ཁམས་དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་མཁར་ལ་མཇལ་བ།

WechatIMG1202.jpeg

ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་སྤྱི་ཟླ7པའི་ཚེས27ཉིན་གྱི་སྔ་མོར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་རྟོག་དཔྱོད་བྱས་རྗེས་དཀར་མཛེས་རྫོང་དུ་བསྐྱོད་པ་ཡིན། སྡེ་དགེ་རྫོང་ནས་དཀར་མཛེས་རྫོང་བར་དུ་སྤྱི་ལེ་བརྒྱ་དང་བརྒྱད་ཅུ་ལྷག་ཡོད་ཅིང་རླངས་འཁོར་བསྐོར་ན་དུས་ཚོད་གསུམ་ལྷག་གིས་ཐོན་ཐུབ། ངེད་རྟོག་དཔྱོད་ཚོ་ཆུང་ལམ་བར་གྱི་མཛེས་ལྗོངས་དང་མཉམ་དུ་ཕྱི་དྲོ་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་དཀར་མཛེས་རྫོང་ཐོག་དུ་སླེབས་མ་ཐག་གེ་སར་རྒྱལ་པོའི་མཁར་ལ་མཇལ་འདོད་ཀྱི་འདུན་པ་རབ་ཏུ་རྒྱས་ཤིང་གྲོགས་མོ་བྱམས་པ་ཆོས་སྐྱིད་ཀྱི་སྣེ་ཁྲིད་འོག་ཐད་ཀར་གེ་སར་རྒྱལ་པོའི་མཁར་གྱི་ཕྱོགས་སུ་ཆས་ཤིང་ས་དེའི་ལས་བྱེད་མི་སྣ་བློ་བཟང་དབང་གྲགས་ཀྱིས་སྣེ་ཤན་དང་མཚམས་སྦྱོར་ལེགས་པོ་ལ་བརྟེན་ནས་གེ་སར་རྒྱལ་པོའི་མཁར་ལ་རྒྱུས་ལོན་གཏིང་ཟབ་ཞིག་བྱེད་ཐུབ་པ་བྱུང་།

WechatIMG1204.jpeg

WechatIMG1205.jpeg

དཀར་མཛེས་རྫོང་ལ“རི་ཆུ་ཁོར་ཡུག་དང་ཁམས་བྱང་ལྟེ་བ”ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། དེ་ནི་ཤམ་བྷ་ལའི་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་སུ་ཆགས་ཏེ།  བོད་ཆའང་དབྱིས་གསུམ་གྱི་རིག་གནས་རྒྱུད་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་དང་། ཁམས་བྱང་ཡུལ་སྐོར་ས་ཁུལ་གྱི་ལྟེ་གནས་ཡིན་པར་མ་ཟད། ཁམས་པའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་དང་ཁམས་པའི་རིག་གནས་ཡུལ་སྐོར་མུ་ཁྱུད།  སི་ཁྲོན་གྱི་གསར་བརྗེའི་ཡུལ་སྐོར་ཁུལ་སོགས་ཀྱི་ས་ཁུལ་གཙོ་ཤོས་ཀྱང་ཡིན། ཡུལ་འདིར་བོད་མི་རེ་རེའི་ཁ་ན་སྒྲུང་རེ་ཞེས་རི་ལུང་ཀུན་ཏུ་གེ་སར་རིག་གནས་ས་ཁྱབ་རྡོ་ཁྱབ་སོང་འདུག་ལ། རྒྱ་ཚ་ཞལ་དཀར་གྱི་གནས་རི་བྲག་རི་གཡང་མཁར་དང་། སེང་ལྕམ་འབྲུག་མོའི་སྐུ་བརྙན་རང་བྱོན། གེ་སར་རྒྱལ་པོའི་ཕོ་བྲང་དང་། ཞབས་རྗེས། ཀྲབ་རྨོག རལ་གྲི་སོགས་ཀྱི་ཤུལ་རྗེས། གེ་སར་རྒྱལ་པོ་དང་མ་ཡུམ་གཉིས་ཀྱིས་དམག་རྟ་བཟུང་ཤུལ། གེ་སར་རྒྱལ་པོའི་ཆིབས་རྟ་རྐྱང་རྒོད་གཡེར་བའི་ཕ་ས་རོང་པ་ཚ་སོགས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན120ལྷག་ཡོད་པར་མ་ཟད། བཤད་ནས་ཚར་རྒྱུ་མེད་པའི་དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་སྒྲུང་པ་མང་པོ་དང་། གེ་སར་རྡོ་བརྐོས། གེ་སར་ཟློས་གར། སྒྲུང་ཐང་། ལྡེབས་རིས་སོགས་གེ་སར་རིག་གནས་ཀྱི་རྣམ་པ་མང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། དེ་ལས་ཀྱང་བརྗོད་འོས་པ་ཞིག་ནི་ཐེངས་འདིའི་ཡུལ་དངོས་རྟོག་དཔྱོད་བྱེད་ཡུལ་གཙོ་བོ་སྟེ་དཀར་མཛེས་རྫོང་གིས་མ་དངུལ་འབོར་ཆེན་བཏང་ནས་གསར་དུ་བཞེངས་བསྐྲུན་གནང་བའི་གེ་སར་རིག་གནས་ཕྱོགས་ཀུན་ནས་རོལ་མྱོང་ཐུབ་པའི་ཡུལ་ཁམས་གེ་སར་རྒྱལ་པོའི་མཁར་རེད།

WechatIMG1207.jpeg

གེ་སར་རྒྱལ་པོའི་མཁར་ནི་དཀར་མཛེས་རྫོང་གི་ཤར་ལྷོའི་ས་མཚམས་དང་། བྱང་དུ་རྒྱལ་ལམ317ཐིག་གི་གཞུང་ལམ།  ལྷོ་རུ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་།  ནུབ་ཏུ་མཛེས་སྡུག་ལྡན་པའི་ཤུག་རི་གླིང་མཆོད་རྟེན་དཀར་པོའང་སུ་ངོ་ཆུ་འདབས་སུ་ལྷང་ངེར་ཆགས་ཡོད། མཁར་འདི་བཞེངས་བསྐྲུན་བྱེད་སའི་ཡུལ་འདི་ལ་ལུང་བསྟན་གནང་བའི་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། ལྷ་ལས་བབས་པའི་རྡོ་ཡིས་གཤོག་ཟུང་བརྐྱངས་ཏེ། འབྲུག་མོའི་སྤྱན་ཆབ་མཁའ་ལ་འཕྱོ་ཞིང་། གེ་སར་རྒྱལ་པོ་འཇིག་རྟེན་དུ་བྱོན་པའི་དུས་སུ། དཀར་མཛེས་སུ་པདྨའི་མཁར་ཞིག་འབྱུང་ཞེས་གེ་སར་རྒྱལ་པོའི་མཁར་བཞེངས་སར་རང་བྱུང་རྡོ་ཁྱད་མཚར་བ་དང་ཆུ་ཚན། གེ་སར་གྱི་དབུ་རང་བྱོན་སོགས་ལུང་བསྟན་དང་མཐུན་པའི་རྟགས་མཚན་ཡོད་པར་སྐད། གཞན་ཡང་། ཡུལ་དེའི་ཕྱུག་རི་གླིང་ནི་མ་ཡུམ་འགོག་བཟའ་ལྷ་མོའི་འཁྲུངས་གཞིས་དང་། ཧོར་གླིང་གཡུལ་འགྱེད་ཀྱི་གནས་ཤུལ། སེང་ལྕམ་འབྲུག་མོ་ལོ་ངོ་དགུ་ལྷག་ལ་བཞུགས་གནས་ཡིན་པའི་ངག་རྒྱུན་ཡང་ཡོད་དོ། །

WechatIMG1209.jpeg

WechatIMG1208.jpeg

གེ་སར་རྒྱལ་པོའི་མཁར་ནང་དུ་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་དང་། གླིང་གི་དཔའ་རྟུལ་སུམ་ཅུའི་རྫོང་མཁར་གྱི་མིང་བཏགས་ཏེ་ཁང་ཚན128འཛུགས་སྐྲུན་བྱས་འདུག་ལ། ཁང་ཚན་དག་གི་སྒོ་འགྲམ་དུ་དཔའ་རྟུལ་རེ་རེའི་འབུར་སྐུ་གསོན་ཉམས་ལྡན་པ་བཞེངས་ཡོད། ཁང་ཚན་དག་ན་བཟའ་བཏུང་གཡོས་སྐོལ་དང་། རོལ་རྩེད་ངལ་གསོ། མགྲོན་ཁང་། ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་སོགས་ལས་གཉེར་གཙོ་བོར་བཟུང་ནས་བཟའ་བཏུང་དང་། ཡུལ་སྐོར། རོལ་རྩེད། ཉོ་འཚོང་སོགས་གཞི་གཅིག་ཏུ་འདུས་ཤིང་བོད་ཀྱི་རིག་གནས་རོལ་མྱོང་བྱེད་སའི་གནས་ཁྱད་པར་བ་རེ་འཛུགས་སྐྲུན་བྱས་འདུག མཁར་ནང་དུ་ཞི་འཇམ་གྱི་འབྲུག་མོའི་བླ་མཚོ་ཞེས་ཆུ་ཚན་དུ་ཁྲུས་བྱས་ཆོག་ལ། ཕྱི་རོལ་གྱང་ངོས་རེ་འགར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གེ་སར་སྒྲུང་ལས་བསྟན་པའི་གྲི་བཤད་དང་། རྟ་བསྟོད། ཞྭ་བསྟོད། ཇ་བསྟོད་སོགས་བཀོད་འདུག

WechatIMG1210.jpeg

WechatIMG1211.jpeg

གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེའི་མདུན་དུ་གླིང་རྗེ་གེ་སར་རྒྱལ་པོ་གཡུལ་ངོར་བསྐྱོད་པའི་ཟངས་སྐུ་ཆེན་མོ་ཞིག་བཞེངས་འདུག ཕོ་བྲང་ནང་དུ་འཛུལ་མ་ཐག་གླིང་རྗེ་གེ་སར་རྒྱལ་པོ་དང་། མ་ཡུལ་འགོག་བཟའ། སེང་ལྕམ་འབྲུག་མོ། ཨ་སྟག་ཀླུ་མོ། པདྨ་ཆོས་སྒྲོན་བཅས་ཀྱི་འབུར་སྐུ་དང་། གཡས་གཡོས་ཀྱི་གྱང་ངོས་སུ་གླིང་གི་དཔའ་རྟུལ་སུམ་ཅུའི་འབུར་བརྐོས་བཞེངས་ཡོད། འགྲེམ་སྟོན་ཁང་དུ་ཕྱོགས་བཞི་དགྲ་བཞིའི་ཤིང་བརྐོས་དང་། སྒྲུང་ཐང་མང་པོ། ཡིག་གཟུགས་སྣ་ཚོགས་ཀྱིས་བྲིས་པའི་གེ་སར་གསོལ་མཆོད། སྒྲུང་ཞྭ། ནོར་བུ་ཆ་བདུན། གེ་སར་ཞལ་འབོག དགྲ་ལྷའི་གོ་མཚོན་སྣ་དགུ། ཀླུ་ཟོག་ནོར་བུ་ཆ་བཞི། སྟག་གཟིག་ནོར་བདུན་སོགས་བཞེངས་ཡོད་པར་མ་ཟད། ལྷ་གླིང་དང་རྟ་རྒྱུག་སོགས་ཀྱི་སྒྲུང་ཐང་དང། གེ་སར་རྒྱལ་པོའི་ངོ་བོ་མི་འདྲ་བའི་འབུར་སྐུ་ལེགས་པོ་བཞེངས་ཡོད། གཞན་ཡང་དཀར་མཛེས་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་མང་པོའང་འགྲེམ་སྟོན་བྱས་འདུག

1595986604418088.jpeg


འབྲེལ་ཡོད་ཀྱི་རྒྱུ་ཆ་ལས་ངོ་སྤྲོད་བྱས་པ་ལྟར་ན། གེ་སར་རྒྱལ་པོའི་མཁར་ནི་སྤྱི་ལོ2017ལོའི་ཟླ6པར་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་།  སྤྱི་ལོ2019ལོའི་ཟླ9པའི་ཚེས16ཉིན་དངོས་སུ་སྒོ་འབྱེད་བྱས། དེར་རྒྱ་ཁྱོན་མུའུ1455ཡིས་འཆར་གཞི་བཟོས་ནས་མ་དངུལ་སྒོར་དུང་ཕྱུར6.5བཏང་སྟེ།  དཀར་མཛེས་རྫོང་གི་ཆེས་ཆེ་བའི་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་གསར་པ་ཞིག་ཏུ་ཆགས།  དཀར་མཛེས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་པའི་ལུང་ཆོན་དབྱི་ཁུལ་གྱིས་མ་དངུལ་སྒོར་ཁྲི9400ཡི་ནོར་སྲིད་རོགས་སྐྱོར་བྱས་ཤིང་།  དབུལ་ཕོངས་གྲོང་ཚོ128ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་།  ཐུན་མོང་དཔལ་འབྱོར་གོང་འཕེལ་ལ་རོགས་རམ་དང་དབུལ་ཕོངས་སྡེ་པས་རང་བདག་གིས་ཐག་གཅོད་བྱེད་པ་དང་མཉམ་སྡེབ་ཚོང་ལས་ཀྱིས་རྣམ་པའི་སྒོ་ནས་ལས་གཞི་འདིར་ཞུགས་རྒྱུ་བྱས།  མཁར་གྲོང་འདི་ལ་མཚོན་ན་གེ་སར་རིག་གནས་སྲོག་ཤིང་བྱས་ཏེ།  ལས་རིགས་ཀྱིས་མཁར་གྲོང་དར་བ་དང་།  མཁར་གྲོང་གིས་ལས་རིགས་སྐུལ་བ།  རིག་གནས་ཀྱིས་མཁར་གྲོང་ལ་སྲོག་ཞུགས་པའི་རྣམ་པ་ལྟར།  བཟའ་འདུག་སྤྱོད་གསུམ་དང་ཡུལ་སྐོར།  ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ལས་རིགས་ཤིག་བཙུགས་ནས།  དབུལ་ཕོངས་གྲོང་ཚོ128ཀྱི་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ནས་དབུལ་ཕོངས་ཁྱིམ་ཚང3000ལྷག་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་ལ་ཆས་པར་རམ་འདེགས་བྱེད་དང་བྱེད་མུས་ཡོད།

WechatIMG1215.jpeg

མདོར་ན། གེ་སར་རྒྱལ་པོའི་མཁར་ནི་གེ་སར་རིག་གནས་རྫོང་མཐུག་པའི་ཡུལ་ཁམས་ཤིག་སྟེ། གེ་སར་རིག་པའི་ཞིབ་འཇུག་པ་ནོར་བུ་དབང་ལྡན་གྱིས། འདི་ནི་དཔའ་བོའི་མཁར་དང་། རིག་གནས་ཀྱི་མཁར། ལོ་རྒྱུས་སྙན་རྩོམ་གྱི་མཁར་ཞིག་ཡིན་ཞིང་། དམངས་འཚོའི་མཁར་དང་རེ་བའི་མཁར་ཞིག་ཀྱང་རེད་ཅེས་པ་བཞིན། རྣམ་པ་གསོན་པའི་ཚུལ་དུ་གནས་པ་དང“མི་སེམས་རབ་ཏུ་གཡོ་བར་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ”ཞིག་གནས་འདི་ནས་མངོན་བྱུང་པས། ཕྱི་ཉིན་སྔ་མོར་ལམ་ལ་ཆས་སྐབས་ཡང་ཡང་མཇལ་བའི་སྨོན་འདུན་དང་བཅས་ཡུལ་དངོས་རྟོག་དཔྱོད་ཀྱི་ས་ཚུགས་རྗེས་མར་བསྐྱོད་པ་ཡིན་ནོ། །

སྤྱི་ལོ2020ལོའི་ཟླ7པའི་ཚེས29ཉིན་གྱི་དགུང་མོར་གསེར་རྟ་ནས་བྲིས།

WechatIMG1214.jpeg

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།