སྡེ་དགེའི་ཨ་ཕྱུག་ཡུལ་གྱི་གེ་སར་ལྷ་ཁང་ལ་མཇལ་བ།

WechatIMG1188.jpeg

WechatIMG1189.jpeg

ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་དེ་ཟླ༧པའི་ཚེས༢༦ཉིན་རྫ་ཆུ་ཁའི་གླིང་གི་མ་ཎིའི་རྡོ་མཁར་ཆེན་མོ་ལ་ཡུལ་དངོས་རྟོག་ཞིབ་ལེགས་པོ་ཞིག་བྱས་རྗེས་སྡེ་དགེའི་ཨ་ཕྱུག་ཡུལ་དུ་བསྐྱོད། སྡེ་དགེ་མངའ་ཁོངས་སུ་སླེབས་ཏེ་ཨ་ཕྱུག་རྩྭ་ཐང་ཕྱོགས་ལ་འགྲོ་བའི་ལམ་བར་ནས་ཨ་ཁུ་ལམ་འགྲོ་བ་ཞིག་ལ་ལམ་གྱི་རྒྱུ་མཚན་དྲིས་པ་ན། དེ་རིང་གནམ་གཤིས་ཡག་པོ་ཡིན་པས་ཉིན་འགའ་སྔོན་དུ་རི་ཉིལ་ནས་ལམ་བཀག་ཡོད་པ་འགའ་ཡོད་ཀྱང་རླངས་འཁོར་ཅུང་དལ་མོ་བྱས་ནས་སོང་ན་ཐོན་ངེས་ཡིན་ཞེས་པའི་གཏམ་ཡག་བཤད་བྱུང། གེ་སར་ཞིབ་འཇུག་གི་བྱ་བ་སྒྲུབ་མཁན་ཞིག་ལ་མཚོན་ན། གེ་སར་ལྷ་ཁང་ལ་མྱུར་ཏུ་མཇལ་འདོད་པ་ནི་སྐོམ་པ་ཆུ་འདོད་བཞིན་ཡིན་པས། རྫ་ཆུ་འགྲམ་གྱི་ལམ་ཕྲན་འདེད་ནས་ཨ་ཕྱུག་རྩྭ་ཐང་གི་ཕྱོགས་སུ་བསྐྱོད་དེ། ཕྱི་དྲོ་དུས་ཚོད་ལྔའི་སྟེང་སྡེ་དགེ་རྫོང་ཨ་ཕྱུག་ཡུལ་གྱི་གེ་སར་ལྷ་ཁང་ཡོད་སར་འབྱོར་བྱུང་།

WechatIMG1193.jpeg

WechatIMG1194.jpeg

གེ་སར་ལྷ་ཁང་ནི་འཁྲུངས་གླིང་ལས། གནམ་ཐོག་ཕུབ་འཁོར་ལོ་རྩིབ་བརྒྱད་ཡོད། །ས་བཀོད་ལེགས་པདྨ་འདབ་བརྒྱད་ཡོད། །བར་བཀྲ་ཤིས་རྟགས་ཀྱི་ར་བས་བསྐོར། །ཞེས་གསུངས་པ་ལྟར་རི་ཆུ་ནགས་གསུམ་འཛོམས་ཤིང་བྱ་བྱིའུ་འདུ་འཛོམས་བྱེད་པའི་ཁོར་ཡུག་ལྟ་ན་སྡུག་པ་ཞིག་ན་ཆགས་ཡོད། ངེད་རྟོག་དཔྱོད་ཚོ་ཆུང་གེ་སར་ལྷ་ཁང་ནང་དུ་སླེབས་མ་ཐག་མིག་ལམ་དུ་ཐོག་མར་མངོན་བྱུང་བ་ནི་གླིང་རྗེ་གེ་སར་རྒྱལ་པོ་སྐུ་ཉིད་འཁོར་གསུམ་ལུས་ལ་བཏགས་ཏེ་རྐྱང་བུའི་སྟེང་ལ་ཆིབས་པའི་འབུར་སྐུ་ཡིན་ལ། ལྷ་ཁང་ནང་དུ་གྲལ་དག་ཅིང་དྲི་ཞིམ་པོ་ཞིག་ཐུལ་ཡོད། གླིང་རྗེ་གེ་སར་རྒྱལ་པོའི་འབུར་སྐུའི་མདུན་དུ་ལུག་གི་མ་མོ་གྲོག་མགོ་མ་སོགས་བཞེངས་པ་དང་། གཡས་གཡོན་གཉིས་ན་གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་རྟུལ་དམ་པའི་མི་བདུན།   སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་སོགས་གླིང་གི་དྭངས་སྨན་བརྒྱད། རྒྱབ་ཡོལ་ཐོག་ཏུ་གེ་སར་རྒྱལ་པོའི་དགྲ་ལྷ་ཝེར་མ་བཅུ་གསུམ། གཡས་གཡོན་རྒྱབ་ཀྱི་གྱང་ངོས་ཀྱི་མཆོད་ཁྲི་ཐོག་ཏུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བཞེངས་ཡོད། གྱང་ངོས་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ་སོགས་ཁོང་གི་འཕྲིན་ལས་ཞབས་རྗེས་རྣམས་བཀོད་ཡོད། 

WechatIMG1195.jpeg

WechatIMG1196.jpeg

    དེས་ན་གེ་སར་ལྷ་ཁང་འདི་དུས་ནམ་ཞིག་ལ་མི་སུས་བཞེངས་པ་ཡིན་ཞེ་ན། འབྲེལ་ཡོད་ཀྱི་དཔྱད་གཞི་ལས། བོད་རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྤྱི་ལོ༡༤༩༠ལོ་ཡས་མས་སུ་གླིང་ཚང་རྒྱལ་པོ་དབང་ཆེན་གཡུ་རྒྱལ་གྱིས་དབང་བསྒྱུར་གནང་སྐབས་གེ་སར་རྒྱལ་པོའི་རྗེས་དྲན་ཁང་སྟེ་དེང་གི་གེ་སར་ལྷ་ཁང་གི་རྟེན་དང་བརྟེན་པ་བཅས་བཞེངས། དེར་གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་འཁོར་གསུམ་དང་ན་བཟའ། མདའ་གཞུ། གྲི། བ་སོའི་ཐམ་ག་བཅས་དང་། གླིང་གི་ཕུ་ནུ་དཔའ་རྟུལ་དང་མོ་སྨན་སོགས་ཀྱི་ཆས་རྫས་སྣ་ཚོགས་གྲངས་སྟོང་ཕྲག་ལས་བརྒལ་བ་ཡོད་པར་སྐད་ལ། གེ་སར་རྒྱལ་པོ་གཙོས་པའི་དཔའ་རྟུལ་སུམ་ཅུ་དང་། ཚ་ཞང་འདན་མ་གཙོས་པའི་གླིང་གི་ཁྲ་གླག་སྤྱང་གསུམ། རྒྱ་ཚ་ཞལ་དཀར་གཙོས་པའི་ཡང་རྟུལ་དམ་པའི་མི་བདུན། ལྷ་ཆེན་ཚངས་པ་དཀར་པོ་གཙོས་པའི་གླིང་ལྷ་བརྒྱད། སེང་ལྕམ་འབྲུག་མོ་གཙོས་པའི་མོ་སྨན་བརྒྱད། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་སོགས་རྟེན་བཞེངས་གནང་ཡོད་པར་བཤད།

WechatIMG139.jpeg

    ཨ་ཕྱུག་རྩྭ་ཐང་གི་གེ་སར་འཁྲུངས་སའི་གནས་ཀྱི་བཀོད་པ་ལ། འཁྲུངས་གླིང་མེ་ཏོག་ར་བ་ལས། མ་ཡུམ་འགོག་བཟའ་ལྷ་མོས་ལྷ་ཕྲུག་ཐོས་པ་དགའ་བ་ལ་གླུ་འདི་འདྲ་ཞིག་བླངས་ཡོད་དེ། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །བྲག་སྦལ་པ་འདྲ་བའི་རྩ་བ་རེད། །ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད། །ལྷ་པདྨའི་ལུང་བསྟན་ཐོབ་ས་རེད། །ཅེས་བརྗོད་པ་བཞིན་གེ་སར་ལྷ་ཁང་དུ་མི་ལོ་ཉི་ཤུ་ལྷག་རིང་གི་གཉེར་བ་ཡིན་ཞིང་། ད་ལོ་དགུང་ལོ་དོན་དགུ་ལ་སོན་ཡོད་པའི་ཨ་ཁུ་སེང་གེས་མཚམས་སྦྱོར་ལེགས་པོ་བྱས། གེ་སར་ལྷ་ཁང་གི་མདུན་གྱི་ཆུ་གཉིས་ཆབ་མ་བརྡབ་འདྲ་ནི། ལྕི་ཁོག་དང་སོས་ཁོག་གཉིས་ནས་འབབ་པའི་ལྕི་ཆུ་དང་སོས་ཆུ་གཉིས་པོ་ལྕི་སོས་ཡག་གི་ཁ་མདོ་ནས་རྫ་ཆུའི་ནང་དུ་འབབ་པ་ལ་ཟེར་ཞིང༌། ཡང་འགའ་རེས་སོས་ཆུ་གེ་སར་ལྷ་ཁང་གི་མདུན་ཕྱོགས་ནས་ཡར་འཁོར་ཏེ་རྫ་ཆུའི་ནང་དུ་འབབ་པ་ལ་བཤད། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ནི། སྐྱིད་སོས་ཡག་གི་ཁ་མདོའི་རྒྱབ་རི་རྒོད་པོ་ལྷ་རྩེའི་མདུན་ཕྱོགས་ནས་ཡོད་པའི་བྲག་མདའ་སྒྲོ་མ་ཟེར་བའི་བྲག་རི་མདའ་སྒྲོ་བསྒྲོན་པ་འདྲ་བ་དེ་གཉིས་ཡིན། སྤང་གཉིས་བལ་སྟན་བཏིང་འདྲ་ནི། གེ་སར་ལྷ་ཁང་གི་གཡས་གཡོན་ན་བལ་སྟན་བཏིང་བ་འདྲ་བའི་རྩྭ་ཐང་མཛེས་པ་གཉིས་ཡོད་པ་དེ་ལ་ཟེར། བྲག་སྦལ་པ་འདྲ་བའི་རྩ་བ་ནི། གེ་སར་ལྷ་ཁང་གི་གཡས་ཕྱོགས་ལྟག་མགོར་ཡོད་པའི་ཕ་བོང་ཆེན་པོ་སྦལ་པ་གྱེན་དུ་འགྲོ་བ་འདྲ་བ་མིང་ལ་བྲག་སྦལ་པ་མ་ཟེར་བ་དེ་ཡིན་ཞིང༌། འདིའི་གཡོན་རྩ་གེ་སར་ལྷ་ཁང་བཞེངས་ཡོད་ས་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་དེ་ཉིད་སྐུ་བལྟམས་པ་ཡིན་ནོ། །

WechatIMG1191.jpeg

WechatIMG1197.jpeg

WechatIMG1192.jpeg

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།