒོ་ཡིག་ཆེ་བའི་ཟུར་འདབས་དང་གཤམ་འོག་ཏུ་བྱེ་བྲག་གི་ལས་སྒོ་གསལ་སྟོན་བྱེད་པའང་ཡོད་པས། དེ་དག་བོད་ཡིག་ཏུ་སྒྱུར་སྐབས་ཀྱང་དགོས་པ་ཆེ་ཞིང་འབྲི་ས་ཡོད་ན་དེ་ལྟར་བོད་ཡིག་ཏུ་བསྒྱུར་ནས་ཡིག་གཟུགས་ཅུང་ཆུང་བར་བྲིས་ཆོག 

གཉིས་པ། བྱེ་བྲག་གི་ཡིག་སྒྱུར་བྱེད་སྟངས། 

ང་ཚོས་སྒོ་བྱང་ཡི་གེ་རྒྱ་བོད་ཡིག་སྒྱུར་བྱེད་པར་མ་མཐའ་ཡང་གོང་གི་དོན་གནད་གསུམ་མམ་རྩ་དོན་གསུམ་པོར་ངེས་པར་དུ་མཉམ་འཇོག་བྱ་དགོས་ཤིང་། དེ་ལྟའི་རྨང་གཞིའི་སྟེང་མི་རིགས་རང་གི་སྐད་བརྡ་དང་དེའི་བརྡ་སྤྲོད་ལུགས་དང་མཐུན་པར་སྒྱུར་ཡིག་ལ་ལྟ་བ་བོ་རྣམ་པར་སྒྱུར་ཡིག་མཐོང་མ་ཐག་གནས་ཁང་གང་དེའི་བྱེད་ལས་དང་ཁྱད་ཆོས་གསལ་སྟོན་ཐུབ་པའི་སྒྱུར་ཡིག་ཅིག་ཚད་བཀག་ཅན་གྱི་སྒོ་བྱང་སྟེང་མངོན་པར་འབྲི་དགོས་པས། སྒྱུར་སྟངས་འདྲ་མིན་མང་པོ་གང་ལ་གང་འཚམ་དུ་སྤྱད་ནས་དེ་ལྟའི་བྱེད་ནུས་དང་ལྡན་པར་བྱ་དགོས་ཏེ། 

1. དོན་སྒྱུར་བྱེད་པ།

དཔེར་ན། གྱོན་ཆས་ཚོང་ཁང་ཞིག་གི་མིང་ལ衣见钟情 ཞེས་ཡོད་པ་ལྟ་བུར་མཚོན་ན། གྱོན་ཆས་དེ་དག་མཐོང་མ་ཐག་སེམས་པ་དེའི་ཐོག་ཏུ་ཤོར་འགྲོ་བའི་དོན་ཡོད་པས། དོན་དེར་དམིགས་ནས་མཐོང་སྨོན་གྱོན་ཆས་ཚོང་ཁང་ཞེས་བསྒྱུར་ན་གོ་བདེ་ཞིང་དོན་ལ་འབྱོར་པ་དང་། ཡང་སྐྲ་གཞར་ཁང་ཞིག་གི་མིང་ལ 艺手遮天ཞེས་ཡོད་དུས་སྐྲ་གཞར་ཁང་དེའི་སྐྲ་གཞར་གྱི་ལག་རྩལ་ནི་ཀུན་ལས་ཁྱད་དུ་འཕགས་པར་སྟོན་གྱིན་ཡོད་པས། དོན་དེར་བསམས་ནས་ལག་རྩལ་རྩེར་སོན་སྐྲ་གཞར་ཁང་ཞེས་བསྒྱུར་ཚེ་ཀུན་གྱིས་རྟོགས་སླ། དེ་བཞིན་དུ་སྒོ་བྱང་ཡི་གེ་གང་དེའི་དོན་གནད་ལ་དཔགས་ཏེ་ཚ་སྦྱངས་བྱ་ཤ་དང་ཕག་ཤ་བཙོང་སའི་ཟ་ཁང་ཞིག་གི་མིང་ལ御品骨里香ཞེས་ཡོད་དུས། དེར་ཟས་མཆོག་གཡོས་སྦྱོར་ཁང་ཞེས་དང་། 清心茶舍ཞེས་པར་བག་ཕེབས་ཇ་གསོལ་ཁང་། 好女人化装城ཞེས་པར་མཛངས་མའི་མཛེས་བྱད་གླིང་ཞེས་སུ་བསྒྱུར་ན་ཤིན་ཏུ་འཕྲོད་པར་འདོད་དེ། སྒོ་བྱང་ཡི་གེའི་རྒྱ་བོད་ཡིག་སྒྱུར་ཁྲོད་དོན་སྒྱུར་གྱི་སྒྱུར་སྟངས་འདིས་བསྒྱུར་རྒྱུ་ཡང་གང་མང་འདུག 

2. ཐད་སྒྱུར་བྱེད་པ། 

དཔེར་ན། 名牌烟酒专卖店ཞེས་བརྗོད་དུས་དེའི名牌 ནི་ཚོང་རྟགས་མིང་གྲགས་ཅན་དང་། 烟酒ནི་དུ་བ་དང་ཆང་། 专卖店ནི་ཆེད་འཚོང་ཁང་གི་དོན་ཡིན་པས། དུ་ཆང་མིང་གྲགས་ཅན་ཆེད་འཚོང་ཁང་ཞེས་སུ་ཐད་སྒྱུར་བྱས་ན་དོན་ལ་འབྱོར་ཞིང་གོ་བདེ་ལ། 弘达印务中心ཞེས་ཟེར་དུས་སྐབས་འདིའི 弘达 ནི་མིའི་མིང་མ་ཡིན་པར་ཚོང་ཁང་གི་བྱེད་ནུས་སམ་སྦྱིན་བདག་གིས་ཚོང་ཁང་གང་དེར་བཅོལ་བའི་སྨོན་འདུན་ཡིན་པས་དར་རྒྱས་ཞེས་ཐད་སྒྱུར་བྱ་དགོས་པ་དང་། 印务中心 ནི་པར་འདེབས་ལྟེ་གནས་སུ་བསྒྱུར་དགོས་པས། བསྡོམས་ན་དར་རྒྱས་པར་འདེབས་ལྟེ་གནས་ཞེས་སུ་ཐད་སྒྱུར་བྱས་ན་ལེགས་ཏེ། དེ་བཞིན་དུ་མིང་བརྡ་རེ་རེའི་དོན་གནད་ལ་དཔགས་ནས་ཐད་སྒྱུར་བྱ་དགོས་པ་དཔེར་ན། 永兴副食经销部ཞེས་པར་གཏན་དར་ཞོར་ཟས་བརྒྱུད་ཚོང་ཁང་ཞེས་དང་།利民粮油门市部ལ་དམངས་ཕན་འབྲུ་སྣུམ་སྒོ་བསྟེན་ཚོང་ཁང་ཞེས་དང་། 快乐饭店 ལ་དགའ་སྐྱིད་ཟ་ཁང་ཞེས་སུ་བསྒྱུར་ན་ལེགས་པ་ལྟ་བུ་སྟེ། སྒོ་བྱང་ཡིག་སྒྱུར་ཁྲོད་སྒྱུར་སྟངས་གཞན་མ་བཀོལ་བར་ཐད་ཀར་དུ་ཐད་སྒྱུར་བྱེད་དགོས་པའི་དོན་གནད་ལ་ཡང་འཕྲད་སྲིད། 

3. སྒྲ་སྒྱུར་དང་ཐད་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ། 

དཔེར་ན། 波斯顿服装专卖店ཞེས་པར་མཚོན་ན波斯顿ནི་གྱོན་ཆས་རིགས་ཤིག་གི་ཚོང་རྟགས་ཡིན་པས་པོ་སི་ཏོན་ཞེས་སྒྲ་རང་སོར་བཞག་ཆོག་ཅིང་། 服 装ནི་གྱོན་ཆས་དང་། 专卖店ནི་ཆེད་འཚོང་ཁང་གི་བརྡ་དོན་ཡིན་པས་དེ་ལྟར་ཐད་སྒྱུར་བྱེད་དགོས་ཏེ། བསྡོམས་ན་པོ་སི་ཏིན་གྱོན་ཆས་ཆེད་འཚོང་ཁང་ཞེས་དང་། 嘉欣水暖门市部ཞེས་པར་མཚོན་ན 嘉欣 ནི་མིའི་མིང་ཡིན་པས་སྒྲ་རང་སོར་འཇོག་དགོས་ཤིང་། 水暖ནི་ཆུ་དྲོད་དང་། 门市部ནི་སྒོ་སྟེན་ཚོང་ཁང་གི་དོན་ཡིན་པས་ཐད་སྒྱུར་བྱེད་དགོས་ཏེ། བསྡོམས་ན་ཅ་ཞིན་ཆུ་དྲོད་སྒོ་སྟེན་ཚོང་ཁང་ཞེས་སུ་བསྒྱུར་དགོས། དེ་བཞིན་དུ་མིའི་མིང་དང་མི་རིགས་རང་སྐད་དུ་ངེས་གཏན་གྱི་མིང་གྲུབ་མེད་པའི་ས་མིང་དང་ཆུ་མིང་། ཚོང་རྫས་ཀྱི་མིང་། ཚོང་རྟགས་ཀྱི་མིང་སོགས་སྒྲ་རང་སོར་བཞག་ཅིང་། གཞན་བྱེད་ལས་དང་ངོ་བོ། རྣམ་པ་སོགས་སྟོན་པའི་བརྡ་རྣམས་ཐད་སྒྱུར་སྒོས་སྒྲ་སྒྱུར་དང་ཐད་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་དཔེར་ན། 占国牛肉拉面ལ་ཀྲན་གོ་སྐམས་ཤའི་འཐེན་ཐུག་ཅེས་དང་། 仟喜堂大药房ལ་ཆན་ཞིས་ཐང་སྨན་རྫས་ཚོང་ཁང་ཆེན་མོ་ཞེས་དང་། 神泉干洗店ལ་ཧྲིན་ཆོན་སྐམ་བཀྲུ་ཁང་ཞེས་སུ་བསྒྱུར་དགོས་པ་ལྟ་བུར་ཕྱེད་སྔོན་མ་སྒྲ་སྒྱུར་དང་ཕྱེད་ཕྱི་མ་ཐད་སྒྱུར་བྱ་དགོས་པར་ཡང་གཅིག་མིན་ཉིས་འགྱུར་དུ་འཕྲད་སྲིད། 

4. དོན་སྒྱུར་དང་ཐད་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ། 

དཔེར་ན།一剪美理发店ཞེས་པར་མཚོན་ན一剪美 ནི་སྐྲ་གཞར་ཁང་དེས་བཞར་ཐེངས་གཅིག་གིས་སྐྲ་ལེགས་པོ་གཞར་ཐུབ་པའི་བརྡ་དོན་སྟོན་ཀྱིན་ཡོད་པས་ཐབས་རྩལ་རྫོགས་ལྡན་ཞེས་སུ་དོན་སྒྱུར་བྱས་ཆོག་ཅིང་། 理发店ནི་སྐྲ་གཞར་ཁང་ཡིན་པས་ཐད་སྒྱུར་བྱེད་དགོས་ཏེ། བསྡོམས་ན་ཐབས་རྩལ་རྫོགས་ལྡན་སྐྲ་གཞར་ཁང་ཞེས་དང་། 漂亮女人服装店ཞེས་པར་མཚོན་ན漂 亮 女 人ནི་བུད་མེད་མཛེས་མའི་དོན་ཡིན་པས་ཚིག་བསྡུས་ཏེ་མཛེས་མ་ཞེས་དོན་སྒྱུར་བྱས་ཆོག་ཅིང་། 服装店 ནི་གྱོན་ཆས་ཚོང་ཁང་ཡིན་པས་ཐད་སྒྱུར་བྱེད་དགོས་ཏེ། བསྡོམས་ན་མཛེས་མའི་གྱོན་ཆས་ཚོང་ཁང་ཞེས་སུ་བསྒྱུར་དགོས་པ་ལྟ་བུ་ཡིན། དེ་བཞིན་དུ车博士汽车装潢店ཞེས་པར་མཚོན་ན་ཕྱེད་སྔོན་མ་དོན་སྒྱུར་དང་ཕྱེད་ཕྱི་མ་ཐད་སྒྱུར་གྱིས་འཇོན་མིའི་རླངས་འཁོར་རྒྱན་སྤྲས་ཁང་ཞེས་དང་། 阳光手机广场ཞེས་པར་ཡང་ཕྱེད་སྔོན་མ་དོན་སྒྱུར་དང་ཕྱེད་ཕྱི་མ་ཐད་སྒྱུར་གྱིས་དགའ་འཕེལ་ལག་ཁྱེར་ཁ་པར་ཚོང་ཁང་ཞེས་དང་། 兴隆酒店ཞེས་པར་ཕྱེད་སྔོན་མ་ཐད་སྒྱུར་དང་ཕྱེད་ཕྱི་མ་དོན་སྒྱུར་གྱིས་དར་རྒྱས་མགྲོན་བྲང་ཞེས་སུ་བསྒྱུར་བ་ལྟ་བུ་སྟེ། ཕྱེད་སྔོན་མ་དོན་སྒྱུར་དང་ཕྱེད་ཕྱི་མ་ཐད་སྒྱུར་གྱིས་བསྒྱུར་དགོས་པའི་དོན་སྒྱུར་དང་ཐད་སྒྱུར་མཉམ་བསྲེས་ཅན་ཡོད་ལ། ཕྱེད་སྔོན་མ་ཐད་སྒྱུར་དང་ཕྱེད་ཕྱི་མ་དོན་སྒྱུར་གྱིས་ཐད་སྒྱུར་དང་དོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་ཡང་ཡོད། 

5. སྒྲ་སྒྱུར་དང་དོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ། 

དཔེར་ན། 丽 娟 时 尚 潮 流ཞེས་པར་མཚོན་ན丽娟 ནི་མིའི་མིང་ཡིན་པས་སྒྲ་རང་སོར་འཇོག་དགོས་ལ། 时尚潮流 ཞེས་པ་གྱོན་ཆས་ཚོང་ཁང་ཞིག་གི་མིང་ཡིན་པར་དཔགས་ནས་དར་སྲོལ་གྱོན་ཆས་ཚོང་ཁང་ཞེས་སུ་དོན་སྒྱུར་བྱ་དགོས་ཏེ། བསྡོམས་ན་ལིས་ཅོན་དར་སྲོལ་གྱོན་ཆས་ཚོང་ཁང་ཞེས་སྒྲ་སྒྱུར་དང་དོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་དང་། 升源石村ཞེས་པར་མཚོན་ན升源ནི་མིའི་མིང་ཡིན་པས་སྒྲ་རང་སོར་འཇོག་དགོས་ཤིང་།石村ནི་རྡོ་ཆས་མང་པོ་བཙོང་སའི་གནས་ཀྱི་དོན་ཡིན་པས་རྡོ་ཆས་ཚོང་ཁང་ཞེས་སུ་བསྒྱུར་ཆོག་སྟེ། ཕྱེད་སྔོན་མ་སྒྲ་སྒྱུར་དང་ཕྱེད་ཕྱི་མ་དོན་སྒྱུར་བྱས་པ་ཡིན། དེ་བཞིན་དུ། 四川家俬ཞེས་པའི་འབོལ་ཁྲི་དང་མལ་ཁྲི། མདུན་ཅོག་སོགས་ཁྱིམ་ཆས་བཙོང་ས་ཞིག་གི་མིང་དེ་སི་ཁྲོན་ཁྱིམ་ཆས་ཚོང་ཁང་ཞེས་དང་། 荣鹏足道ཞེས་པའི་ཞབས་ཁྲུས་ཁང་ཞིག་གི་མིང་དེ་རོང་ཕིན་ཞབས་ཁྲུས་ཁང་ཞེས་དང་། 周康补胎ཞེས་པའི་འགྱིག་འཁོར་སྦྱོར་ས་ཞིག་གི་སྒོ་བྱང་ཡི་གེ་དེ་ཀྲིག་ཁང་འགྱིག་འཁོར་སྦྱོར་ཁང་ཞེས་སུ་བསྒྱུར་ན་ཡང་ཕྱེད་སྔོན་མ་སྒྲ་སྒྱུར་དང་ཕྱེད་ཕྱི་མ་དོན་སྒྱུར་བྱས་པ་ཡིན་ཏེ། གོང་དུ་སོང་བ་བཞིན་མིའི་མིང་དང་སྒྱུར་བྱེད་མི་རིགས་རང་གི་སྐད་དུ་ངེས་གཏན་གྱི་མིང་གྲུབ་མེད་པའི་ས་མིང་དང་ཡུལ་མིང་། ཚོང་རྫས་དང་ཚོང་རྟགས་ཀྱི་མིང་སོགས་ནི་མ་ཡིག་གི་སྒྲ་རང་སོར་འཇོག་དགོས་ཤིང་། དེ་ལས་གཞན་པའི་མིང་བརྡ་དག་ནི་སོ་སོའི་བརྡ་དོན་ལ་དཔགས་ཏེ་དོན་སྒྱུར་བྱེད་དགོས་པ་མང་དུ་ཡོད། 

6.  སྒྲ་སྒྱུར་དང་ཐད་སྒྱུར། དོན་སྒྱུར་གསུམ་ག་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ། 

དཔེར་ན། 星光科技电脑医院ཞེས་པར་མཚོན་ན星光ནི་མིའི་མིང་ཡིན་པས་ཞིན་ཀོང་ཞེས་སྒྲ་སྒྱུར་དང་། 科技 ནི་ཚན་རྩལ་གྱི་དོན་ཡིན་པས་ཚན་རྩལ་ཞེས་ཐད་སྒྱུར་དང་། 电脑医院ཞེས་པ་གློག་ཀླད་ཞིག་གསོ་བྱེད་སའི་གནས་ཀྱི་དོན་ཡིན་པས་གློག་ཀླད་ཞིག་གསོ་ཁང་ཞེས་དོན་སྒྱུར་བྱེད་དགོས་ཏེ། བསྡོམས་ན་ཞིན་ཀོང་ཚན་རྩལ་གློག་ཀླད་ཞིག་གསོ་ཁང་ཞེས་དང་། 云南平价茶行ཞེས་པ་ལྟ་བུར་མཚོན་云南ནི་ས་མིང་ཡིན་པས་ཡུན་ནན་ཞེས་སྒྲ་སྒྱུར་བྱེད་དགོས་པ་དང་། 平价ནི་རིན་གོང་བདེ་མོའ་ིདོན་ཡིན་པས་གོང་བདེ་ཞེས་ཐད་སྒྱུར་དང་། 茶行ནི་ཇ་ལོ་བཙོང་སའི་གནས་ལ་གོ་བས་ཇ་ལོ་ཚོང་ཁང་ཞེས་དོན་སྒྱུར་བྱ་དགོས་ཏེ། བསྡོམས་ན་ཡུན་ནན་གོང་བདེ་ཇ་ལོ་ཚོང་ཁང་ཞེས་སུ་བསྒྱུར་དགོས་པ་ལྟ་བུ་དང་། དེ་བཞིན富煜乳胶漆涂材门市部 ལ་ཧྥུའུ་ཡུས་སྤྱིན་དཀར་བྱུག་རྩི་སྒོ་བསྟེན་ཚོང་ཁང་ཞེས་བསྒྱུར་ཆོག་ཅིང་། 正平家家乐副食店ལ་ཀྲིན་ཕིན་ཀུན་དགའ་ཞོར་ཟས་ཚོང་ཁང་ཞེས་བསྒྱུར་ཆོག་སྟེ། མིང་སྔོན་མ་སྒྲ་སྒྱུར་དང་བར་མ་དོན་སྒྱུར། ཕྱི་མ་ཐད་སྒྱུར་བྱས་པ་ལྟ་བུ་དང་། ཡང 小王利民超市ལ་ཞའོ་བང་དམངས་ཕན་སྒོ་རྩིས་ཚོང་ཁང་ཞེས་མིང་སྔོན་མ་སྒྲ་སྒྱུར་དང་བར་མ་ཐད་སྒྱུར། ཕྱི་མ་དོན་སྒྱུར་བྱ་དགོས་པ་ལྟ་བུའང་ཡོད་དེ། སྒྲ་སྒྱུར་དང་ཐད་སྒྱུར། དོན་སྒྱུར་གསུམ་ག་མཉམ་བསྲེས་ཀྱིས་བསྒྱུར་དགོས་པའང་གང་མང་འདུག 

གཞན་ཡང་། སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར་དང་བཅས་པ་དང་སྣོན་སྒྱུར་འཕྲི་སྒྱུར་གང་རུང་མཉམ་བསྲེས་ཀྱིས་བསྒྱུར་རྒྱུ་ཡང་ཤིན་ཏུ་མང་སྟེ། དཔེར་ན། 名博建筑图文室ཞེས་པའི་ཡིག་གཏགས་དང་ཡི་གེ་བསྐྱར་དཔར། དཔེ་རིས་ཇུས་འགོད་སོགས་ཀྱི་ལས་ཀ་གཉེར་བའི་ཚོང་ཁང་ཞིག་གི་སྒོ་བྱང་ཡི་གེ་དེ་བཟོ་སྐྲུན་གྲགས་ཅན་དཔེ་རིས་ལས་སྒྲུབ་ཁང་ཞེས་དང་། 万通水暖ཞེས་པའི་དྲོད་རླངས་ཀྱི་སྦུ་གུ་སོགས་བཙོང་སའི་ཚོང་ཁང་ཞིག་གི་མིང་ལ་ཀུན་འཕྲོད་དྲོད་སྦུག་སྒོ་བསྟེན་ཚོང་ཁང་ཞེས་སུ་བསྒྱུར་བ་ལྟ་བུར་ཐད་སྒྱུར་དང་སྣོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་དང་། ཡང嘉陵专卖店ཞེས་པར་ཁ་གསལ་གོ་བདེའི་ཕྱིར་ཅཱ་ལིན་ཆེད་ཚོང་ཁང་ཞེས་མ་ཡིག་ཇི་བཞིན་ཐད་སྒྱུར་མ་བྱས་པར་ཅཱ་ལིན་འཕྲུལ་རྟ་ཆེད་ཚོང་ཁང་ཞེས་ཁ་སྣོན་བྱས་ནས་བསྒྱུར་དགོས་པ་དང་། 苏泊尔电器ཞེས་པར་སུའུ་པོ་ཨར་གློག་ཆས་ཚོང་ཁང་ཞེས་ཚོང་ཁང་ཞེས་པའི་ཡིག་འབྲུ་གཉིས་ཁ་བསྣན་ནས་བསྒྱུར་དགོས་པ་ལྟ་བུར་སྒྲ་སྒྱུར་དང་ཐད་སྒྱུར། སྣོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་དང་། 鼎盛牛肉面(清真)ཞེས་པར清 真ཞེས་ཟ་ཁང་གང་དེ་ནི་མུ་སི་ལིན་ཆོས་དད་པས་ཕྱེས་པ་ཡིན་པའི་རྟགས་མཚན་ཡོད་པས་ཏིན་ཧྲིན་མུ་སི་ལིན་སྐམས་ཤའི་ཐུག་པ་ཟ་ཁང་ཞེས་བསྣན་ནས་དོན་བསྒྱུར་བྱས་པ་དང་། 贤林中医ཞེས་པའི་སྒོ་སྟེན་སྨན་ཁང་དེའི་མིང་ཁ་གསལ་པོ་ཡོང་ཆེད་ཞན་ལིན་རྒྱ་ལུགས་གསོ་རིག་སྒོ་སྟེན་སྨན་ཁང་ཞེས་སུ་བསྣན་ནས་དོན་སྒྱུར་བྱས་པ་ལྟ་བུར་སྒྲ་སྒྱུར་དང་དོན་སྒྱུར། སྣོན་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་ཡོད་པར་མ་ཟད། ད་དུང་དཔེར་ན། 精修汽车电路ཞེས་པར་རླངས་འཁོར་གློག་ལམ་ཞིག་གསོ་ཞེས་བསྒྱུར་ཚེ་གོ་དོན་ལེགས་པར་ཐོན་ཅིང་ཡིད་ལའང་འཛིན་བདེ་བས精 修གི་དོན་ཞིག་གསོ་ལེགས་པོའི་བརྡ་དོན་ཇི་བཞིན་དུ་མ་བསྒྱུར་བ་དང་། 同仁王平通讯店ཞེས་པར་མཚོན་ན་འཕྲིན་གཏོང་ཁང་དེ་རེབ་གོང་ས་ཆར་ཡོད་པས་རེབ་གོང་བང་ཕིན་འཕྲིན་གཏོང་ཁང་ཞེས་ཇི་བཞིན་དུ་བསྒྱུར་བའི་དགོས་པ་མེད་དེ། ཡིད་ལ་འཛིན་སླ་ཕྱིར་བང་ཕིན་འཕྲིན་གཏོང་ཁང་ཞེས་བསྒྱུར་བ་ལྟ་བུར་ཐད་སྒྱུར་དང་འཕྲི་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་དང་། ཡང史义德振兴烟酒超市ཞེས་པར་ཧྲི་དབྱི་ཏིག་དར་རྒྱས་དུད་ཆང་སྒོ་རྩིས་ཚོང་ཁང་ཞེས་བསྒྱུར་ན་ཡི་གེ་མང་དྲགས་ནས་ཡིད་ལ་འཛིན་མི་བདེ་ཞིང་ཉོག་པར་འགྱུར་བས། གོ་སླ་འཛིན་བདེའི་ཆེད་དར་རྒྱས་དུད་ཆང་སྒོ་རྩིས་ཚོང་ཁང་ཞེས་དང་། 张勇平价百货店ཞེས་པར་ཀྲང་ཡུང་གོང་བདེ་སྣ་འཛོམས་ཚོང་ཁང་ཞེས་ཇི་བཞིན་བསྒྱུར་ན་ཡི་གེ་མང་དྲགས་པས། གོ་བདེ་འཛིན་བདེའི་ཕྱིར་དུ་གོང་བདེ་སྣ་འཛོམས་ཚོང་ཁང་ཞེས་སུ་བསྒྱུར་དགོས་པ་ལྟ་བུར་ཐད་སྒྱུར་དང་དོན་སྒྱུར་སྒོས་མིའི་མིང་མ་བསྒྱུར་བའི་འཕྲི་སྒྱུར་གྱི་རྣམ་པ་ཅན་དུ་བསྒྱུར་དགོས་པ་ཅན་དང་། 开宝整体橱具ཞེས་པར་ཁེ་པའོ་ཐབ་ཆས་ཞེས་བསྒྱུར་ན་གོ་བདེ་འཛིན་བདེ་ཡོང་བས整体橱具ཞེས་པའི་ཐབ་ཆས་ཆ་ཚང་ངམ་ཆ་སྡེབ་ཐབ་ཆས་ཀྱི་བརྡ་དོན་ཇི་བཞིན་དུ་མ་བསྒྱུར་བ་དང་། 文昌钢材批发经营部ཞེས་པར་གོ་བདེའི་ཆེད་བུན་ཁྲང་རྣོ་ལྕགས་རྒྱུ་ཆ་སྡེབ་འཚོང་ཁང་ཞེས་བསྒྱུར་ནས经营部ལས་གཉེར་ཁང་ཞེས་པ་ལོ་ཙཱ་ཇི་བཞིན་དུ་མ་བྱས་པ་ལྟ་བུར་སྒྲ་སྒྱུར་དང་ཐད་སྒྱུར། འཕྲི་སྒྱུར་མཉམ་བསྲེས་ཀྱིས་བསྒྱུར་དགོས་པ་ཅན་ཡང་ཡོད་དེ། མཉམ་བསྲེས་ཀྱི་ཐབས་གཞན་གྱིས་བསྒྱུར་དགོས་པ་ཡང་ད་དུང་གང་མང་འདུག་མོད་འདི་ལྟར་རིགས་འགྲེ་ནས་བསྒྱུར་བར་བྱ་སྟེ་རེ་རེ་བཞིན་བྲི་བར་མི་བྱ། 

གཞན་ཆེད་དུ་གསལ་བཤད་བྱ་དགོས་པ་ཞིག་ལ། འདིར་དཔེར་བཀོད་པའི་སྒོ་བྱང་ཡི་གེའི་མ་ཡིག་རྣམས་ནི་རྒྱ་རིགས་རང་ཉིད་ཀྱིས་བྲིས་པའམ་རྒྱའི་རིག་གནས་གོམས་སྲོལ་དང་མཐུན་པར་བྲིས་པའི་རྒྱ་ཡིག་ལ་གོ་བ་གཞིར་བཞག་གིས་དེ་དོན་བོད་ཡིག་ཏུ་སྒྱུར་སྟངས་རོབ་ཙམ་གླེང་བ་ཡིན་ཏེ། གལ་ཏེ་ཚོང་ཁང་དང་ཟ་ཁང་སོགས་གནས་ཁང་གང་དེ་བོད་རིགས་རང་ཉིད་ཀྱིས་ཕྱེས་པ་ཡིན་ན། བོད་ཡིག་མ་ཡིག་ཏུ་བྱས་ཏེ་གོང་དུ་སོང་བའི་མཉམ་འཇོག་བྱེད་དགོས་ཀྱི་དོན་ཚན་གསུམ་མམ་རྩ་དོན་གསུམ་རྨང་གཞིར་བྱས་ཏེ་རྒྱའི་བརྡ་སྤྲོད་ལུགས་དང་མཐུན་པར་གང་ལ་གང་བདེའི་སྒྱུར་སྟངས་ཀྱིས་རྒྱ་ཡིག་ཏུ་ཕར་བསྒྱུར་ཆོག་ལ། རྒྱ་ཡིག་མ་ཡིག་བྱས་ཏེ་གོང་གི་རྩ་དོན་ལྟར་བོད་ཀྱི་སྐད་ལུགས་དང་མཐུན་པར་གང་ལ་གང་འཚམ་གྱི་སྒྱུར་སྟངས་ཀྱིས་ཚུར་བོད་ཡིག་ཏུ་བསྒྱུར་ཀྱང་ཆོག  འོན་ཀྱང་འདི་ལྟའི་ཡིག་སྒྱུར་སྐབས་མི་རིགས་རང་སྐད་དུ་གྲུབ་ཟིན་པའི་ས་མིང་ཆུ་མིང་དང་། ཚོང་རྫས་དང་ཚོང་རྟགས་ཀྱི་མིང་སོགས་ནི་མི་རིགས་རང་གི་སྐད་ལྟར་བྱས་ན་ལེགས་ཏེ། སྔོན་ས་ཆ་ག་གེ་མོ་ཞིག་ན་ཇོ་བོ་བྱམས་པའི་སྐུ་ཚད་ཆེན་པོ་ཞིག་བཞེངས་ཡོད་པར་བརྟེན་ནས་ས་དེར་ལྷ་མདུན་ཐང་ཞེས་རྒྱུན་གོམས་སུ་སོང་ཡོད་པ་ལ། ཕྱིས་རྒྱ་སྐད་དུ蚂蚁滩ཞེས་བོས་པར། མི་ལ་ལས་དེའི་གནད་མ་ཤེས་པར་ཕྱིར་བོད་སྐད་དུ་བསྒྱུར་དུས་གྲོག་མའི་ཐང་ཞེས་བསྒྱུར་གྲབས་བྱས་ཚུལ་གྱི་དགོད་བྲོ་ལ་ངུ་བྲོ་བའི་གཏམ་ཡང་ཡོད་ན། ཀློག་པ་པོ་རྣམས་རྨོངས་པར་མི་བྱེད་ཅིང་གཉིས་རྒྱལ་གཉིས་ཁེའི་ཚོང་དོན་འགྲུབ་ཆེད་དེ་དག་ལ་དོ་སྣང་བྱ་རྒྱུ་ཡང་ཆེས་གལ་ཆེན་ཞིག་ཏུ་འདུག་སྙམ།  

མདོར་ན། སྤྱིར་རྒྱ་བོད་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བ་དང་ས་བབ་ཆགས་ལུགས་མི་འདྲ་བ། ལོ་རྒྱུས་བརྒྱུད་རིམ་མི་འདྲ་བ། གོང་ཐང་གཅོད་ཕྱོགས་མི་འདྲ་བ་ལ་སོགས་ཀྱི་དབང་གིས་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་ཡི་གེ་རྒྱ་བོད་ཡིག་སྒྱུར་བྱེད་སྐབས་ཀྱང་ལ་ལ་ཞིག་མ་ཡིག་ཇི་བཞིན་དུ་ཐོན་ཐུབ་ཅིང་། ལ་ལ་ཞིག་མ་ཡིག་ཇི་བཞིན་དུ་ཐོན་ཐུབ་ཀྱང་དེ་ལྟར་ཇི་བཞིན་དུ་བསྒྱུར་མི་རུང་ལ། ལ་ལ་ཞིག་དེ་ལྟར་གཏན་ནས་ཐོན་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་ཡང་འཕྲད་སྲིད་མོད། གནས་ཁང་གང་དེའི་བྱེད་ལས་དང་ཁྱད་ཆོས་སམ་རྒྱའི་མ་ཡིག་གི་བསྟན་དོན་གང་རུང་དང་མཐུན་པར་གོ་སླ་ཞིང་འཛིན་བདེ་ལ་གནད་དུ་འཁེལ་བ། ཚིག་སྣ་ཐུང་ཞིང་རན་པའི་སྒོ་ནས་སྒྱུར་ཡིག་གཅིག་པུའི་སྟེང་ནས་ཀྱང་ཚོང་ཁང་དང་ཟ་ཁང་སོགས་གང་དེའི་ཁྱད་ཆོས་དང་བྱེད་ལས། དངོས་ཟོག་གི་བཀོད་སྒྲིག་སོགས་ཇི་འདྲ་ཡིན་ལུགས་གསལ་པོར་ཐོན་ཐུབ་པར་བྱ་རྒྱུ་ནི་སྒོ་བྱང་ཡི་གེའི་རྒྱ་བོད་ཡིག་སྒྱུར་གྱི་མཐར་ཐུག་གི་དགོས་པ་ཡིན་པར་འདོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།