གསེར་རྟའི་གེ་སར་རིག་གནས་ལ་མཇལ་བ།

1IMG_9044_副本.jpg

ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་སྤྱི་ཟླ7པའི་ཚེས28ཉིན་གྱི་སྔ་དྲོར་དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་མཁར་ནས་ལམ་ལ་ཆས་ཤིང་ཕྱི་དྲོའི་དུས་ཚོད་བཅུ་གཉིས་སྟེང་གསེར་རྟ་རྫོང་ཐོག་ཏུ་ཐོན་ཞིང་། གསེར་རྟ་རྫོང་གི་རྫོང་དཔོན་གཞོན་པ་ཚེ་ལྷ་མཚོས་རོགས་རམ་ལ་བརྟེན་ནས་ཡུལ་དེའི་གནས་འགངས་ཆེན་མང་པོར་ཡུལ་དངོས་རྟོག་ཞིབ་བྱེད་ཐུབ་པ་བྱུང་། 

1微信图片_20200814131924_副本.jpg

1微信图片_20200814131929_副本.jpg

གསེར་རྟ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་དཀར་མཛེས་ཁུལ་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད། ཡུལ་དེ་ནི་སི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན། རྔ་པ་ཁུལ་དང་དཀར་མཛེས་ཁུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད། དེ་བཞིན་འཛམ་ཐང་རྫོང་དང་། དཀར་མཛེས་རྫོང་། བྲག་འགོ་རྫོང་། སེར་ཤུལ་རྫོང་། དར་ལག་རྫོང་། པད་མ་རྫོང་བཅས་ཀྱི་འབྲེལ་མཚམས་ས་ཁུལ་ཡང་ཡིན། འབྲེལ་ཡོད་ཀྱི་ཡིག་ཆ་ལྟར་ན། གསེར་རྟ་རྫོང་ཁོངས་སུ་གྲོང་རྡལ་གཉིས་དང་། ཡུལ་ཚོ་བཅོ་ལྔ། སྲིད་འཛིན་གྲོང་ཚོ་བརྒྱ་དང་སོ་བཞི་བཅས་ཡོད།

IMG_8978.jpg

གསེར་རྟ་རྫོང་ནི་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཡིན་ཞེས་པ་དོན་དང་ལྡན་པར་སྙམ། ཡུལ་དེའི་ག་ས་གང་དུ་གེ་སར་རིག་གནས་ཀྱིས་ཡོངས་སུ་ཁྱབ་འདུག་སྟེ། དེར་ཚོ་བའི་འབྱུང་ཁུངས་དང་། ཡུལ་སྲོལ་གོམས་གཤིས། སྒྱུ་རྩལ་བརྩམས་ཆོས། བཟོ་སྐྲུན་ཁྱད་ཆོས། ཆོས་ལུགས་རིག་གནས། ཡུལ་གྱི་བཀོད་པ་སོགས་ཕྱོགས་ཀུན་ནས་གེ་སར་རིག་གནས་དང་འབྲེལ་བ་དམ་ཟབ་ཏུ་ཆགས་ཡོད། བཤད་རྒྱུན་ལ་གླིང་གི་ཆེ་བརྒྱུད་ཚང་གི་ཕ་ཡུལ་དང་། གླིང་གེ་སར་རྒྱལ་པོས་དམག་སྦྱོང་དང་དམག་བསྡུ་བྱེད་ས། གླིང་གི་དཔའ་རྟུལ་ཉི་འབུམ་དར་ཡག་གི་ཕ་ཡུལ་ཡིན་ཞེས་བརྗོད་མུས་ཡོད་ལ། གླིང་རྗེ་གེ་སར་རྒྱལ་པོའི་ལས་བཞིའི་འཕྲིན་ལས་ཀྱི་བྱིན་རླབས་ནི་གསེར་རྟའི་ཡུལ་མི་རྣམས་ཀྱི་སེམས་ཁོངས་རུས་པའི་གཏིང་དུ་འཐིམ་ནས་ཡོད། ཡུལ་དེར་གེ་སར་སྒྲུང་གི་སྔོག་འདོན་མཁན་དང་། རྒྱུད་འཛིན་མཁན་དང། སྲུང་སྐྱོབ་མཁན། དར་སྤེལ་མཁན་ཏེ་དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་བབས་སྒྲུང་པ་དང་གཏེར་སྒྲུང་པ་སོགས་སྒྲུང་པའི་རིགས་མང་ཞིང་སྒྲུང་པ་མང་པོའི་ས་ཁུལ་ཞིག་ཀྱང་ཡིན་པར་མ་ཟད། གེ་སར་སྒྲུང་གི་རྡོ་བརྐོས་རི་མོ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་མཆིས་ཏེ། གསེར་རྟ་རྫོང་རྒྱ་ཞོལ་ཤང་ལྷ་རྩེ་དགོན་པའི་ཉེ་འདབས་སུ་རྙེད་པའི་གེ་སར་རྒྱལ་པོའི་རྡོ་བརྐོས་དེའི་མཐོ་ཚད་ལ་ལི་སྨི71དང་། ཞེང་ལ་ལི་སྨི46། མཐུག་ཚད་ལ་ལི་སྨི6བཅས་ཡོད། འབྲེལ་ཡོད་ཀྱི་དཔྱད་གཞི་ལྟར་ན། “སྐུ་བརྙན་འདི་ནི་ཐང་ག་ཞིག་དང་འདྲ་ཤས་ཆེ་ལ། གེ་སར་གྱི་གཙུག་ཏུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་ཞིག་ཡོད་ལ་གཡས་གཡོན་དུ་ཉི་ཟླ་སྐར་གསུམ་གྱི་རི་མོ་ཅན། གེ་སར་གྱི་དབུ་རུ་རྨོག་ཞྭ་ཞིག་གྱོན་ཡོད་ལ་དེ་ནི་སུང་རྒྱལ་རབས་བྱང་མ་དང་ལྷོ་མའི་དུས་སྐབས་ཀྱི་དམག་སྤྱི་ཆེན་མོས་གྱོན་པའི་ཁྲབ་རྨོག་ཡིན་རྐྱེན། སྐུ་བརྙན་འདི་ནི་སྤྱི་ལོའི་དུས་རབས14ནང་གི་ཡིན་ཤོས་ཆེ་བར་སྙམ་ལ། ད་ལྟའི་བར་ཆེས་སྔ་བའི་གླིང་གེ་སར་གྱི་སྐུ་བརྙན་ཡིན་པས་གེ་སར་གྱི་ཚད་ལྡན་སྐུ་བརྙན་དུ་བརྩིས་ཆོག་པ་རེད།”ཅེས་པ་བཞིན་གེ་སར་སྒྲུང་གི་རྡོ་བརྐོས་སྒྱུ་རྩལ་རྒྱུན་འཛིན་བྱེད་བཞིས་མཆིས། གཞན་ཡང། ས་དེར་གེ་སར་སྒྲུང་གི་རྣམ་ཐར་སྒྱུ་རྩལ་ཆེས་ཆེར་དར་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་པོ་ཡོད་པས། གེ་སར་རྣམ་ཐར་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཡང་ཕྱོགས་བཅུར་ཁྱབ་འདུག 1980ལོར་མཆོག་སྤྲུལ་པད་མ་ཐེག་མཆོག་རྒྱལ་མཚན་ལགས་ཀྱིས་གསེར་རྟ་གེ་སར་ཟློས་གར་ཚོགས་པ་གསར་དུ་བཙུགས་ཤིང་། ད་ལྟའི་བར་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས«ལྷ་གླིང་གབ་རྩེ་དགུ་སྐོར» «རྟ་རྒྱུག་རྒྱལ་འཇོག» «མངའ་རིས་གསེར་རྫོང་» «འདན་མའི་ནས་རྫོང་» སོགས་འཁྲབ་གཞུང་དུ་བསྒྱུར་ནས་གར་སྟེགས་སྟེང་དུ་འཁྲབ་སྟོན་རྒྱུན་ཆད་མེད་པར་བྱས་པས། ས་དེའི་ཡུལ་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཞིང་། རྒྱབ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་སོགས་ཀྱི་བྱ་དགའ་ཡང་མང་པོ་ཐོབ་པར་བཞེད།

1微信图片_20200814131936_副本.jpg

1微信图片_20200814131940_副本.jpg

གེ་སར་རིག་གནས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱེད་པར་གསེར་རྟ་རྫོང་གིས་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་ཞེས་ཡུལ་དེའི་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་དུས་ཚོད་ཐུང་ཐུང་དང་གནས་ཡུལ་ཆུང་ཆུང་ནས་རྒྱུས་ལོན་བྱེད་ཐུབ་པ་ཞིག་བསྐྲུན་ཡོད་དེ། ཚེས28ཉིན་གྱི་ཕྱི་དྲོར་ངེད་རྟོག་དཔྱོད་ཚོ་ཆུང་གིས་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་ཡུལ་དངོས་རྟོག་ཞིབ་གཏིང་ཟབ་མོ་བྱས། གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་ནི་གསེར་རྟ་རྫོང་ཐོག་ཏུ་བཞེངས་ཡོད་ལ། འབྲེལ་ཡོད་ཀྱི་རྒྱུ་ཆ་ལྟར་ན། ལྟེ་གནས་འདི་སྤྱི་ལོ2012ལོའི་ཟླ7པའི་ཚེས10ཉིན་དངོས་སུ་བཞེངས་འགོ་ཚུགས་ཤིང་། 2015ལོའི་ཟླ7པའི་ཚེས30ཉིན་ཡོངས་སུ་གྲུབ། དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17818ཡོད་ལ། ཕོ་བྲང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ8658དང་སྒྱུ་རྩལ་ཐང་ཆེན་ལ་སྨི་གྲུ་བཞི་མ9160ཡོད། ཕོ་བྲང་འདིར་བསྡོམས་པས་མ་དངུལ་དམངས་སྒོར་བྱེ་བ7བཏང་ནས་བཞེངས་པ་ཡིན་ཞིང་ཁང་བརྩེགས་བདུན་དང་མཐོ་ཚད་ལ་སྨི་33.4ཡོད། དེ་ནི་རིག་གནས་ཁང་དང་། དཔེ་མཛོད་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་ཁང་། གེ་སར་བཤམས་སྟོན་ཁང་། ཟློས་གར་ཁང་། ལུས་རྩལ་ཐང་ཆེན་སོགས་ལས་གྲུབ་ཡོད། ལྟེ་གནས་ཀྱི་ཐང་ཆེན་དུ་གླིང་གི་དཔའ་རྟུལ་བཅུ་གསུམ་གྱི་འབུར་སྐུ་གསོན་ཉམས་ལྡན་པ་བཞེངས་འདུག གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་ནི་གླིང་གི་སེང་འབྲུག་སྟག་རྩེའམ་མིང་གཞན་དུ་བདེ་མཆོག་ནོར་བུའི་ཕོ་བྲང་གི་བཀོད་པ་ལྟར་བཞེངས་ཡོད་དེ། ཁང་བརྩེགས་བདུན་པ་ནས་ལྔ་བའི་བར་ལྷ་ཀླུ་གཉན་གསུམ་གྱི་ཕོ་བྲང་དང་། ཕྱོགས་བཞི་ན་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཕྱོགས་བཞིའི་བདུད་བཞི་བཏུལ་ནས་དཀར་པོ་ཆོས་ལ་བསྒྱུར་བའི་མཛད་པ་རླབས་ཆེན་མཚོན་ཕྱིར་ཧོར་བདུད་མོན་འཇང་གི་ཆོས་བློན་ཆེན་པོ་བཞིའི་ཕོ་བྲང་བཞེངས་ཡོད།

1微信图片_20200814132448_副本.jpg

IMG_7001.jpg

ཕོ་བྲང་གི་གཅིག་ཐོག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་ལྷ་གླིང་དང་། འཁྲུངས་གླིང་། རྟ་རྒྱུག ཕྱོགས་བཞི་དགྲ་བཞི་སོགས་ཀྱི་ནང་དོན་འབུར་བརྐོས་ཀྱི་ལམ་ནས་མངོན་པར་བྱས་འདུག གེ་སར་རྡོ་བརྐོས་ཀྱི་བཤམས་སྟོན་ཁང་དུ་གླིང་རྗེ་གེ་སར་རྒྱལ་པོ་གཙོ་བྱས་ཏེ་ཆོས་ལུ་བུ་ཡི་དར་འཕེན་དང་། གསེར་བའི་ཉི་འབུམ་དར་ཡག མི་ཆེན་རྒྱལ་བའི་ལྷུན་གྲུབ། གླིང་འབུམ་པའི་རྒྱ་ཚ་ཞལ་དཀར། ནུ་བོ་རོང་ཚ་དམར་ལེབ། ཚ་ཞང་འདན་མ་བྱང་ཁྲ། དཔའ་ཡ་མེད་སེང་སྟག་ཨ་དོམ། གཡུ་ཡག་མགོན་པོ་སྟོང་ཐུབ་སོགས་གླིང་གི་དཔའ་རྟུལ་རྣམས་ཀྱི་སྣང་བརྙན་རེ་རེ་བོད་པའི་སྲོལ་རྒྱུན་གྱི་རྡོ་བརྐོས་དང་རི་མོའི་སྒྱུ་རྩལ་ཟུང་འབྲེལ་སྒོས་ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ་གྱི་ལམ་ནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཡོད། གེ་སར་ཐང་གའི་བཤམས་སྟོན་ཁང་དུ་སི་ཁྲོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་བསྡུ་ཉར་བྱས་པའི་གེ་སར་ཐང་ག་བཅུ་གཅིག་གི་འདྲ་བཟོས་ཐང་ག་བཤམས་འདུག དེ་ནི་འཁྲུངས་གླིང་མེ་ཏོག་ར་བ་དང་། ཨ་ནེ་གནམ་སྨན་རྒྱལ་མོ། ཀླུ་རྒྱལ་གཙུག་ན་རིན་ཆེན། འཛམ་གླིང་སེང་ཆེན་རྒྱལ་པོ། ཚངས་པ་དུང་ཐོད། གཉན་ཆེན་རྡོ་རྗེ་འབར་བ་རྩེ། བཙན་ཡམ་ཤུ་དམར་པོ། རྡོ་རྗེ་ཟིལ་ལེ་མ། སྲིང་ལྕམ་ཐ་ལེ་མ། ཕུ་བོ་དུང་ཁྱུང་དཀར་པོ། ནུ་བོ་ཀླུ་སྦྲུལ་ཐོད་དཀར། དགྲ་ལྷ་མཆེད་དགུ་སོགས་གཙོ་སྐུ་ཡིན་པའི་ཐང་ག་བཤམས་འདུག འདི་དག་ནི་ད་ལྟའི་བར་འཛམ་གླིང་སྟེང་ཆེས་འཐུས་ཚང་བའི་གེ་སར་ཐང་གར་གྱུར་ཡོད་ཅིང་། ཐང་གའི་རི་མོ་དང་། ཚོན་མདངས། སྒྲིག་བཀོད་སོགས་ལ་བླ་མེད་ཀྱི་ཁྱད་ཆོས་ལྡན་པ་དང་། ཐང་གའི་ནང་དོན་མུ་འབྲེལ་རི་མོའི་ལུགས་ལྟར་བྲིས་ཤིང་བོད་ཡིག་གི་འགྲེལ་བཤད་ཆ་ཚང་བཀོད་འདུག གླིང་དཔའ་རྟུལ་སུམ་ཅུའི་བཤམས་སྟོན་ཁང་དུ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཁྲབ་རྨོག་འཁོར་གསུམ་བསྐོར་ནས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་དུ་བཞུགས་ཡོད་པ་དང་། གཡས་གཡོན་ཏུ་སྐྱ་ལོ་སེང་ལྕམ་འབྲུག་མོ་དང་ནེའུ་ཆུང་གཡུ་ཡི་མེ་ཏོག སྤྱི་དཔོན་རོང་ཚ་ཁྲ་རྒན། སྟག་རོང་དཔོན་པོ་ཁྲོ་ཐུང་། དགའ་བདེ་ཆོས་སྐྱོང་བེར་ནག གསེར་བའི་ཉི་འབུམ་དར་ཡག་སོགས་གླིང་གི་དཔའ་རྟུལ་དང་མོ་སྨན་རྣམས་ཀྱི་འབུར་སྐུ་གསོན་ཉམས་ལྡན་པ་བཞེངས་ཏེ། གླིང་གི་དཔའ་རྟུལ་རྣམས་ཀྱིས་ལུས་ལ་འཁོར་གསུམ་བསྐོར་ཞིང་མགྱོགས་པ་ཞབས་ལ་ཆིབས་ནས་གླིང་རྗེ་གེ་སར་རྒྱལ་པོས་བཀའ་བཀོད་ལྟར་འགྲོ་དྲུག་ལ་བདེ་སྐྱིད་བསྐྲུན་ཆེད་ཕྱོགས་བཞི་དགྲ་བཞི་བཏུལ་ཞིང་། རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་མང་པོ་ཆམ་ལ་ཕབ་པའི་རླབས་ཆེན་གྱི་བྱས་རྗེས་མངོན་པར་མཚོན་ཐུབ། གཞན་ཡང་གེ་སར་སྒྲུང་པ་དང་། གེ་སར་ཟློས་གར། སྒྲུང་ཡིག་སོགས་ཡུལ་དེའི་གཟུགས་འདས་ཤུལ་བཞག་རིག་གནས་མང་པོའང་འགྲེམ་སྟོན་ཁང་རེ་རེ་ནས་བཤམས་འདུག

111IMG_9084_副本.jpg

གསེར་རྟའི་ཡུལ་ནའང་གེ་སར་སྒྲུང་དང་འབྲེལ་བའི་གེ་སར་ལྷ་ཁང་དང་ངག་རྒྱུན་ཤུལ་རྟེན་སོགས་མང་པོ་ཡོད། རྒྱུས་ལོན་པ་ལྟར་ན། ཡུལ་དེར་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་སུམ་ཅུ་ལྷག་ཡོད་པར་བཞེད། ཚེས29ཉིན་ངེད་རྟོག་དཔྱོད་ཚོ་ཆུང་གསེར་རྟ་ནས་འབར་ཁམས་སུ་བསྐྱོད་པའི་ལམ་བར་ནས་གསེར་བའི་ཉི་འབུམ་དར་ཡག་གི་མཁར་ཤུལ་དང་། གེ་སར་ལྷ་ཁང་། ཨ་སྟག་ལྷ་མོའི་རྡོག་རྡོ། གེ་སར་དམག་སྦྱོང་རི་བོ། གེ་སར་བོད་གྲོང་སོགས་སུ་ཡུལ་དངོས་རྟོག་བྱས། གསེར་འབྲོང་རི་སྨུག་པོ་ཞེས་པའི་གནས་འགངས་ཆེན་གྱི་ཉེ་འདབས་སུ་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཞབས་རྗེས་ཤིག་ཡོད་པ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོས་གསེར་མགོན་པོ་འབྲོང་རི་ལ་བསང་མཆོད་སྐབས་གྲུབ་རྟགས་བཞག་པ་ཡིན་ཟེར། དེའི་ཉེ་འཁོར་ཀུན་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་རྟ་མཆོག་རྐྱང་རྒོད་གཡེར་བའི་རྨིག་རྗེས་དང་། གེ་སར་བསང་ཁྲི། ལྷ་རྟ་བཏགས་སའི་རྡོ་རི་ཕུར་བ། ལྷ་ཁྱི་དུང་མོ་རྗེས། ལྷ་ལུག་ཀ་བའི་རྗེས། འབྲུག་མོའི་སྦྲ་གུར་དང་གོས་སྒམ། སྟག་ཁྱི་གཟིག་ཁྱི། གྲུབ་ཆེན་བཻ་རོའི་ཞབས་རྗེས་སོགས་ངག་རྒྱུན་ཤུལ་རྟེན་མང་པོ་ཡོད། གསེར་སྨད་རྔ་ལ་སྟག་རྩེའི་ཡར་ཐང་གསེར་ཆུའི་འགྲམ་གྱི་ཐང་དཀྱིལ་ན་གནའ་བོའི་མཁར་ཞིག་གི་ཤུལ་ཡོད་དེ། བཤད་རྒྱུན་ལ་མཁར་དེ་ནི་གསེར་བའི་ཉི་འབུམ་དར་ཡག་གི་སྐུ་མཁར་ཆུ་རི་གནམ་རྫོང་ཡིན་པར་གྲགས། སྒྲུང་ལས་གསེར་མདོག་རི་དང་ནགས་མའི་རིས། །ཕྱོགས་བཞིར་བསྐོར་བའི་གསེར་གྱི་སྨད། །གསེར་ཆུའི་རླབས་ཀྱིས་བསྐོར་དབུས། །ཆུ་རི་གནམ་རྫོང་སྤྲིན་ལས་བརྒལ། །ཞེས་ཡུལ་མི་ཀུན་གྱིས་གནས་དེ་ནི་སྟོད་གླིང་གསེར་བའི་ཉི་འབུམ་དར་ཡག་གི་ཕ་ས་ཡིན་ཞེས་འབོད་བཞིན་མཆིས།

1IMG_9171_副本_副本.jpg

1微信图片_20200814131920_副本.jpg

བོད་ཡུལ་གྱི་གེ་སར་རིག་གནས་དར་ཁྱབ་ཆེ་བའི་ཡུལ་སྡེ་མང་པོར་གེ་སར་དད་མོས་དབང་གིས་གེ་སར་ལྷ་ཁང་བཞེངས་ཏེ་དམངས་ཁྲོད་དད་མོས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་དེ། གསེར་རྟ་རྫོང་ཁོངས་ཀྱི་ཤེལ་གྲུབ་ཡུལ་ཚོའི་ཚེར་སྡུ་མདའ་གྲོང་ཚོ་ནའང་གེ་སར་ལྷ་ཁང་ཆུང་ཆུང་ཞིག་བཞེངས་འདུག ལྷ་ཁང་ཡོད་སའི་ལམ་ཁར་“གེ་སར་ལྷ་ཁང་”ཞེས་བོད་རྒྱ་དབྱིན་གསུམ་གྱི་ལམ་བྱང་བཟོས་འདུག དེ་ནི་བྱང་གི་འཕྲེད་ཐིག31°57′-33°25′′དང་། ཤར་གྱི་གཞུང་ཐིག100°41′-43′′ཡི་བར་དུ་ཆགས་ཡོད།  ལྷ་ཁང་གི་བཟོ་བཀོད་བརྗིད་ཉམས་ལྡན་པ་ཞིག་མིན་ཡང་ནང་དུ་ས་གདན་ལྗང་མདོག་ཅན་ཞིག་བཏང་ཅིང་གྲལ་ཤིན་ཏུ་དག་པོ་ཡིན། ལྷ་ཁང་གི་གཙོ་སྐུ་ནི་གེ་སར་རྒྱལ་པོའི་འབུར་སྐུ་གཡུལ་ངོར་བསྐྱོད་པའི་རྣམ་པ་ཞིག་སྟེ། སེང་ཆེན་ནོར་བུ་དགྲ་འདུལ་ང་། །ལས་ནི་དྲག་པོའི་དམག་ལ་བྱས། །དོན་ལ་སྐྱེ་འགྲོའི་བདེ་སྐྱིད་སྤེལ། །གྲོགས་སུ་སངས་རྒྱས་བསྟན་པ་བཙུགས། །ཁྲིམས་སུ་དགེ་བའི་དམ་ཆོས་བསྒྲུབ། །ཅེས་སྒྲུང་ལས་བསྟན་པ་བཞིན་རྟ་ཕོ་རྐྱང་རྒོད་གཡེར་བར་བཅིབས་ཏེ་སྦ་ལྕག་བསམ་པའི་དོན་གྲུབ་དང་། མདུང་མོ་ཁམས་གསུམ་དགྲ་འདུལ། རལ་གྲི་བཏབ་པ་ལན་མེད། གཞུ་མོ་རྭ་རྒོད་འཁྱིལ་བ་སོགས་དགྲ་ལྷའི་གོ་མཚོན་སྣ་དགུ་ལུས་ལ་ཚང་བ་དང། དད་ལྡན་མང་ཚོགས་ཀྱིས་ཁ་བཏགས་མང་པོ་འཐེན་ནས་མདུན་དུ་མཆོད་པ་བཤམས་ཡོད། མཐའ་སྐོར་ཏུ་གུ་རུ་རིན་པོ་ཆེ་དང་། གླིང་གི་རྒྱ་ཚ་ཞལ་དཀར། ཚ་ཞང་འདན་མ་བྱང་ཁྲ་སོགས་གླིང་གི་དཔའ་རྟུལ་དང་ཡུལ་དེའི་གཞི་བདག་གི་འབུར་སྐུའང་བཞེངས་ཡོད། ལྷ་ཁང་གི་མདུན་དུ་མཆོད་རྟེན་དཀར་པོ་ཞིག་བཞེངས་འདུག་ལ། བལྟས་ཚོད་ལ་ཧ་ཅང་རྙིང་པ་ཞིག་ཡིན་པ་འདྲ། ལྷ་ཁང་གི་གམ་གྱི་ཁང་པ་ནང་དུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཀྱང་བཞེངས་འདུག་ལ། ས་དེའི་ཡུལ་མི་རྣམས་ཀྱི་ཆོས་ལུགས་ཆོ་ག་སྤེལ་སའི་གནས་ཤིག་ཡིན་ནོ། །

1微信图片_20200814132455_副本.jpg

མདོར་ན། གསེར་རྟའི་ཡུལ་ནི་གེ་སར་རིག་གནས་ཆེས་ཆེར་དར་ཡོད་ས་ཞིག་དང་། གླིང་རྗེ་གེ་སར་རྒྱལ་པོའི་མཛད་འཕྲིན་ཡུལ་མི་རྣམས་ཀྱི་སེམས་སུ་འཐིམ་ཡོད་ལ། ག་ས་གང་དུ་གེ་སར་རིག་གནས་ཀྱི་དྲི་ཞིམ་འཐུལ་ཞིང་ལོ་འདབ་རྒྱས་ཡོད་པས་ཐེངས་འདིའི་རྟོག་ཞིབ་ལས་ཅུང་ཙམ་མ་གཏོགས་བརྗོད་མ་ཐུབ་པས། རྗེས་མར་མུ་མཐུད་དུ་རྟོག་ཞིབ་གཏིང་ཟབ་མོ་ཞིག་བྱེད་པར་སྤོབས་སེམས་ཡོད་དོ། །

སྤྱི་ལོ2020ལོའི་ཟླ8པའི་ཚེས9ཉིན་ཟི་ལིང་ནས་བྲིས།

1微信图片_20200814131906_副本.jpg

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།