སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་གེ་སར་ཤིང་དཔར་ལ་མཇལ་བ།

WechatIMG1227.jpeg

ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་དེ་ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོར་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་གི་གེ་སར་ལྷ་ཁང་ལ་རྟོག་དཔྱོད་དཔྱིས་ཕྱིན་པ་བྱས་རྗེས། ཁྲོ་ལའི་ཕུག་ལམ་རིང་མོ་དང་རི་ཆུ་ནག་གསུམ་འཛོམས་པའི་འགག་འཕྲེང་དོག་མོ་བརྒྱུད་དེ་དགུང་མོའི་དུས་ཚོད་དགུའི་སྟེང་སྡེ་དགེ་རྫོང་དུ་སླེབས་ཤིང་ཚེས27ཉིན་གྱི་སྔ་མོར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་ཡུལ་དངོས་རྟོག་དཔྱོད་བྱེད་དུ་ཕྱིན་པ་ཡིན། 

WechatIMG1222.jpeg

ཁམས་སྡེ་དགེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་གྲས་ཀྱི་གཅིག་ཡིན་ལ།  སྡེ་དགེ་ཞེས་པའི་ས་མིང་གི་ཐོགས་ཚུལ་ལ«སྡེ་དགེ་རྒྱལ་རབས»ལས་འདི་ལྟར་བསྟན་ཡོད་དེ། “སྒོམ་སྟོན་དམ་པ་བསོད་ནམས་རིན་ཆེན་ནི། གཙུག་ལག་ཟུང་གི་གཞུང་ལ་མཁྱེན་རབ་རྒྱས། ཡ་རབས་སྤྱོད་ཚུལ་མཛངས་པའི་ཡོན་ཏན་ལྡན། གང་དེས་བོད་ཀྱི་ཤཱཀྱ་ཐུབ་པ་ཆེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྐྱ་བ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་པད་དུ། བཅར་ཚེ་འཕགས་མཆོག་ཆོས་ཀྱི་རྒྱལ་པོ་ཡིས། ཞལ་ནས་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས། ཕྱུག་པའི་སྐྱེས་བུ་ཕེབས་ཞེས་བཀའ་སྩལ་བས།”སྡེ་དགེ་ཞེས་པའི་མཚན་ཀྱང་དེ་ནས་ཐོགས་པར་བཞེད། ཡུལ་འདིར་ཁམས་པའི་རིག་གནས་ཀྱི་ལྟེ་བ་དང་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཞེས་པའི་མཚན་སྙན་ཕྱོགས་བཅུར་ཁྱབ་ལ། གེ་སར་སྒྲུང་གི་རིག་གནས་ཆེས་ཆེར་དར་ཡོད་ཅིང་དམངས་ཁྲོད་དུ་གླིང་རྗེ་གེ་སར་རྒྱལ་པོ་དང་། གླིང་གི་དཔའ་རྟུལ། མོ་སྨན་རྣམས་ལ་དད་མོས་ཀྱི་སྒོ་ནས་གསོལ་མཆོད་བྱེད་བཞིན་མཆིས་པ་དང་། ཡུལ་ཕྱོགས་ཀུན་ཏུ་གེ་སར་སྒྲུང་དང་འབྲེལ་བའི་བྲིས་འབུར་སྐུ་དང་། ངག་རྒྱུན། གར་འཆམ། སྒྲུང་བཤད་སོགས་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ལྡན། ཐེངས་འདིའི་ཡུལ་དངོས་རྟོག་དཔྱོད་བྱ་ཡུལ་གཙོ་བོ་ནི་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་ཡིན་པས་དེའི་སྐོར་ནས་ཅུང་ཙམ་ཞུ་ན། 

WechatIMG1224.jpeg

འབྲེལ་ཡོད་ཀྱི་རྒྱུ་ཆ་ལས་གསལ་བ་ལྟར་ན། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་སྲིད་ལོ་བདུན་པ་སྟེ། སྤྱི་ལོ1732ལོར་སྡེ་དགེའི་རྒྱལ་རབས་ཀྱི་རྩ་བའི་གདུང་རབས་ཞེ་བཞི་པ་དང་རྒྱལ་རབས་བཅུ་གཉིས་པ། ཆོས་ཀྱི་ཁྲི་རབས་ཆོས་རྒྱལ་དྲུག་པ་བསྟན་པ་ཚེ་རིང་མཆོག་གིས་བོད་རབ་བྱུང་བཅུ་གཉིས་ས་མོ་བྱ་ཡི་ལོ་སྟེ1729ལོར་གསར་དུ་བཞེངས།  འདིར་རྒྱལ་བའི་བཀའ་བསྟན་དང་གྲུབ་མཐའ་སོ་སོའི་གསུང་འབུམ། སྐར་རྩིས་དང་། ས་ཁམས། ལོ་རྒྱུས། ཚད་མ། གསོ་རིག རྩོམ་རིག གེ་སར་སྒྲུང་སོགས་རྩ་ཆེ་བའི་པར་ཤིང་རྙིང་པ228438དང་། ལྷ་པར་རྙིང་པ376དང་། པར་ཤིང་གསར་པ་ཆིག་འབུམ་ལྷག་ཡོད།  སྤྱི་ལོ1980ལོ་དང1986ལོར་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་བཞག་པ་དང་།  2007ལོར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་དངོས་ཤུལ་བཞག་གི་གྲས་སུ་བཞག  

WechatIMG1225.jpeg

WechatIMG1223.jpeg

WechatIMG1221.jpeg

ངེད་རྟོག་དཔྱོད་ཚོ་ཆུང་པར་ཁང་དུ་སླེབས་ཏེ་སྒོ་ཆེན་ནས་རྟོག་དཔྱོད་ཞིབ་འཇུག་ཏུ་ཡོང་བའི་གནས་ཚུལ་ཞུ་བ་ན་སྒོ་བྱང་ཉོ་མི་དགོས་པར་ནང་དུ་སོང་ཆོག པར་ཁང་དུ་ལས་བྱེད་མི་སྣ་ཡོངས་ཤིང་དཔར་གྱི་ལས་ལ་བྲེལ་བཞིན་པས་རྩད་གཅོད་རྒྱུས་ལོན་བྱེད་ས་ཞིག་རྙེད་མ་བྱུང་། ཡིན་ཡང་གོ་སྐབས་ལེགས་པོ་ཞིག་ལ་རྫོང་རིག་གནས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གཉིས་དང་འཕྲད་བྱུང་བས། ཁོང་གཉིས་ཀྱིས་བྲེལ་གསེང་བར་ནས་ང་ཚོར་གེ་སར་སྒྲུང་གི་ཤིང་དཔར་སྐོར་ནས་མཚམས་སྦྱོར་བྱས། པར་ཁང་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་རྟ་རྒྱུག་ནོར་བུ་ཆ་བདུན་དང་། སྟག་གཟིག་ནོར་འགྱེད། འཁྲུངས་གླིང་མེ་ཏོག་ར་བ། ལྷ་གླིང་གབ་རྩེ་དགུ་སྐོར། གེ་སར་རྒྱལ་པོའི་གསུང་སོགས་ཤིང་དཔར་བཞི་བརྒྱ་ནས་ལྔ་བརྒྱ་ཡོད་པར་བཤད་པས། མཇལ་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་ནས་མུ་མཐུད་དུ་པར་ཁང་རེ་རེ་ནས་དྲིས་པ་ན། སྟབས་ལེགས་པ་ཞིག་ལ་པར་ཁང་ཆུང་ཆུང་ཞིག་ཏུ་ཤིང་དཔར་རྒྱག་བཞིན་པའི་ཨ་ཁུ་ཞིག་གིས་རོགས་རམ་ལ་བརྟེན་ནས་སྟག་གཟིག་ནོར་འགྱེད་ཀྱི་ཤིང་དཔར་ལ་དངོས་སུ་མཇལ་བའི་གོ་སྐབས་འགྲིག དེའི་སྒྲོམ་གཞིར་ཤིང་དཔར་སོ་དྲུག་ཡོད་ཅིང་། དེ་ནི་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ལས་སྟག་གཟིག་ཕབ་པའི་ནོར་འགྱེད་བཏང་བསྐོར་བཞུགས་སོ་ཞེས་པ་ཡིན། ཤིང་དཔར་མཇུག་མར་སྡེ་དགེ་སྒྲུང་མཁན་ཨ་ཉིད་ཀྱི་པར་དུ་བརྐོས་པ་འདིས་བོད་ཀྱི་རིག་གནས་དང་སྒྱུ་རྩལ། གླིང་སྒྲུང་ལ་སོགས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་སླད་དང་ནང་སྒོས་སུ་བསྟན་པ་དང་སེམས་ཅན་གྱི་དོན་མ་ལུས་པ་འགྲུབ་པའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།། །།དགེའོ།། །།ཞེས་བརྐོས་ཡོད་པ་ལགས། «མདོ་ཁམས་གླིང་ཡུལ་ཞིབ་ཉུལ»ལས། “སྡེ་དགེའི་སྤར་ཁང་ཆོས་མཛོད་ཆེན་པོའི་ནང་དུ་རྫོགས་ཆེན་པདྨ་རིག་འཛིན་ཀྱིས་ཕབ་པའི་སྟག་གཟིག་ནོར་འགྱེད་དང་། གླིང་རྗེ་གེ་སར་རྒྱལ་པོ་ལ་དགྲ་བླའི་ཝེར་མ་བཅུ་གསུམ་གྱིས་བསྐོར་བའི་ཐང་ལྡེབ་ཆེ་བ། ཡང་གེ་སར་གྱི་ཐང་སྤར་ཆུང་བ་ལ་ཝེར་མ་བཅུ་གསུམ་གྱིས་བསྐོར་བའི་ཤིན་ཏུ་བྱིན་ལྡན་དུ་གྲགས་པ་གནའ་དུས་གྲྭ་རྒྱུན་རྣམས་ངོར་དུ་གྲྭ་སར་ཕེབས་སྐབས་མདུང་མགོ་ལ་མདུང་དར་བྱས་ནས་བསྒྲོན་རྒྱུ་མཛད་པ། གནའ་དུས་ལྕགས་ར་དངུལ་ཆུ་ཁྲོ་རྫོང་ན་ཡོད་པའི་གེ་སར་བསང་དར། དགྲ་བླའི་བ་དན་ནམ་དགྲ་ལྷའི་དར་ཁྲ་ཕྱུག་མོ། གེ་སར་ཀླུང་རྟ་བཅས་ཀྱི་སྤར་ཤིང་དང་། དགོན་ཆེན་དུ་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྐུ་རྙིང་དང་། གནའ་དུས་ཕར་ཟད་ནས་མི་དབང་སྡེ་དགེའི་ཆོས་རྒྱལ་ཆེན་པོས་བཞེངས་པའི་གེ་སར་བསང་དར་ཆེ་ལེགས་སོགས་བཞུགས།”ཞེས་བརྗོད་ཡོད་དོ། ། 

WechatIMG1228.jpeg

WechatIMG1230.jpeg

WechatIMG1226.jpeg

སྤྱི་ལོ2020ལོའི་ཟླ7པའི་ཚེས30ཉིན་གྱི་དགུང་མོར་མཛོད་དགེ་ནས་བྲིས།

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།