བོད་སྐད་ཀྱི་མིང་གི་ཚོགས་པ་དང་ཚིག་གི་མཚན་ཉིད།

དེ་ཡང་སྐད་ཆ་ལ་ངེས་པ་ཟབ་པོ་ཞིག་བླང་དགོས་ན། བརྡ་སྤྲོད་ནི་གཏན་ཚིགས་རིག་པའི་འཆིང་བ་ལས་ངེས་པར་དགྲོལ་བར་བྱའོ་ཞེས་པ་ལྟར། ཚིག་གི་རྣམ་གཞག་འཆད་པའི་སྐབས་འདིར་ཚིག་དང་མིང་གི་ཁྱད་པར་ངེས་པར་སོ་སོར་དབྱེ་དགོས་ཤིང་། དེ་དབྱེ་བ་ལ་བརྡ་སྤྲོད་རིག་པ་རང་ཐད་ཀྱི་ཚིག་གི་མཚན་ཉིད་གཙང་སེང་བ་ཞིག་གཞག་པ་ནི། མིང་ཚིག་བརྗོད་པ་གསུམ་མམ་མིང་ཚིག་ཡི་གེ་གསུམ་སོ་སོར་ངེས་པའི་ཚིག་རང་སྟེང་གི་དགོས་མཁོ་ཞིག་ཀྱང་ཡིན་པས། ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ཡིན་ཏེ་མིང་འདུས་པའི་བདག་ཉིད་ཅན་ནོ་ཞེས་པ་དང་། མིང་གཉིས་སམ་ནི་མང་བོ་ཡིས།། དོན་གྱི་ཁྱད་པར་བརྗོད་བྱེད་པ།། དམ་ཆོས་མངོན་པར་གསུངས་པ་ཡི།།ཚིག་ཡིན་ཡི་གེ་འདུས་པ་ཉིད་ཅེས་བཀོད་པ་སོགས་ཀྱི་གང་ཡིན་ཡང་། མིང་དུ་མ་འདུས་ཀྱང་ཚིག་མ་གྲུབ་པ།ཀ་བ་རིང་པོ་ཟུར་བརྒྱད་པ། ཨུཏྤལ་སྔོན་པོ། བཅུ་གཉིས་བདག་པོ་ཞེས་པ་ལྟ་བུ་དང་། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ཀྱང་ད་དུང་མིང་གི་གནས་སྐབས་ཉིད་ན་གནས་པ། མེ་ལྕེ། སྒོང་སྐྱེས། སྨན་རྫས། སྐལ་བཟང་སྐྱིད་སོགས་དང་ཁྱད་པར་འབྱེད་དུ་མི་རུང་བས། ཚིག་ཅེས་པ་ལ་བརྡ་སྤྲོད་རིག་པའི་སྤྱི་ལུགས་ལྟར། སྐབས་བབ་ཀྱི་བསྟན་བྱ་རྫོགས་པ། སྒྲའི་འདེགས་འཇོག་གི་ཁྱད་པར་གསལ་བ་བཅས་ངེས་པར་དགོས་ཤིང་། དེ་ལ་ཚིག་མཐའི་མིང་དོན་གྱི་ཆ་ཤས་སུ་པ་དང་བ་སོགས་ཀྱི་ཆ་ཤས་གང་རུང་ལྡན་ན། དེ་དག་ལ་མིང་མཐའ་འམ་མིང་གི་ཆ་ཤས་ཀྱི་མིང་གིས་བཏགས་པ་ལྟར། བསྟན་བྱ་མ་རྫོགས་པའི་རྟགས་སུ་འགྱུར་བ་མ་ཟད། ཚིག་གི་བསྟན་དོན་རྫོགས་པར་བྱེད་པ་ལ་མིང་གང་ཡང་རུང་བས་རྔོ་མི་ཐོགས་པར། ཚིག་དོན་གསལ་བྱེད་ཀྱི་མིང་ཁག་ཅིག་གི་གང་རུང་དང་ངེས་པར་སྦྲེལ་ཕྱིར། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་ཅེས་པ་རུ།མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བའི་མཐར་གསལ་བྱེད་ཀྱི་སྒྲ་ཞིག་སྦྱར་ཞིང་། པ་གདངས་ཀྱི་གདེང་འཇོག་གསལ་བའི་བརྗོད་བྱེད་ཀྱི་སྒྲ་ཞིག་ཚིག་གི་མཚན་ཉིད་དུ་བཞག་ན། ཚིག་གི་ངོ་བོ་དང་། འགྲུབ་རྒྱུ། ཁྱད་ཆོས་སོགས་གསལ་བར་ངེས་པས་དེ་ལྟར་བཟུང་ན་ལེགས་ཤིང་། དེ་ཇི་ལྟར་འདུས་ནའང་སྐབས་དོན་རྫོགས་པར་སྟོན་པའི་རྗོད་བྱེད་ཀྱི་སྒྲ་ཞིག་ལ་ངེས་པར་གོ་བར་བྱའོ།།

དེ་ལྟར་ཚིག་གི་མཚན་ཉིད་ལ་ངེས་པ་འདྲོངས་ཚེ། མིང་དུ་མ་འདུས་ཏེ་མིང་གི་གནས་སྐབས་ལས་བརྒལ་ཀྱང་། སྐབས་བབ་ཀྱི་བསྟན་བྱ་རྫོགས་པར་མི་སྟོན་པའི་མིང་དང་ཚིག་གི་བར་བརྒལ་གྱི་མཚམས་སུ་གནས་པའི་བརྗོད་བྱེད་ཀྱི་སྒྲ་དག་ལ་མིང་ཅི་གདགས་དང་མཚན་ཉིད་ཅི་བྱེད་ཀྱི་གནད་དོན་ཞིག་བྱུང་བ་ནི། གོང་གི་མིང་དུ་མ་འདུས་པ་ཚིག་དང་། དོན་གྱི་ཁྱད་པར་སྟོན་པ་ཚིག་ཏུ་བྱེད་པའི་ཞིབ་ཆ་འབྱེད་བྱེད་ཀྱི་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་སུ་ད་ཕན་ཐག་གིས་མ་བཅད་པར་བཏང་སྙོམས་སུ་བཞག་པའི་གནད་དོན་ཞིག་ཀྱང་ཡིན་པས། ཐོག་མར་བརྗོད་བྱེད་ཀྱི་སྒྲ་དེ་རིགས་ལ་མིང་གང་ཞིག་འདོགས་པའི་ཐད་དུ། བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་སུ། མིང་སྔ་ཕྱིའི་བར་དང་། ཚིག་སྔ་ཕྱིའི་མཚམས་སུ་འབྲེལ་སྒྲ་བཞག་པས། སྦྲེལ་བྱ་མིང་སྔ་ཕྱི་དང་།ཚིག་སྔ་ཕྱིའི་འབྲེལ་བ་ཅི་རིགས་སྟོན་པར་བྱེད་ཅིང་། སྦྲེལ་བྱའི་དངོས་པོ་ལྡོག་པ་ཐ་དད་པ་མཚོན་པའི་ཐ་སྙད་སོ་སོའི་བར་འབྲེལ་སྒྲས་མཚམས་སྦྱར་བར་བརྟེན། དངོས་པོ་གཅིག་གི་ངོ་བོ་དང་། རང་བཞིན་ཁྱད་ཆོས་སོགས་སྟོན་པའི་མིང་གི་ཚོགས་པ་ཞིག་ཏུ་གྲུབ་པ་རེད། ཅེས་གསུངས་པ་ལྟར་མིང་གི་ཚོགས་པ་ཞེས་སུ་བཏགས་ན་སྒྲའི་སྦྱོར་བ་དེ་རིགས་ཀྱི་ཁྱད་ཆོས་དང་མཐུན་ཞིང་། མིང་དུ་མ་འདུས་ཀྱང་སྐབས་དོན་རྫོགས་པར་མི་སྟོན་པ་ནི། མིང་གི་བྱེད་པ་དང་མཚུངས་པར་ཚིག་གི་ཆ་ཤས་བྱེད་ཀྱང་། མིང་ཕལ་བ་ལས་བརྒལ་ཏེ་མིང་དུ་མའི་ཚོགས་པའི་ཕུང་བོ་ཞིག་ཏུ་གྲུབ་གདའ་ཕྱིར། མིང་གི་ཚོགས་པའི་མཚན་ཉིད་ལའང་། མིང་དུ་མ་འདུས་ཤིང་དོན་གྱི་ཁྱད་པར་རྫོགས་པར་མི་སྟོན་པར་ཚིག་གི་ཆ་ཤས་བྱེད་པའི་བརྗོད་བྱེད་ཀྱི་སྒྲ་ཞེས་པ་བཞག་པ་ལས་འོས་པ་མེད་དོ།།

《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》ལས་བཏུས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།