བླ་བྲང་དགོན་གྱི་གེ་སར་རྒྱལ་པོའི་གསེར་སྒ་དང་རལ་གྲིར་མཇལ་བ།

WechatIMG1234.jpeg

ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་དེ་སྤྱི་ཟླ7པའི་ཚེས31ཉིན་གྱི་སྔ་མོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཁག་བཅུ་གསུམ་གྱི་ཡ་གྱལ་མཛོད་དགེ་ནས་ལམ་ལ་ཆས་ཏེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ལྷོ་ནུབ་ཕྱོགས་ན་ཆགས་ཡོད་པའི་མཚོ་ཉིན་ཡུལ་ཚོ་ཀ་ཤུལ་སྡེ་བའི་མ་སེང་ལྕམ་འབྲུག་མོའི་འབུར་སྐུ་ཆེན་མོ་དང་འབྲེལ་ནས་ས་དེར་ཁྱབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་རྟ་ཕུར་དང་། ཆིབས་རྗེས། འབྲུག་མོའི་ཟོ་བ་སོགས་ངག་རྒྱུན་ཤུལ་རྟེན་འགའི་གནས་ཚུལ་རྒྱུས་ལོན་ཅུང་ཟད་བྱས་རྗེས། ཕྱི་དྲོ་དུས་ཚོད་གཉིས་སྟེང་བསང་ཆུ་རྫོང་དུ་ཆགས་ཡོད་པའི་མདོ་སྨད་ཡུལ་གྱི་དགེ་ལྡན་བསྟན་པའི་སྲོག་ཤིང་དུ་གྱུར་བའི་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་ཞིང་། ཀན་སུའུ་ཞིང་ཆེན་མི་རིགས་ཆོས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པའམ་འབུམ་རམས་པ་དབྱང་ཚེ་རིང་ཐར་གྱི་རོགས་རམ་ལ་བརྟེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནའ་རྫས་ཁང་དུ་ཉར་བའི་གེ་སར་རྒྱལ་པོའི་གསེར་སྒ་དང་རལ་གྲིའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་།

བསང་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀ་ཅུ་ཧུའེ་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་དང་ཀླུ་ཆུ་རྫོང་བཅས་དང་འབྲེལ་ཡོད། ཡུལ་དེའི་རི་ལུང་ཀུན་ཏུ་གེ་སར་སྒྲུང་གི་ངག་རྒྱུན་ཤུལ་རྟེན་ལ་འབྲུག་མོའི་ཕྱུར་བ་ལེན་ས་དང་། གེ་སར་རྟ་རྗེས། རྟ་རྐྱང་ངེའི་གློ་མཆིན། གེ་སར་གྱི་རྟ་འདོགས་ས། འབྲུག་མོའི་དབུ་ཞྭ། གེ་སར་ཕོ་མཚན་དང་འབྲུག་མོའི་མོ་མཚན་སོགས་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར་ཁང་དུ་ཉར་བའི་དཔེ་རྙིང་ཨ་སྟག་ལྷ་མོའི་རྣམ་ཐར་གྱི་ཤིང་པར། གེ་སར་རྣམ་ཐར་སོགས་གེ་སར་སྒྲུང་དང་འབྲེལ་བའི་རིག་གནས་མང་པོ་ཞིག་ཡོད་པར་མ་ཟད། མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་སྒོས་གེ་སར་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ། དར་སྤེལ་གཏོང་མུས་སུ་མཆིས། རྗེ་དམུ་དགེ་བསམ་གཏན་མཆོག་གི་གསུང་འགྲེལ་དུ། “དེ་ནས་བྱང་ཕྱོགས་སུ་སོང་བའི་བླ་བྲང་དགོན་པའི་གཡས་ཕྱོགས་ཀྱི་སྤང་གཞུང་ཆེན་པོ་དེར་གླིང་དཔའ་ཐུལ་དམག་དཔུང་དང་བཅས་པས་ལྷ་བསང་ཆེན་པོ་ཞིག་བཏང་བའི་སྟབས་ཀྱིས། སྤང་གཞུང་དེ་ལ་བསང་གཞུང་ཟེར་ཞིང་བླ་བྲང་གདན་རབས་སོགས་ལོ་རྒྱུས་འགའ་ན་ཡོད། དེ་ནས་འབབ་པའི་ཆུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདུན་བརྒྱུད་དེ། ཧོར་གཙང་ཁོག་ཏུ་འབབ་པ་དེ་ལ་བསང་ཆུ་ཟེར” [①]ཞེས་བཀོད་པ་ལས་བསང་ཆུ་རུ་ཐོགས་པའི་ས་མིང་འདི་ཡང་གེ་སར་སྒྲུང་དང་འབྲེལ་བ་ཡོད་པར་བཤད་འདུག

WechatIMG1235.jpeg

 “འཛམ་གླིང་གི་བོད་རིག་པའི་སློབ་གླིང་”དང་“དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ”ཞེས་མཚན་སྙན་ཕྱོགས་བཅུར་གྲགས་པའི་བླ་བྲང་དགོན་པའམ་བླ་བྲང་བཀྲ་ཤིས་འཁྱིལ་ནི་བསང་ཆུ་རྫོང་གི་ཁོངས་སུ་གཏོགས་ཤིང་། ས་དེར་བཞུར་བཞིན་པའི་བསང་ཆུའི་བྱང་ངོགས་སུ་ཆགས་འདུག་ལ། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཡིན་ཞིང་། རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོབ་སྡེ་ཁག་གལ་ཆེན་ཨང་གཉིས་པའི་གྲས་སུ་བདམས་ཡོད། འབྲེལ་ཡོད་རྒྱུ་ཆ་ལས་གསལ་བ་ལྟར་ན། སྤྱི་ལོ1709ལོར་ཀུན་མཁྱེན་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་དགོན་པ་གསར་འདེབས་མཛད་ཅིང་། ལོ་མང་པོའི་རིང་ལ་བཟོ་སྐྲུན་དང་རྒྱ་བསྐྱེད་རྒྱུན་མ་ཆད་པར་བཏབ་བས་གྲྭ་ཚང་ཆེན་པོ་དྲུག་དང་། ལྷ་ཁང་དང་ནང་ཆེན་བཞི་བཅུ་ཞེ་བརྒྱད། གྲྭ་ཤག་ལྔ་བརྒྱ་ལྷག་ཙམ་ཡོད་པར་བཞེད།

ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་བྱེད་ཡུལ་གཙོ་བོ་ནི་གླིང་རྗེ་གེ་སར་རྒྱལ་པོའི་གསེར་སྒ་དང་རལ་གྲི་གཉིས་ཡིན་པས་འདིའི་སྐོར་ནས་ཅུང་ཙམ་སྤྲོས་ན། གླིང་རྗེ་གེ་སར་རྒྱལ་པོའི་གསེར་སྒ་དང་རལ་གྲི་གཉིས་ནི་དགོན་པའི་གནའ་རྫས་ཁང་དུ་ཉར་ཡོད་ཅིང་། གསེར་སྒ་ནི་གནའ་རྫས་ཁང་གི་གཡོན་ཕྱོགས་ཀྱི་འགྲེམས་སྟེགས་སྟེང་དུ་ཡོད་པ་དང་རལ་གྲི་ནི་གཡས་ཕྱོགས་ཀྱི་འགྲེམས་སྟེགས་སྟེང་དུ་ཉར་ཡོད། གསེར་སྒའི་མདུན་དུ་གླིང་རྗེ་གེ་སར་རྒྱལ་པོའི་གསེར་སྒ་ཡིན་པའི་གསལ་བཤད་ཀྱི་ཡི་གེ་བྲིས་མེད། རལ་གྲིའི་མདུན་དུ“གྲི་རིང་། གླིང་གེ་སར་རྒྱལ་པོའི་ཕྱག་གྲི་ཡིན་ཞེས་སུ་གྲགས”ཞེས་པའི་གསལ་བཤད་ཀྱི་ཡིག་འབྲུ་འདི་བྲིས་ཡོད། དགོན་པའི་གནའ་རྫས་ཁང་གི་དོ་དམ་སྒྲིག་ལམ་ལྟར་ན་པར་ལེན་མི་ཆོག་པས་ངེད་རྟོག་དཔྱོད་ཚོ་ཆུང་གིས་གསེར་སྒ་དང་རལ་གྲི་ལ་མཇལ་བ་ལས་པར་ལེན་མ་ཐུབ། མཁས་དབང་ཆེན་མོ་རྗེ་དམུ་དགེ་བསམ་གཏམ་ལགས་ཀྱིས་མཛད་པའི«གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས»ལས། “བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བ། དགེ་བའི་བཤེས་གཉེན་ཆེན་པོ་གླིང་དཔོན་སློབ་དོན་འགྲུབ་རྒྱ་མཚོ་ནི་གླིང་གི་དཔོན་རྒྱུད་ཡིན་གཤིས། གླིང་གེ་སར་གྱི་གྲི་རིང་སོགས་ཡོ་བྱད་འགའ་ཡོད་པ། སྔར་ཨ་ལགས་གླིང་ཚང་གི་ནང་ཆེན་གྱི་ཚོམས་ཆེན་ལྷ་ཁང་དུ་བཞུགས་ཡོད། དམངས་གཙོའི་བཅོས་བསྒྱུར་དང་། རིག་གནས་གསར་བརྗེ་ཟེར་བའི་གོད་ཆག་སྐབས། ནང་ཆེན་གྱི་གནའ་རྫས་ལ་གཏོར་བཤིགས་ཆེན་པོ་བྱུང་ཡང་། གླིང་སེང་ཆེན་གྱི་གྲི་རིང་དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་ཐོག་གི་འགྲེམས་སྟོན་ཁང་གི་ནང་དུ་བཞག་འདུག ང་རང་གིས་ལག་ཏུ་བླངས་ནས་ཞིབ་ལྟ་བྱས། དུས་དེ་སྐབས་ཀྱི་དམག་ཆས་ངོ་མ་རེད་སྙམ།”[②]ཞེས་གསུངས་འདུག གེ་སར་རིག་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་ཀྱིས། “གེ་སར་སྒྲུང་གི་ཆེད་མཁས་པ་བློ་གྲོས་རྒྱ་མཚོ་ལགས་ཀྱི«གེ་སར་རྒྱལ་པོ་དང་གེ་སར་རྒྱལ་པོའི་སྒྲུང་ཡིག་རགས་ཙམ་གླེང་བ»ཞེས་པའི་ཆེད་རྩོམ་ལས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་གླིང་རིན་པོ་ཆེའི་བླ་བྲང་ན་གེ་སར་གྱི་ཡིན་པར་གྲགས་པའི་དངོས་རྫས་སྣ་ཚོགས་དང་། ཁྲབ་རྨོག་ཕུབ་གསུམ། གོ་མཚོན་གོས་གསུམ། སྒ་སྲབ་མཐུར་གསུམ་སོགས་བླ་བྲང་གི་ནང་རྟེན་གྱི་གྲས་སུ་བཞག་ཡོད་པ་ད་ལྟ་ཡང་ཡོད་ཅེས་བཀོད་འདུག་པ་འདིས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གེ་སར་གྱི་གསེར་སྒ་དང་རལ་གྲི་ཙམ་མིན་པར། ད་དུང་གེ་སར་གྱི་ཡིན་ཟེར་བའི་དངོས་རྫས་རིན་ཐང་ཅན་མང་པོ་ཡོད་པའང་གསལ་བཤད་བགྱིས་ཡོད།”[③]ཅེས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གེ་སར་སྒྲུང་དང་འབྲེལ་བའི་རིག་རྫས་མང་པོ་ཡོད་པར་གསུངས་ཡོད།

ད་དུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གླིང་གི་ཤྭ་རྒྱོ་སྨུག་རིས་དང་། ཤིང་དཔར་དུ་བརྐོས་པའི་སྒྲུང་དཔེ་ཨ་སྟག་ལྷ་མོའི་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་སོགས་གེ་སར་སྒྲུང་དང་འབྲེལ་བའི་གནའ་རྫས་ཡོད་པར་བཞེད་ཀྱང་། ད་ལོའི་ནད་ཡམས་ཀྱི་རྐྱེན་དང་ཡུལ་དངོས་རྟོག་དཔྱོད་བྱེད་པའི་ཉིན་དེར་དགོན་པའི་ངལ་གསོའི་ཉིན་མོ་དང་ཐུག་ཡོད་པས་དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་ལ། རྗེས་མར་ཡང་བསྐྱར་མཇལ་བའི་སྨོན་འདུན་དང་བཅས་ཡུལ་དངོས་ཀྱི་རྟོག་དཔྱོད་ས་ཚུགས་རྗེས་མར་བསྐྱོད་པ་ཡིན་ནོ། །

ལུང་ཁུངས།

[①]རྟ་མགྲིན་རྡོ་རྗེས་བརྩམས། 《ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་གེ་སར་སྒྲུང་གི་རིག་གནས་རྗེས་ཤུལ་རྟོག་ཞིབ།》 ཡོངས་འཛིན་འཚོལ་བཤེར།

[②][②]གཅོད་པ་དོན་གྲུབ་ཀྱིས་བརྩམས། 《བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010:285.286

སྤྱི་ལོ2020ལོའི་ཟླ8པའི་ཚེས2ཉིན་གྱི་དགོང་མོར་ཟི་ལིང་ནས་བྲིས།

WechatIMG1236.jpeg

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།