འདས་ཚིག་ལ་འའི་སྔོན་འཇུག་ཡོད་མིན་དཔྱད་པ་བློ་གསར་ཡིད་ཀྱི་དགའ་སྟོན།

བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་མེ་ལོང་ལ་ཕྱག་འཚལ་ལོ། །

མཚན་དཔེའི་གསེར་གྱི་ལང་ཚོ་མདངས་བཀྲ་བཅུ་དྲུག་གཞོན་ནུའི་ཚུལ་འཆང་བ། ། 

ཇི་ལྟ་ཇི་སྙེད་མཁྱེན་པའི་རང་གཟུགས་ས་བརྒྱད་གཞོན་ནུའི་མདངས་ལྡན་ཅན། །

མཚན་ཙམ་ཐོས་པའི་ཤེས་རབ་བསམ་འཕེལ་ཡེ་ཤེས་མེ་ལོང་གང་དེ་ཡིས། །

ཁོ་བོའི་མགྲིན་པ་འོ་མཚོར་བཞུགས་ནས་ཚིག་གི་མེ་ཏོག་འཐོར་གྱུར་ཅིག །

ཞིམ་མེད་སྙིང་སྟོབས་གསོན་པོ་ཞིག་གིས་གངས་ཀྱི་དབུ་ལ་དབྱངས་ཡིག་བཏེགས། ། 

ལྷག་བསམ་འོ་མའི་ཐུགས་སྟོབས་ཆེར་བསྐྱེད་གངས་ཀྱི་ལྗོངས་སུ་སྒྲོན་མེ་འབར། །

གཞལ་མེད་བཀའ་དྲིན་ཚིག་གི་མི་མཚོན་སེམས་ཀྱི་དབུས་ན་གསལ་ལེར་མངོན། །

ཤེས་བྱའི་ཡོན་ཏན་བུམ་བཟང་ཅན་གྱི་སློབ་དཔོན་ཨ་ནུའི་ཞབས་ལ་བཏུད། །

ཅེས་ཚིགས་སུ་བཅད་པ་འགས་མདུན་ལེགས་པར་བསུས་ཏེ་གང་གླེང་བར་བྱ་བ་ནི། བོད་ཀྱི་བརྡ་སྤྲོད་རིག་པའི་གྲས་གཏོགས་སུམ་རྟགས་དག་གསུམ་ལས་རྟགས་ཀྱི་འཇུག་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བའི་སྐབས་སུ་ཅུང་ཙམ་ཞུ་བར་བྱ།   དེའང་རང་བློས་དཔོག་ཚད་ཀྱིས་ཉན་ཤུལ་མཁྱེན་རབ་འོད་གསལ་དང་ཚེ་ཏན་ཞབས་དྲུང་སོགས་ཀྱི་ལུགས་གཞིར་བཅས་ཏེ་བསྙད་པའོ། །    

རང་ལུགས་འཇོག་པ་དང་། གཞན་ལུགས་དགག་པ་གཉིས་ལས།  

དང་པོ་རང་ལུགས་འཇོག་པ་ནི། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དགོངས་པ་བཞིན་བཀྲལ་ན་དབྱངས་ཅན་གྲུབ་པའི་རྡོ་རྗེས་འོན་ཀྱང་བྱེད་པོ་གཞན་དངོས་དང་། །འབྲེལ་བའི་འདས་ལ་འའི་སྔོན་འཇུག །མེད་པར་ངེས་ཞེས་པའི་སྐབས་སུ་འདས་ཚིག་ལ་འའི་སྔོན་འཇུག་མེད་པར་ངེས་ཞེས་ཁ་ཚོན་གཅོད་མ་རིགས་ཏེ་དཔེར་ན། ཐག་པ་སོགས་འཐེན་པ་དང་། མདའ་སོགས་འཕངས་ཟིན་པའི་འདས་ཚིག་ལ་འའི་སྔོན་འཇུག་ཅིག་ཡོད་ངེས་པས་དེའང་མ་ངེས་ཞེས་མཁྱེན་རབ་འོད་གསལ་གྱིས་དགག་ཡོད་པ་དེ་ཧ་ཅང་ལེགས།  གལ་སྲིད་འདས་ཚིག་ལ་འའི་སྔོན་འཇུག་མེད་པར་ངེས་པ་ཙམ་ཞེས་བརྗོད་ཡོད་ན་དེ་ནི་གནས་ལུགས་ཀྱི་རྒྱབ་ལྗོངས་ཤིག་ལས་མ་འདས་མོད།  དེ་ལྟར་མ་བཤད་པར་མེད་པར་ངེས་ཞེས་པའི་ཁ་ཚོན་གཅོད་པ་ནི་ཚིག་སྐྱོན་ཆེ་ཤོས་ལས་མ་སྣང་། རྒྱུ་མཚན་དེའི་ཕྱིར། འདས་ཚིག་ལ་འའི་སྔོན་འཇུག་མེད་པར་ངེས་ཞེས་པ་ནི་མངོན་སུམ་དུ་བསྙོན་པ་ལས་མ་མཆིས་པའི་མི་འཐད་ཅེས་དགག་པ་བརྗོད་ན་ལེགས་ངེས་ཡིན། དེ་ན་འདས་ཚིག་ལ་འའི་སྔོན་འཇུག་མེད་ཅེས་ཁ་ཚོན་བཅད་པ་དེས་མདའ་འཕངས་ཞེས་པའི་འདས་ཚིག་ལ་ཇི་ལྟར་འགྲེལ་བཤད་རྒྱག་ངེས་ཡིན། དེ་འདས་ཚིག་མ་རེད་ཅེས་བཤད་ན་འཁྱོག་གཏམ་ཁོ་ན་ཞིག་ལས་མ་འདས། འཕངས་ཞེས་པ་དེ་འདས་ཚིག་ཡིན་ན་འའི་སྔོན་འཇུག་ཅན་གྱི་ཚིག་འདས་མེད་པ་དངོས་སུ་མེད་ཅེས་ཁ་ཚོན་བཅད་པ་དེ་དང་འགལ་ལོ། །

གཞན་ཚེ་ཏན་ཞབས་དྲུང་གིས། འའི་སྔོན་འཇུག་འདས་པ་ལ་འཇུག་པ་ཡང་ཤིན་ཏུ་མང་ཞེས་གསུངས་ཏེ་དཔེར་ན།   མདའ་འཕངས་ཞེས་བཀོད་ཡོད་ལ།  དེ་རིགས་འདས་ཚིག་མ་ཡིན་ཞེས་སུ་ཞིག་གིས་སྨྲ་བཏུབ། དེའི་ཕྱིར་མོ་འ་ཡིག་འདས་པ་ལ་འཇུག་པ་ཤུགས་བསྟན་ཡིན་ཞེས་རང་ལུགས་སུ་བཟུང་ན་ལེགས།  ཡང་ཁ་ཅིག་གིས། འ་འདས་ཚིག་ཏུ་མི་འགྲོ་བར་མ་ཟད་གཏན་ནས་ངེས་ཅན་གྱི་ཚིག་སྦྱོར་བ་ལའང་དགོས་པ་མ་བྱུང་བར་སྣང་ཚུལ་གཤམ་དུ་ཤེས་ལ། མྱ་ངན་ལས་འདས་ཞེས་པའི་འདས་པ་མིང་ཡིན་པས་སྐྱོན་མེད་པ་ནི་ཡི་གེ་ལ་ཆད་སྐྱོན་དུ་ཡོད་ངེས་ཏེ།  དེ་ནི་ཁྱོད་ཀྱི་བཞེད་འདོད་མིང་རྐྱང་ཡིན་པས་སྐྱོན་དུ་མེད་སྣང་ངེས་ཡིན་ནོ། །ཅི་ལྟར་བཤད་ཀྱང་མྱ་ངན་ལས་འདས་ཞེས་པའི་འདས་པ་ལས་ཚིག་ལ་མི་འཇུག་པའི་མིང་རྐྱང་གཏན་མེད་མིན་ཏེ། དེའི་ཁ་གཏད་མ་འོངས་པ་དང་ད་ལྟ་བ་ལ་འདའ་ཞེས་འཐོབ་པ་དང་དུས་གསུམ་གྱི་ནང་ནས་དཔེར་ན་དུས་ལས་འདས་དང་ཚེ་ལས་འདས་ཞེས་པ་ནི་བོད་རང་གི་སྐད་ཡིག་གཉིས་ཀར་ལྷན་སྐྱེས་སུ་ཡོད་དོ། །དེ་བཞིན་དུ་གཞན་ཡང་མང་ངོ་། །

གཉིས་པ་གཞན་ལུགས་དགག་པ་ནི།    དབྱངས་ཅན་གྲུབ་པའི་རྡོ་རྗེས་རྟགས་འཇུག་ལས་འབྲེལ་བའི་འདས་ལ་འའི་སྔོན་འཇུག་མེད་པར་ངེས་ཤིང་ཞེས་གསུངས་པ་འདི་ལ་འགལ་བ་ཞིག་ཡོད་པར་ཁོ་བོ་ཙམ་མ་ཡིན་པར་ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་ཀྱིས་ཀྱང་དགག་པ་བརྗོད་ཡོད་པ་དང་། དེར་བརྟེན་ཁོ་བོ་ཡང་ཁོང་ཅག་རྣམས་ཀྱི་རྗེས་སུ་འབྲངས་ཏེ་མིག་ཟུང་ཅུང་ཙམ་ཞིག་མ་ཕྱེས་པར་ཐུ་མེད་དུ་བྱུང་བ་ཡིན། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལ་འབྲེལ་བའི་འདས་ལ་འའི་སྔོན་འཇུག་མེད་པར་ངེས་ཞེས་པ་བྱ་བྱེད་ཐ་དད་པའི་འདས་པ་ལ་འའི་སྔོན་འཇུག་མེད་ཅེས་ཁ་ཚོན་བཅད་མི་རིགས་ཏེ། མདའ་འཕངས་པ་དང་ཐག་པ་འཐེན་པ་སོགས་ཡོད་པས་མ་ངེས་ཞེས་གསུངས་སོ། །

དེ་ནི་ཆེས་གནད་དུ་ཁེལ་བའི་དགག་པ་ཞིག་ཅི་ལ་མིན། གལ་སྲིད་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས་པ་ལྟར་བྱ་བྱེད་ཐ་དད་པའི་འདས་ཚིག་ལ་འའི་སྔོན་འཇུག་མེད་ཅེས་བཤད་ན་མདའ་འཕངས་པ་དང་ཐག་པ་འཐེན་པ་སོགས་བྱ་བྱེད་ཐ་དད་པའི་འདས་ཚིག་ལ་མི་འཇུག་ཅེས་སྨྲས་ན་མངོན་སུམ་བསྙོན་པ་ལས་མ་ཡོད།    དེའི་ཕྱིར་འདས་ཚིག་ལ་འའི་སྔོན་འཇུག་མེད་པར་ངེས་ཞེས་པའི་རང་བློ་མཆོག་འཛིན་བྱས་པ་འདིའང་སྐྱོན་ཉིད་དུ་སྣང་བའོ། ། མྱ་ངན་ལས་འདས་པ་སོགས་ནི་མིང་ཡིན་པས་སྐྱོན་མེད་ཅེས་སྨྲས་མོད། དེ་ནི་མིང་མ་ཡིན་པར། ད་ལྟ་དང་མ་འོངས་པར་འདའ་ཞེས་འབྲི་ཆོག་པར་འདུག་གོ །དེ་ན་ཚོགས་འདུའི་རྗེས་མ་ཆོད་པར་དུས་ལས་འདས་སོང་ཞེས་པའི་སྐབས་སུ་འདས་ནི་མིང་མ་ཡིན་པར་འདས་ཚིག་ཡིན་མོད།  རྒྱུ་མཚན་གང་ཡིན་ཞེ་ན།   གང་འཚོགས་བྱའི་ཚོགས་པ་དེའི་རྗེས་མ་ཆོད་པར་དུས་ལས་འདས་སོང་བ་ནི་འདས་ཚིག་མ་ཡིན་ཞེས་སྨྲ་བ་ནི་ཨུ་ཚུགས་བྱས་པ་ལས་མ་ཡོད་དོ། །དེའི་ཕྱིར་བྱ་བྱེད་ཐ་དད་པའི་འདས་ཚིག་ཡིན་ན་བ་ཡིག་ཡིན་པས་ཁྱབ་ཅེས་པ་དང་འདས་ཚིག་ལ་འའི་སྔོན་འཇུག་མེད་པར་ངེས་ཞེས་ངེས་ཚིག་སྦྱར་བ་པོ་ཁ་ཤས་ནི་དགག་སྒྲུབ་ནན་ཏན་བྱས་ན་ལེགས་སོ། །

སླར་སྨྲས་པ།

མ་རྟོགས་ལོག་པར་སྨྲས་པའི་གུས་མེད་ཀྱི་ངག་འཆལ། །

དངོས་ཤུགས་ཟུར་གྱིས་སྨྲ་འདོད་བློ་ཡུལ་དུ་མེད་ཅིང་། །

བག་མེད་ཉོན་མོངས་མཐུ་ཡི་གོམས་གཤིས་ཀྱི་ངང་ནས། །

ཉེས་པའི་ཆ་ཀུན་འཆོར་བ་གསོལ་བར་དེ་ཞུའོ། །

གངས་ལྗོངས་འཛིན་མའི་ལྟེ་བར་རྟ་བདུན་བཞིན་འཆར་བའི། ། 

གངས་ཀྱི་མཐའ་དབུས་མུན་སེལ་སྒྲོན་མེ་ཡི་གཉེན་པོ། །

གངས་རིའི་བླ་སྲོག་གསོན་པོ་གངས་དཀར་གྱི་རྒྱལ་མཚན། །

གངས་ལྗོངས་བླ་མའི་སྐུ་ཚེ་བསྐལ་བརྒྱར་དུ་བརྟན་ཤོག །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།