སེམས་ཁམས་དབྱེ་ཞིབ་རིག་པའི་མཐོང་ལམ་སྤྱད་ནས་གློག་བརྙན«ལག་དམར»ལ་དཔྱད་པ།

[ ནང་དོན་གནད་བསྡུས། ]  དཔྱད་རྩོམ་འདིར་གློག་བརྙན་མཚོན་རྟགས་རིག་པ་གཉིས་པ་རུ་གྲགས་པའི་སེམས་ཁམས་དབྱེ་ཞིབ་རིག་པའི་གློག་བརྙན་གཞུང་ལུགས་ཀྱི་རིག་པ་སྤྱད་དེ་མེ་ལོང་དང་།  རྨི་ལམ། བུད་མེད་རིང་ལུགས་ལ་སོགས་པའི་ཕྱོགས་མང་པོ་ནས་གློག་བརྙན་ «ལག་དམར»ལ་དབྱེ་ཞིབ་དང་དཔྱད་འཇོག་བྱས་ཡོད།  

[ བརྡ་ཆད་གཙོ་བོ། ] སེམས་ཁམས་དབྱེ་ཞིབ་རིག་པ།  གློག་བརྙན་མཚོན་རྟགས་རིག་པ་གཉིས་པ།   བུད་མེད་རིང་ལུགས།

«ལག་དམར»ཞེས་པའི་མིང་འདི་ཐོས་མ་ཐག་ང་ཚོའི་སྣང་ངོར་འཇིགས་སུ་རུང་བའི་པར་རིས་མང་པོ་འཆར་སྲིད་ལ།  གློག་བརྙན་འགོ་བརྩམས་རྗེས་ཀྱང་སྟོང་སང་སང་གི་ཡུལ་ལུང་དང་སྐྱ་ཟད་སྔོ་སྡུག་གི་ཁོར་ཡུག་སྡུག་པོ།   སྦྱིན་པའི་ཁ་རུ་ངོ་མདོག་དང་འགྲོ་འདུག་སྤྱོད་གསུམ་གྱིས་ཀྱང་དེ་འདྲའི་སྣང་བ་ཇེ་ཟབ་ཏུ་གཏོང་སྲིད་མོད།  དེ་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟད་མོ་བར་ཀུ་རེ་རྩེད་མཚར་ཞིག་རྩེ་བའམ་ཡང་ན་ལྟད་མོའི་དང་བ་འདྲེན་བྱེད་ཙམ་ལས།   མ་གཞི་གློག་བརྙན་དངོས་ནི་དེ་ལས་ཡོངས་སུ་ལྡོག་སྟེ།   “ལག་དམར”ཞེས་པའི་མིང་ཚིག་འདི་ཉིད་ཀྱི་སྒྲིག་གཞི་གཏོར་བ་(解构)ཞིག་སྟེ། སྦྱིན་པའི་སྟེང་ལག་དམར་གྱི་གཞི་གཏན་ནས་མ་གྲུབ།  གློག་བརྙན་འདིའི་ནང་ངེས་པར་དུ་ལག་དམར་ཞེས་མཛུབ་མོ་འཛུགས་ས་ཞིག་དགོས་ན་དེ་ནི་སྦྱིན་པའི་དགྲ་ཤ་སློག་ས་དེ་ཡིན་དགོས་མོད།  ཁོའང་ལག་དམར་ཞེས་པའི་ཚིག་གི་ངོ་བོའི་སྟེང་གྲུབ་པའི་གདུག་རྩུབ་ཅན་ཞིག་ལས་ལྡོག་སྟེ་དགེ་སྦྱོང་དང་འགྱོད་གཤགས་ཀྱིས་འཚོ་བའི་རྒན་པ་བྱམས་སེམས་ཅན་ཞིག་ཏུ་སྣང་།  གློག་བརྙན་འདིའི་རྒྱ་སྐད་ཀྱི་མིང་ལ་«ལུག་གཅིག་བརྡབས་ནས་བསད་པ»ཞེས་བཏགས་འདུག་པ་ནི་གཏམ་རྒྱུད་གྱི་སྔ་ལྟས་སམ་འགོ་ཚུགས་ས་རུ་གྱུར་པ་དང་། དབྱིན་སྐད་དུ་«སྦྱིན་པ»ཞེས་བཏགས་ཡོད་པ་ནི་ད་གཟོད་གཏམ་རྒྱུད་ཀྱི་དྲང་ཐིག་སྟེང་དུ་བབས་ཡོད་པར་འདོད་དེ།  གློག་བརྙན་ཁྲོད་དུ་སྦྱིན་པ་ཞེས་པའི་མི་སྣ་གང་དེ་བརྗོད་བྱར་བཟུང་སྟེ་མི་སྒེར་ཞིག་གི་སེམས་ཁམས་དང་གནས་སྟངས་བརྗོད་ཀྱི་ཡོད་པ་རེད།  འདིའི་ཐད་ནས་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་སྔ་མ་དག་ཏུ་མི་རིགས་དང་ཚོགས་སྤྱིའི་ལས་དབང་ལ་མནོ་བསམ་བགྱིས་པ་དང་མི་མཚུངས་པར།  མི་རིགས་དང་རིག་གནས་ཀྱི་སྒྲོམ་གཞི་ལས་བརྒལ་ཏེ་མི་བྱེ་བྲག་པའི་ནར་སོན་དང་སེམས་ཁམས་བརྗོད་འདུག་ལ།   འདིར་མེ་ལོང་དང་རྨི་ལམ།   བུད་མེད་རིང་ལུགས་ལ་སོགས་སེམས་ཁམས་དབྱེ་ཞིབ་རིག་པའི་བརྗོད་གཞི་གཙོ་བོ་དག་དང་འབྲེལ་བ་དམ་ཟབ་ཡོད་པས། དེའི་དཔེ་གཞི་འོས་འཚམ་ཞིག་ཏུ་འདོད་ཅིང་།  འཁྲབ་ཁྲིད་པས་ཆེད་དུ་ཇུས་འགོད་བྱས་ཟེར་ན་དཀའ་མོད།  ང་ཚོས་གློག་བརྙན་མཚོན་རྟགས་རིག་པ་གཉིས་པར་གྲགས་པའི་སེམས་ཁམས་དབྱེ་ཞིབ་རིག་པའི་གློག་བརྙན་གཞུང་ལུགས་ཀྱི་མིག་རྒྱང་སྤྱད་དེ་གློག་བརྙན་འདི་གསེད་བཀྲོད་བྱས་ནའང་གསེད་ཐུབ་པ་ཞིག་ཡིན་འདུག་པས།  འདིར་ཚོད་ལྟའི་ཚུལ་གྱིས་རིགས་པ་དེ་ཉིད་ཀྱིས་དཔྱད་པར་བྱ། 

གཅིག  སྦྱིན་པའི་“མེ་ལོང་དུས་རིམ།(镜像阶段)”  

གློག་བརྙན་འགོ་བརྩམས་མ་ཐག་གཏན་འཇགས་བརྙན་མིག་རིང་པོ་ཞིག་གི་དུས་ཡུན་དུ་དོས་སྐྱེལ་རླངས་འཁོར་གྱི་འགྲོས་དང་བསྟུན་ནས་ལྟད་མོ་བ་སྐྱ་ཤུར་ཤུར་གྱི་མི་མེད་ལུང་སྟོང་ཞིག་དུ་ཁྲིད།  དེ་ནི་སྦྱིན་པའི་འཇིག་རྟེན་ཏེ་ཁེར་རྐྱང་དང་སུན་སྣང་གིས་ཁེངས་པ་ཞིག་རེད།  འདི་ནི་པདྨ་ཚེ་བརྟན་གྱི་བརྙན་མིག་གི་ཁྱད་ཆོས་ཆེས་མངོན་གསལ་བ་ཞིག་སྟེ།  ཁོང་གི་གློག་བརྩམས་ཆོས་དག་གི་ཁྲོད་ཀྱི་བོད་ཡུལ་ནི་མི་རིགས་གཞན་པའི་བག་ཆགས་ཁྲོད་ཀྱི་རི་སྔོ་ཆུ་དྭངས་དང་ཨ་སྔོན་སྤྲིན་དཀར་སོགས་ཁ་དོག་རྣམ་པར་བཀྲ་བའི་ལྗོངས་རྒྱུའི་ཞིང་ཁམས་ཞིག་མ་ཡིན་པར།  སྐྱ་ཟད་སྔོ་སྡུག་དང་རབ་རིབ་མུན་འཐིབས་ཀྱི་སྟོང་པའི་ཁམས་ཤིག་སྟེ།  ཡི་མུག་དང་སྐྱོ་སྣང་གི་མཁའ་དབུགས་ཀྱི་རྫོང་མཐུག་པོ་བསྐྲུན་པར་བརྟེན། བརྗོད་དོན་འབུར་དུ་གདོད་རྒྱུ་ནི་ཁོའི་ལག་ཐབས་གལ་ཆེན་ཞིག་ཏུ་གྱུར་འདུག  འདིར་ཡང་དེ་འདྲའི་ཐབས་རྩལ་ལ་བརྟེན་ནས་སྦྱིན་པའི་ནང་སེམས་ཀྱི་འཇིག་རྟེན་མཚོན་པར་རམ་འདེགས་བྱས་ཡོད་ལ། གློག་བརྙན་གྱི་རྒྱུན་ལྡན་མ་ཡིན་པའི་གཞི་གདངས་ཤིག་གྲུབ་པར་བྱས་ཡོད།  དེ་ན་གང་ཞིག་ནས་རྒྱུན་ལྡན་མ་རེད་ཅེ་ན།  སྦྱིན་པའི་འགྲུལ་བཞུད་ཐེངས་དེ་ནི་རྒྱུན་ལྡན་གྱི་འགྲུལ་བཞུད་ཅིག་མ་ཡིན་པར། སྒྱུ་འཕྲུལ་གྱི་ཁ་དོག་གིས་ཕྱུག་པའི་ནང་སེམས་ཀྱི་ཉམས་ལེན་ཐེངས་ཤིག་སྟེ། སྤྱིར་གློག་བརྙན་གྱི་འགོ་ནས་མཇུག་བར་མི་སྣ་གཙོ་བོ་སྦྱིན་པའི་རང་ལབ་གཏམ་རྒྱུད་(自我寓言)ཅིག་ཏུ་ངོས་བཟུང་ཆོག་སྟེ།  མི་ཞིག་དང་མེ་ལོང་ཞིག་གི་གཏམ་རྒྱུད་བརྗོད་ཀྱི་ཡོད་པ་རེད།   གློག་བརྙན་དུ་སྦྱིན་པ་(ཁ་ལོ་བ)དང་སྦྱིན་པ་(ཤ་འཁོན་ལེན་མཁན)ནི་མེ་ལོང་གཟུགས་བརྙན་(镜像)གྱི་འབྲེལ་བ་ཞིག་གིས་གྲུབ་པ་སྟེ།   ཁོང་གཉིས་ཐོག་མར་འཕྲད་སྐབས་སྦྱིན་པས་རླངས་འཁོར་གྱི་མེ་ལོང་ངོས་ནས་སྦྱིན་པ་མཐོང་ལ།  ཤ་འཁོན་ལེན་མཁན་སྦྱིན་པ་ནི་མེ་ལོང་ཞིག་དང་འདྲ་བར།  ཁ་ལོ་བ་སྦྱིན་པས་མེ་ལོང་དེ་ལས་རང་ཉིད་མཐོང་བ་སྟེ།   མེ་ལོང་ནང་གི་"མི "དེས་ཁོའི་སེམས་ཀྱི་མཚར་སྣང་རབ་ཏུ་བཀུག  དེ་ནི་སེམས་ཁམས་དབྱེ་ཞིབ་རིག་པ་སྨྲ་བ་ལཱ་ཁན་(Jacques Lacan)གྱི་མེ་ལོང་དུས་རིམ་ (镜像阶段)ཞེས་པའི་རྣམ་བཤད་དང་ཧ་ཅང་འདྲ་སྟེ།   “ལཱ་ཁན་གྱི་མེ་ལོང་དུས་རིམ་གྱི་རྣམ་བཤད་ནི་ཟླ་བ་6---18བར་གྱི་བྱིས་པའི་ཉམས་མྱོང་ཞིག་སྟེ། ཟླ་བ་6---18བར་གྱི་བྱིས་པས་མེ་ལོང་ནང་དུ་རང་ཉིད་མཐོང་ཚེ་ཐོག་མར་རང་ཉིད་ཡིན་པ་ངོས་མི་ཟིན་པ་ནས་རིམ་བཞིན་ངོས་ཟིན་ཅིང་དགའ་བ་སྐྱེས་པ།  དེ་ནས་མེ་ལོང་ནང་གི་རང་གི་གཟུགས་བརྙན་ལ་ཞེན་ཆགས་པའི་བརྒྱུད་རིམ་ཞིག་སྟེ།”1    མིའི་"བདག" ཅེས་པ་གྲུབ་པའམ་རང་ཉིད་ངོས་འཛིན་གྱི་བརྒྱུད་རིམ་ཞིག་རེད།  ཡིན་ཡང་སྦྱིན་པ་གཉིས་གཟུགས་གཞི་བྱད་དབྱིབས་དང་རང་བཞིན་ལ་སོགས་པ་ནས་མེ་ལོང་དུ་བལྟས་པ་བཞིན་ཡོངས་སུ་གཅིག་པ་གཅིག་རྐྱང་ཞིག་ལྟ་ཅི།  དེ་ལས་ལྡོག་སྟེ་ཕན་ཚུན་འགལ་བའི་གཟུགས་སུ་གྲུབ་སྟེ།  ཕྱི་ཚུལ་ནས་བལྟས་ན་ཁ་ལོ་བ་སྦྱིན་པ་ལ་དེང་རབས་ཀྱི་ཆ་ལུགས་སྤྲས་ལ།   ཁ་ཚིག་བཙོག་པའི་མི་རྩུབ་མོ་ཞིག་གི་སྣང་བརྙན་ལྡན་པ་དང་།  ཤ་འཁོན་ལེན་མཁན་སྦྱིན་པ་ལ་སྲོལ་རྒྱུན་གྱི་ཆ་ལུགས་སྤྲས་ཤིང་སྨྲ་བ་ཉུང་བ།  མི་འཇམ་པོ་ཞིག་གི་སྣང་བརྙན་ལྡན།  ཡིན་ཡང་ནང་སེམས་ཀྱི་ཆ་ནས་ཁ་ལོ་བ་སྦྱིན་པ་ནི་ཞི་བ་དང་བརྩེ་བས་ཁེངས་ཤིང་།  ཤ་འཁོན་ལེན་མཁན་སྦྱིན་པ་ནི་གཏུམ་དྲག་དང་ཞེ་འཁོན་གྱིས་ཁེངས་འདུག  རླངས་འཁོར་ནང་ནས་ཁོང་གཉིས་ཀྱིས་ཁ་བརྡ་དང་ཕན་ཚུན་རྒྱུས་ལོན་བྱས་ཤིང་།  སྐབས་དེར་སྦྱིན་པ་གཉིས་ཀྱི་གཟུགས་གཞི་ཕྱེད་ཀ་ཕྱེད་ཀ་བྱས་ཏེ་བརྙན་མིག་གཅིག་ཏུ་གྲུབ་ནས།   ང་ཡི་ཕྱེད་ཀ་ཁྱོད་དང་ཁྱོད་ཀྱི་ཕྱེད་ཀ་ང་ལས་ད་གཟོད་“བདག་ཉིད”ཆ་ཚང་ཞིག་གྲུབ་པའི་བརྡ་ཞིག་ངང་གིས་ཐོན་ཡོང་།  དེ་བས་སྦྱིན་པ་དང་སྦྱིན་པ་ནི་མེ་ལོང་གི་ཕྱི་ནང་ཙམ་དང་ཡང་ན་མི་གཤིས་ཀྱི་ཉིན་སྲིབ་ཞིག་སྟེ། མ་གཞི་མི་གཤིས་ནི་གཅིག་རྐྱང་དང་གཏན་འཇགས་ཤིག་མ་ཡིན་པར་འགྱུར་སླ་བའི་རང་བཞིན་དང་རྙོག་འཛིང་གི་ཕུང་པོ་ཞིག་ཡིན་པ་བཞིན་དུ།    སྦྱིན་པ་ལའང་མི་གཤིས་ཀྱི་ངོས་དུ་མ་ལྡན་ཞིང་།  ཁོའི་གཤིས་རྒྱུད་དུ་དཀར་ནག་དགེ་སྡུག་དང་རིག་གནས་གསར་རྙིང་གི་ཆ་ཤས་མང་པོ་འདུ་ལ། དེ་དག་གི་བར་དུ་འཐབ་མོ་དྲག་ཏུ་འཁྲུགས་པའི་འབྲས་རྟགས་སུ།   སྦྱིན་པའི་མི་གཤིས་ཁ་ཕྲལ་(人格分裂)བར་ངོས་བཟུང་ན་ཆོག་སྟེ། དགྲ་ཤ་ལེན་པའི་དམིགས་ཡུལ་ཞིག་གི་ཆེད་དུ་ཁོའི་གཤིས་སུ་གྲུབ་པའི་ཆ་མང་པོ་འགལ་ཞིང་འཁྲུགས་པ་དང་།  སེག་མོན་ཏི་ཧྥུ་རོ་ཨེ་དྷི་(Sigmund Freud)གཞུང་ལུགས་སྟེང་གི་མི་གཤིས་ཀྱི་“ངོ་བོའི་བདག”(本我)དང་“ཉིད་ཀྱི་བདག”(自我)“འགོངས་པའི་བདག”(超我)བཅས་བར་དུ་དོ་སྙོམས་མ་ཡོང་བ་དང་གཅིག་མགོ་གཅིག་གིས་མ་ནོན་པར་ཁ་ཁར་གྱེས་པ་རེད།   དེ་བས་ “མེ་ལོང་དུས་རིམ”དུ་གནས་པའི་སྦྱིན་པས་མེ་ལོང་ལས་མཐོང་བ་ནི་རང་ཉིད་ཀྱི་ཆ་ཤས་སམ་ངོས་གཞན་པ་ཞིག་ཡིན་ཏེ།   ཁོའི་སེམས་གཏིང་དུ་ལོ་ངོ་ཉི་ཤུར་སྦས་པའི་ཤ་འཁོན་སློག་པའི་གདོད་མའི་སེམས་བྱུང་ཕྱིར་བརྡོལ་བའམ།   ངོ་བོའི་བདག་ཉིད་ཀྱི་རང་གཟུགས་ཕྱིར་མངོན་པ་རེད་ལ།  ཁོའི་བླ་སྲོག་ཡོད་ཚད་སྦྱིན་པའམ་བདག་དེས་བཀུག་སྟེ་ཁོ་རང་བླ་འཁྱམས་པ་བཞིན་དུ་རང་གི་དགའ་མའི་རུམ་ནས་ཀྱང་བློ་སེམས་གཅིག་ཏུ་སྒྲིམ་ཐབས་མེད་པར་གྱུར།  སྐབས་དེ་ནི་སྦྱིན་པའི་མེ་ལོང་དུས་རིམ་གྱི་མཐའ་མའི་དུས་རིམ་སྟེ།  ཁོས་སྦྱིན་པ་ཟེར་བའི་ཤ་འཁོན་སློག་མཁན་དེ་རང་ཉིད་ཡིན་པ་ངོས་ཟིན་ཅིང་དེར་ཞེན་ཆགས་བཞིན་ཡོད་པ་རེད།  དེ་བཞིན་ང་ཚོ་མི་རེ་རེའི་སྟེང་ནའང་སྦྱིན་པ་གཉིས་པོའི་གྲིབ་གཟུགས་མཉམ་གཅིག་ཏུ་ཡོད་སྲིད་དེ།  ཕྱོགས་གཅིག་ནི་དགེ་སེམས་དང་ཕྱོགས་གཅིག་ནི་སྡིག་སེམས་རེད། 

ཁམས་པའི་ཇ་ཁང་ནང་གི་སྦྱིན་པ་དང་སྦྱིན་པའི་གཅིག་མཐུན་གྱི་མཐོང་ཐོས་མྱོང་གསུམ་གྱི་བསྐྱར་ཟློས་བརྙན་མིག་(重叠影像)ལས་སྦྱིན་པ་དང་སྦྱིན་པ་རིམ་བཞིན་གཞི་གཅིག་ཡིན་པ་གོམ་གང་མདུན་སྤོས་ཀྱིས་གསལ་བཤད་བྱས་ཤིང་།   གློག་བརྙན་གྱི་རྣམ་པ་དེ་དངོས་བྲིས་ལས་ཡིད་བྲིས་ཀྱི་རྣམ་པར་སླེབས་པར་བྱས་པ་དང་།  མངོན་སུམ་དང་འཕྲུལ་སྣང་གི་ས་མཚམས་འདྲེས་ཤིང་།  སྒྱུ་འཕྲུལ་གྱི་ཁ་དོག་གསལ་ལེར་མངོན་ལ།  གློག་བརྙན་གང་དེ་འཚོ་བ་དངོས་ལས་རབ་ཏུ་འགོངས་པར་བྱས་པས།  དངོས་མཚོན་རིང་ལུགས་ལ་གོམས་པའི་པདྨ་ཚེ་བརྟན་ལགས་ལ་མཚོན་ན་དེ་ནི་སྒྱུ་རྩལ་མཚོན་ཐབས་སྟེང་གི་ཐོད་རྒལ་ཞིག་དང་རྩལ་ངོམ་ཞིག་ཏུའང་མཐོང་།

གཉིས།   སྦྱིན་པའི་“ཨེ་ཏི་ཕུ་སིའི་སེམས་ཁམས།”

གློག་བརྙན་ཁྲོད་དུ་སྦྱིན་པའི་ཁྱིམ་ཚང་དང་ནར་སོན་གྱི་གཏམ་རྒྱུད་གསལ་ཐག་ཆོད་པ་ཞིག་ཐད་ཀར་བཤད་མ་སོང་མོད།    ཁོ་རང་ནར་སོན་གྱི་གོ་རིམ་ཁྲོད་མགོ་ལ་ཆག་སྒོ་དང་འཇིགས་སྐྲག་ཡོང་བས་ནང་སེམས་ལ་རྨ་ཁ་བཟོས་ཡོད་པ་བརྙན་མིག་གི་ཞིབ་ཆ་རེ་རེ་ལས་མཐོང་ཐུབ་སྟེ།   ཁོ་རང་ཆུང་དུས་སུ་ཕ་གྲོངས་པར་གྱུར་པ་དང་།  ཕ་གྲོངས་པའི་སྡུག་བསྔལ་དང་།  ཞེ་འཁོན།  ཕ་མེད་པའི་ཁེར་རྐྱང་དང་ཕའི་དགྲ་ཤ་སློག་དགོས་པའི་གནོན་ཤུགས་དང་ཐེ་ཚོམ་སོགས་སེམས་མདུད་མང་པོ་ཞིག་བཀྲོལ་མེད་པ་རེད། དེ་བས་སྦྱིན་པ་ལའང་སེམས་ཁམས་དབྱེ་ཞིབ་རིག་པའི་གཞུང་ལུགས་སྨྲ་བ་སི་མོན་ཏི་ཧྥུ་རོ་ཨེ་དྷི་(Sigmund Freud)བཏོན་པའི་ཨེ་ཏི་ཕུ་སིའི་(Oedipus Comlex)སེམས་ཁམས་ཀྱི་རྣམ་པ་ཆགས་ཡོད་དེ།  དེ་ནི་གནའ་བོའི་ཀེ་རི་སིའི་སྐྱོ་གར་མིང་གྲགས་ཅན་«ཨེ་ཏི་ཕུ་སི་རྒྱལ་པོ»ཡི་ཁྲོད་ཀྱི་ཕ་བསད་དེ་མ་ལེན་པའི་གཏམ་རྒྱུད་ཅིག་ཡིན་ཏེ།   བུ་ཞིག་ནར་སོན་པའི་བརྒྱུད་རིམ་ཁྲོད་ཐོག་མར་མ་ལ་བརྟེན་ཅིང་མ་དང་འབྲལ་ཐབས་མེད་པའི་སེམས་ཁམས་ཚབས་ཆེ་བ་དང་།  བག་ཤེས་སུ་ཕ་ལ་སྡང་ཞིང་ཕ་དང་འགྲན་རྩོད་ཀྱི་འདུན་པ་སྐྱེ།  ཡིན་ཡང་ཕ་ཡི་དབང་ཤེད་དང་གཉའ་གནོན་བརྒྱུད་དེ་རིམ་བཞིན་ཕ་ལ་མོས་མཐུན་བྱུང་ཞིང་སེམས་ཁམས་དེ་ལས་རྒྱལ་ཏེ་རང་ཉིད་ཀྱང་ཕ་རུ་གྱུར་པའི་མིའི་གཤིས་ཀ་དང་སེམས་ཁམས་ཀྱི་སྒྲིག་གཞི་ཆགས་པའི་གོ་རིམ་ཞིག་ཏུ་འགྲེལ་གྱི་ཡོད་པ་རེད།  རྒྱ་སྐད་དུ་ནམ་རྒྱུན་“མ་ལ་ཆགས་པ་”(恋母情结) ཟེར་གྱི་ཡོད་མོད།  འདིར་རང་གི་མ་དང་ཚུལ་མིན་གྱི་འབྲེལ་བ་ཞིག་མ་ཡིན་པར།  སེམས་ཁམས་རིག་པའི་སྟེང་ནས་བཤད་ན་མིའི་རིགས་ལ་ཡོད་སྲིད་པའི་སྤྱི་ཁྱབ་ཀྱི་སེམས་ཁམས་ཤིག་ཡིན་པ་དང་།  ཧྥུ་རོ་ཨེ་དྷི་སྐྱེས་པ་ཕོ་ཞིག་ནར་སོན་པའི་བརྒྱུད་རིམ་དུ་ངེས་པར་དུ་ཨེ་ཏི་ཕུ་སིའི་དུས་རིམ་ཞིག་བརྒྱུད་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད་ལ།2  མི་ལ་ལར་སེམས་ཁམས་དེ་འདྲ་མངོན་གསལ་ལྡན་ཞིང་ལ་ལར་མངོན་གསལ་མེད་པ་ཞིག་ཡིན་འདུག  ད་དུང་མཉམ་འཇོག་བྱེད་དགོས་ས་ཞིག་ནི་ཏག་ཏག་མ་གཅིག་པུ་དང་འབྲེལ་བ་ཞིག་མ་ཡིན་པར། ཕ་ཡིས་འབྲེལ་བ་དེའི་ཁྲོད་དུ་མི་སྣ་གཙོ་བོ་འཁྲབ་ཀྱིན་ཡོད་ལ།  ཐ་ན་མ་ལས་ཀྱང་གལ་ཆེ་བ་རེད།  སྦྱིན་པ་ལ་མཚོན་ན་ཁོའི་ཨེ་ཏི་ཕུ་སིའི་སེམས་ཁམས་ཁྲོད་དུ་ཕ་ཡི་ནུས་པ་ཆེ་ལ་ཕ་དང་ཁོའི་བར་གྱི་འབྲེལ་བ་གཙོ་བོ་ཆགས་ཡོད་དེ།  གློག་བརྙན་དུ་ཁོའི་མ་ཡི་གནས་ཚུལ་གང་ཡང་མེད་ལ། ཁོའི་མ་ལ་ཞེན་པའི་སེམས་ཁམས་ནི་བུད་མེད་དག་ལ་བྱམས་པ་ལས་མཚོན་གྱི་ཡོད་དེ། ཁོའི་སེམས་ཁོང་དུ་གཅེས་པའི་བུ་མོ་ནི་རྩ་བའི་བླ་མ་དང་མཉམ་ཞིང་།  དགའ་བའི་བུད་མེད་ལ་འཕྲད་དུ་འགྲོ་བར་ལུག་ཤ་ཁོག་གཅིག་གི་ལེགས་སྐྱེས་ཉོ་བ།   མཛེས་པའི་བུད་མེད་མཐོང་ཚེ་གློ་ཁུག་ཡངས་པོར་ཕྱེ་བ་སོགས་ལས་འཇིག་རྟེན་སྐྱེས་མའི་རིགས་ལ་ངོ་ལྡོག་མི་ཐུབ་པ་དང་དགའ་མགུ་བླ་ལྷག་བྱེད་པའོ།  ། 

ཧྥུ་རོ་དབྱི་ཏིའི་གཞུང་ལུགས་ལྟར་ན།  སྦྱིན་པར་ཐད་ཀར་ཕ་ལས་ཐོན་པའི་དབང་ཤེད་དང་འཇིགས་སྐུལ་གྱི་གནོན་ཤུགས་མེད་མོད་ཀྱང་།  བོད་ཀྱི་སྤྱི་ཚོགས་སུ་ཕ་ཡི་དགྲ་ཤ་བུ་ཡིས་སློག་དགོས་པ་ལུགས་སྲོལ་དུ་ཆགས་ཡོད་པས།  ཕ་མི་བཞུགས་ཀྱང་"ཕ་སྲོལ་དང་ཕ་ཁྲིམས་"ཀྱི་གནོན་ཤུགས་སྔར་བཞིན་གནས་ཏེ།    སེམས་ཁམས་དབྱེ་ཞིབ་རིག་པའི་གཞུང་ལུགས་ཀྱི་རྒྱུད་འཛིན་པ་ལཱ་ཁན་(Jacques Lacan) གྱིས་དེ་ལ་"ཕ་ཡི་མིང་"དང་"ཕ་ཡི་ཁྲིམས་"3ཞེས་བརྗོད།  དེ་བས་དགྲ་ཤ་མ་སློག་ན་ཁོས་ཕ་དང་ཕ་ཁྲིམས་ལ་རྒྱབ་འགལ་བྱས་པ་དང་།  དགྲ་ཤ་སློག་རྒྱུ་བྱུང་ན་ཆོས་དང་སྲིད་ཁྲིམས་ལ་འགལ་བས།   རིན་ཐང་ལྟ་བ་མི་འདྲ་གཉིས་ཀྱི་བཙིར་གནོན་འོག ཁོའི་ནང་སེམས་སུ་འགལ་བ་མང་པོ་འཁྲུག་གིན་ཡོད་ལ།    ཁོའི་མི་ཚེའི་ཕྱེད་ཀ་ནི་ཕ་ཡི་ཤུགས་རྐྱེན་འོག་འཚོ་ཞིང་། ཨེ་ཏི་ཕུ་སིའི་སེམས་ཁམས་ཀྱི་རྒྱ་ལས་ཐར་ཐུབ་མེད་པ་རེད།  ཞེ་འཁོན་དང་ཁེར་རྐྱང་།  དངངས་སྐྲག་དང་རྣམ་རྟོག་ཚ་བ་སོགས་ཁོའི་ནང་སེམས་ཀྱི་འཇིག་རྟེན་ངོ་མ་དང་གནས་སྟངས་ཡིན་པས།  ཁོས་ཕྱིའི་རྫུ་བག་ལ་བརྟེན་ནས་གབ་སྦས་བྱེད་ཀྱི་ཡོད་པ་དང་།  དངོས་ཡོད་འཇིག་རྟེན་ལ་གདོང་གཏད་མི་ཐུབ་པར་ནམ་རྒྱུན་མིག་ཤེལ་ནག་པོ་གདོང་ནས་མི་ལེན་པ་དེ་རེད།  ཁོས་སེམས་མདུད་དེ་དག་ཅི་ལྟར་དགྲོལ་རྒྱུ་ནི་གཞུག་གི་གཏམ་མོ།  །

གསུམ། སྦྱིན་པའི་རྨི་ལམ།

གློག་བརྙན་སྒྱུ་རྩལ་ནི་འཁྲབ་ཁྲིད་པས་ཆེད་དུ་ལྟད་མོ་བར་བཟོས་པའི་རྨི་ལམ་ཞིག་ཏུ་འདོད་པ་ནི་སེམས་ཁམས་དབྱེ་ཞིབ་རིག་པའི་གློག་བརྙན་གཞུང་ལུགས་སྟེང་གི་གློག་བརྙན་གྱི་འགྲེལ་བརྗོད་བྱེད་སྟངས་ཤིག་ཡིན་ལ། གློག་བརྙན་མཚོན་རྟགས་རིག་པ་སྨྲ་མཁན་ཁི་རིས་སི་ཐའན་མད་ཚེ་(Christian Metz)ཡིས་།  རྨི་ལམ་དང་གློག་བརྙན་སྐོར་ལ་“གློག་བརྙན་གྱི་མུན་པའི་བུ་སྣོད་ལས་གདུག་རྩུབ་ཀྱིས་སྒོ་ཁང་གི་མིག་ལ་གཙེས་པའི་གློག་འོད་ཁྲོད་གཡུགས་པའི་ལྟད་མོ་བའི་གདོང་ལ་སོ་མར་གཉིད་ལས་སད་པ་ལྟ་བུའི་སོམ་ཉི་ཡི་རྣམ་འགྱུར་མངོན་ཞིང་།  གློག་བརྙན་ཁང་ལས་སྒོར་འབུད་པ་ནི་མལ་ལས་ལངས་པ་དང་ཆ་འདྲ་”4 ཞེས་ཆགས་བཞག་ཡོད་པ་དང་།  འཛམ་གླིང་གློག་བརྙན་ལྟེ་བ་ཧོ་ལེ་ཝུད་ལ་རྨི་ལམ་བཟོ་གྲྭ(梦工厂)ཟེར་བའང་དེ་དོན་རེད། 

«ལག་དམར»གྱི་མཇུག་ཏུ།  “རྨི་ལམ་མི་ལ་བཤད་ན་བརྗེད་འགྲོ།  རྨི་ལ་མི་ལ་བསྟན་ན་འཁྱེར་འགྲོ”ཞེས་པའི་ཁ་དཔེ་ཡིས་གློག་བརྙན་གྱི་མཇུག་བསྡུས་ཤིང་།  དེ་ནི་གློག་བརྙན་གང་དེ་དགྲོལ་བར་བྱེད་པའི་གསང་གྲངས་ལྟ་བུར་གྱུར་ཡོད་པས།  རྨི་ལམ་ནི་གློག་བརྙན་འདིའི་གནད་ཆེ་སའམ་ཡང་ན་གློག་བརྙན་གྱི་དམིགས་ཡུལ་ཡིན་ཏེ།  གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་ཚད་ནི་ཆེས་མཇུག་མཐའི་རྨི་ལམ་ལ་རྩིག་པའི་རྨང་རྡོ་ཡིན་པས། རྨི་ལམ་གྱི་དུམ་པ་དེ་ནི་གློག་བརྙན་གྱི་དངོས་གཞི་དང་མཐོ་རླབས་སུ་འདོད་དེ།  སྦྱིན་པས་མི་ལོ་ཉི་ཤུར་བཙལ་བའི་ཕ་གསོད་ཀྱི་ལག་དམར་དང་དུས་ཡུན་རིང་པོར་ཁོག་ལ་བཅུག་པའི་ཤ་འཁོན་གྱི་མེ་རི་འཕྱུར་ས་དེ་རྨི་ལམ་གྱི་ལྗོངས་ལ་བཅོལ་ཡོད་པ་རེད།  དངོས་ཡོད་ཀྱི་གནས་ཚུལ་ནི་ཁོས་དགྲ་བོ་རྙེད་པའི་ཚེ་ན་རྒས་ཤིང་འཁོགས་ལ་འགྱོད་གཤགས་ཀྱིས་འཚོ་བའི་བགྲེས་པོ་ཞིག་ཏུ་གྱུར་འདུག་པ་མཐོང་བ་དང་།  ད་དུང་དང་ཐོག་གི་རང་ཉིད་དང་འདྲ་བའི་བུ་ཆུང་སྙིང་རྗེ་བོ་ཞིག་མཐོང་བ་དང་རང་ཉིད་དྲན་ལ་རང་ཉིད་ཀྱི་བུ་མོ་དྲན།  སྐབས་འདིར་“སྡུག་ལ་བརྗེད་རྒྱུ་མེད་ཀྱང་རྙིང་རྒྱུ་ཡོད”ཅེས་པ་བཞིན།  ཁོའི་ནང་སེམས་ཀྱི་མི་དགེ་བའི་སྟོགས་ཤུགས་རྨང་ནས་བཅོམ་ཞིང་རལ་གྲི་ས་ལ་བཞག་སྟེ་སྒོ་རུ་བྲོས།  ཡིན་ཡང་ཁོའི་ནང་སེམས་ཀྱི་དོགས་གཞི་དང་ཁུར་པོ་ཡེ་ནས་དབོག་མེད་དེ།   ཁོས་གྲོངས་ཟིན་པའི་ཕ་རྒན་ལ་རྒྱབ་འགལ་བྱས་ཤིང་སྲོལ་རྒྱུན་ལ་རྒྱབ་འགལ་བྱས་སོང་བས།  འུ་ཐུག་པའི་མིག་ཆུ་གཏོར་དགོས་བྱུང་།  སྐབས་དེར་འཁྲབ་ཁྲིད་པས་ཐབས་མཁས་ཀྱི་སྒོ་ནས་རྨི་ལམ་དེ་བཀོད་སྒྲིག་བྱས་ཏེ་སྦྱིན་པའི་དགྲ་ཤ་སློག་པའི་མི་ཚེའི་དམིགས་འབེན་རྨི་ལམ་ལས་འགྲུབ་ཏུ་བཅུག  ཧྥུ་རོ་ཨེ་དྷི་ཡི་སེམས་ཁམས་དབྱེ་ཞིབ་རིག་པའི་གཞུང་ལུགས་ཁྲོད།  “རྨི་ལམ་གྱི་དོན་སྙིང་ནི་རེ་འདོད་གང་ཞིག་མངོན་འགྱུར་རམ་ཡང་ན་འདོད་པ་གང་ཞིག་ཚིམ་པར་བྱེད་པ་དེ་ཡིན་ཟེར།”5   རྨི་ལམ་དེ་ལ་རིམ་པ་གཉིས་ཀྱི་སྟེང་གི་དོན་སྙིང་ལྡན་ཡོད་དེ། གཅིག་ནས་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་རེ་འདུན་སྐོང་བ་དང་།  གཉིས་ནས་གློག་བརྙན་གཟིགས་མོ་བའི་དྲག་སྤྱོད་ཀྱི་སེམས་ཁམས་ཚིམ་པར་བྱེད་པ་རེད།  གནས་སྐབས་ཀྱི་འཕྲུལ་སྣང་ཙམ་དུ་ཟད་ན་ཡང་གློག་བརྙན་དང་རྨི་ལམ་ལས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་རྣམས་ཀྱི་ཚིམ་དཀའ་བའི་འདོད་པ་དེ་དག་ཚད་ངེས་ཅན་ནས་སྐོང་ཐུབ།  རྨི་ལམ་ལས་སད་རྗེས་ཡོད་ཚད་སྒྱུ་མའི་རང་གཟུགས་སུ་འཁུམས་ཀྱང་།  བདེ་སྡུག་བཏང་སྙོམས་སོགས་མྱོང་འགྱུར་གྱི་རེག་པ་རེག་ཐུབ་ཙམ་འབྱུང་བས་ན།   སྐབས་འདིར་སྦྱིན་པ་ལ་ཁུར་པོ་ཕོག་འདྲའི་གློད་བཀྲོལ་ཅིག་བྱུང་ལ་ནམ་ཡང་གདོང་ནས་ལེན་མི་སྲིད་པའི་མིག་ཤེལ་ནག་པོ་གཞི་ནས་བླངས་ཏེ། རང་གི་ནང་སེམས་དང་འཚོ་བ་དངོས་ལ་གདོང་གཏོད་པའི་བློ་སྤོབས་རྒྱས།    འཁྲབ་ཁྲིད་པའི་རྨི་ལམ་གྱི་བཀོད་སྒྲིག་དེ་ནི་ཐབས་ལམ་ལེགས་པོ་ཞིག་ཡིན་ཡང་།  མི་འདང་ས་ཞིག་ཡོད་པ་ནི་རྨི་ལམ་གྱི་ལྗོངས་རྣམ་ལ་པར་མིག་གི་རྩལ་ངོམ་པའི་ཆ་ནས་སྙན་ངག་གི་རང་བཞིན་ཧ་ཅང་ཞན་པས།  དགྲ་ཤ་སློག་པའི་འགོ་སྔ་བར་གསུམ་གྱི་བརྙན་གཟུགས་ལ་ཕངས་པའམ་སྐྱོ་བ།  འཇིགས་པ་དང་སྐྲག་པ་ལ་སོགས་པའི་དྲག་སྤྱོད་མཛེས་རྟོག་གི་ཚོར་བས་དབེན་ལ།   མ་གཞི་སྦྱིན་པ་ཞེས་པའི་མི་སྣ་འདི་ལྟད་མོ་བའི་ཐོག་དང་པོའི་སྣང་ངོར་ཕོ་རྩལ་སྣ་དགུ་འཛོམས་པ་ཞིག་ཏུ་བཞེངས་ཡོད་པས།  བོད་ཀྱི་དཔའ་བོའི་རིང་ལུགས་དང་དཔའ་བཀུར་སྙིང་སྟོབས་ཚད་ངེས་ཅན་ནས་ཉམས་དམས་སུ་བཏང་སོང་བའི་ཕངས་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་ལ།  མ་མཐའ་ཡང་རང་རིགས་ལྟད་མོ་བ་ཕལ་མོ་ཆེའི་རེ་ལྟོས་དང་མི་འཚམ་པ་ནི་བརྙན་དཔྱད་མང་པོ་ལས་མཐོང་ཐུབ།  ཡིན་ཡང་ཞིབ་པར་བསམ་ན།  དེ་ནི་འཁྲབ་ཁྲིད་པས་སྤྱིར་ན་ད་ལྟའི་བོད་ཁམས་དང་ནང་སྒོས་སུ་ཁམས་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་བའང་ཡིན་སྲིད་དེ།  ཁམས་ཕྱོགས་སུ་དགེ་བཅུའི་ཁྲིམས་གསར་དང་ཚེ་ཐར་ལ་སོགས་དགེ་ལས་ཀྱི་བྱེད་སྒོ་དམངས་ཁྲོད་དུ་རྒྱ་ཆེར་སྤེལ་ཀྱིན་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་དེའོ།  །

བཞི།  བུད་མེད་རིང་ལུགས།

མིའི་རིགས་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ཡིན་ལ།  འདོད་པ་ནི་མིའི་རིགས་སྤྱི་མཐུན་གྱི་སེམས་ཁམས་དང་གྲུབ་གཤིས་སུ་ཆགས་ཡོད།  གློག་བརྙན་གྱི་རྩ་བའི་རིགས་པའམ་གྲུབ་རྐྱེན་ཡང་སེམས་ཁམས་དེ་རུ་གཞི་བྱས་ཡོད་དེ།  མིའི་འདོད་པ་འགུགས་རྒྱུ་དེ་རེད།  དེ་ལས་ཀྱང་གློག་བརྙན་དུ་རྒྱུན་བཀོལ་གྱི་ཐབས་ཤེས་ནི་བུད་མེད་ཀྱི་གཟུགས་བརྙན་གྱིས་ལྟད་མོ་བའི་འདོད་པ་འགུགས་པ་རེད།  དེ་ལས་བུད་མེད་རིང་ལུགས་ཀྱི་གློག་བརྙན་གཞུང་ལུགས་བྱུང་། དེང་རབས་བུད་མེད་རིང་ལུགས་གློག་བརྙན་གཞུང་ལུགས་སྨྲ་བ་ལའོ་ར་མོལ་བེ (Laura Mulvey )ཡིས། གཙོ་རྒྱུགས་ཚོང་ལས་གློག་བརྙན་གྱི་བརྙན་གཟུགས་དང་དོན་བརྗོད་ཀྱི་རྨང་གཞིའི་གྲུབ་ཚུལ་རྩ་དོན་ནི།  ཐོག་མར་སྐྱེས་པས་བལྟ་བ/བུད་མེད་བལྟ་ཡུལ།  སྐྱེས་པ/བུད་མེད། བལྟ་བ/ལྟ་ས།  རང་དབང་/གཞན་དབང་།  གཙོ་བོ/ཕལ་བ་བཅས་འགལ་ཟླ་རབ་དང་རིམ་པའི་བར་གྱི་ཞིབ་བརྗོད་དང་བརྙན་གཟུགས་ཀྱི་སྟེང་དུ་ཆགས་ཡོད་པར་བསྟན་ཡོད།6 པདྨ་ཚེ་བརྟན་གྱི་གློག་བརྙན་ཁྲོད་དུ།  བུད་མེད་ཀྱི་གཟུགས་བརྙན་དང་བུད་མེད་དང་འབྲེལ་བའི་སྐད་ཆ་ཟམ་མ་ཆད་པར་བྱུང་ཡོད།  ཡིན་ཡང་བུད་མེད་ཀྱི་དྲང་གཞག་གི་སྣང་བརྙན་དང་བུད་མེད་ཀྱི་སྐད་ཆ་ནམ་ཡིན་ཡང་“བཞུགས་གྲལ་ཆད་མཁན”དུ་གྱུར་ཡོད།   ཁོང་གི་གློག་བརྙན་ཁྲོད་ཀྱི་བུད་མེད་ནི་གཅིག་ནས་ཧོ་ལེ་ཝོ་རྡིའི་གློག་བརྙན་གྱིས་བཞེངས་སྐྲུན་བྱས་པའི་མི་སྣ་“རིགས་ཅན”(类型化)དུ་བྱས་ཡོད་ལ། གཉིས་ནས་སྐྱེས་པའི་མཐོང་སྣེ་དང་འདོད་བློ་ལྟར་བུད་མེད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་པས།  མོལ་བེའི་གཞུང་ལུགས་ཀྱི་སྒྲོམ་གཞིའི་ནང་དུ་འདུས་ཡོད།  ཁོང་གི་བརྙན་རིས་ཁྲོད་ཀྱི་བུད་མེད་དེ་དག་ལ་མི་སྒེར་གྱི་ཁྱད་གཤིས་མི་ལྡན་ལ། རང་དབང་རང་རྐྱ་ཐུབ་པའི་མི་སྣ་ཁེར་ཚུགས་ཤིག་མ་ཡིན་པར།  སྐྱེས་པ་ལ་རྟེན་དང་བརྟེན་པར་བྱས་པ་དང་སྐྱེས་པ་ཞེས་པའི་བྱེད་པོ་གང་ལ་བལྟོས་ཏེ་བྱུང་བའི་བྱ་བའི་ཡུལ་ཞིག་ཡིན་པ་དང་། མཛེས་སྡུག་དང་སྒེག་ཉམས་ཁོ་ནར་བརྟེན་ནས་སྐྱེས་པའི་མཛེས་སྡུག་གི་ལྟ་ཡུལ་དང་འདོད་ཆགས་ཀྱི་ལྟ་ཡུལ་དུ་གྱུར་ཡོད་ལ།  ལྟད་མོ་བའི་མཚར་སྣང་འགུགས་བྱེད་དང་བསླུ་བྱེད་ཙམ་ལས། གཏམ་རྒྱུད་ཀྱི་བྱུང་རིམ་འཕེལ་རྒྱས་ཐད་ལ་དོན་སྙིང་ཆེན་པོ་མེད་པར།  ཡོད་མེད་ཅི་ཡང་རིགས་པའི་ཟུར་རྒྱན་ཙམ་དུ་ཟད།  དོན་བརྗོད་ཀྱི་སྒྲིག་རིམ་གཙོ་བོ་སྐྱེས་པའི་སྟེང་དུ་བཞག་ཡོད་ལ།  སྐྱེས་པ་ནི་ད་གཟོད་དོན་བརྗོད་ཀྱི་བྱེད་ནུས་ལྡན་པའི་གང་ཟག་དེ་ཡིན།  གློག་བརྙན་འདིའི་ནང་དུའང་དེ་བཞིན་གྱི་འདོད་པའི་ཁམས་ཤིག་བསྐྲུན་ཏེ།  སྦྱིན་པའི་དགའ་མ་ནི་ན་གཞོན་དང་རྟེན་ཟློས་གར་(青春偶像剧)ཁྲོད་ཀྱི་དཔེ་མཚོན་ཅན་གྱི་བུ་མོ་གླེན་པ་ཞིག་གི་སྣང་བརྙན་དུ་བཞེངས་ཡོད་པ་དང་།  མོའི་ཐོབ་ཐང་གཙོ་བོ་ནི་སྦྱིན་པའི་དགའ་རོགས་ཙམ་ལས་མིང་ཐོབ་གཞན་མེད་པ་དང་འཚོ་བའི་ཟུར་ཙམ་ཡང་ང་ཚོས་མཐོང་ཐབས་མེད།  ཇ་ཁང་སྦྱིན་བདག་མ་ནི་རྒྱུ་དགའ་ཆེ་ལ་འཆལ་མོའི་ཚུགས་ཀ་འབུར་དུ་ཐོན་པ།  སྲིན་མོའི་རང་བཞིན་མངོན་གསལ་ཅན་ཏེ་ཧོ་ལེ་ཝོ་རྡི་རུ་མཛེས་མ་སྡིག་སྲིན་ཅན་(蛇蝎美女)ཞེས་གྲགས་པའི་སྣང་བརྙན་དེ་འདྲ་རུ་བཞེངས་ནས།    ཁོ་མོ་གཉིས་ཀ་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་ཁྲོད་ཀྱི་མཛངས་མའི་ཁྱད་ཆོས་མི་ལྡན་ལ།   དེང་རབས་བུད་མེད་ཀྱི་སྒེར་ཚུགས་དང་བློ་སྤོབས་ཀྱང་ཁོ་མོ་གཉིས་ཀྱི་སྟེང་མཐོང་དཀའ་བ་རེད།   སྦྱིན་པའི་རླངས་འཁོར་དུ་དོས་ཕོག་དུས་སྐྱེས་པ་དེ་ཚོས་སྦྱིན་པ་ལ་ཁྱོད་ཀྱི་ཟླ་བ་སྒྲོལ་མས་སྒུག་འདུག་ཅེས་ཀུ་རེ་རྩེ་བ་དང་།   སྦྱིན་བདག་མ་ལའང་མགྲོན་པོ་ཚོས་ཟས་རིན་ཡག་པོར་མི་སྤྲོད་པར་ཐུབ་ཚོད་བྱེད་པ་སོགས་ལས་བུད་མེད་ནི་རྩེད་ཆས་ལྟ་བུར་གྱུར་འདུག་པར་མཐོང་།  གློག་བརྙན་འདི་ཁོ་ན་མ་ཟད་ཁོང་གི་གློག་བརྙན་གཞན་པའི་ཁྲོད་དུའང་བུད་མེད་ཀྱི་སྣང་བརྙན་རང་རྐྱ་འཕེར་བ་དང་བདེན་མཛེས་དགེ་གསུམ་མཚོན་པ་ཞིག་མཐོང་དཀའ་སྟེ།  དཔེར་ན་«ཐར་ལོ»ཡི་ནང་གི་གཡང་མཚོ་ལྟ་བུ་ནི་གཡོ་སྒྱུ་དང་མགོ་སྐོར་ལ་བྱང་བའི་སྲིན་མོའི་གཟུགས་ཅན་དང་།  «འཚོལ»གྱི་ནང་གི་བུད་མེད་ཀྱི་ངོ་གདོང་མི་སྟོན་པ་ལས་བུད་མེད་ནི་སྐྱེས་པའི་སྒེར་གཏོགས་དངོས་པོར་གྱུར་ཡོད་ལ།  རང་གི་སྐྱེས་པ་མ་གཏོགས་གཞན་ལ་གདོང་མི་སྟོན་པའི་“དྭངས་གཙང”གི་བུད་མེད་ཀྱི་སྣང་བརྙན་ཏེ།  ཏག་ཏག་སྐྱེས་པ་ཚོའི་རྟོག་བཟོའི་ཁྲོད་ཀྱི་ཕུགས་བསམ་གྱི་བུད་མེད་ཀྱི་སྣང་བརྙན་དུ་བཞེངས་འདུག  མདོར་དྲིལ་ན་གློག་བརྙན་ཁྲོད་ཀྱི་བུད་མེད་ནི་མཐོང་ལམ་ཉིས་བརྩེགས་མྱོང་མཁན་དང་།  འདོད་པའི་མིག་མདངས་ཉིས་བརྩེགས་ཀྱི་བལྟ་ཡུལ་དུ་གྱུར་ཡོད་པ་སྟེ།  གཅིག་ནས་གཏམ་རྒྱུད་ཁྲོད་ཀྱི་སྐྱེས་པའི་འདོད་པའི་ལྟ་ཡུལ་དང་།  གཉིས་ནས་གློག་བརྙན་གཟིགས་མོ་བའི་འདོད་པའི་བལྟ་ཡུལ་དུ་གྱུར་ཡོད་པས།  སྐྱེས་པའི་འཆར་སྣང་རང་བཞིན་གྱི་འདོད་པ་སྐོང་མཁན་དང་ཕོ་དབང་རིག་གནས་ལ་ཞབས་ཞུ་སྒྲུབ་མཁན་ཁོ་ན་རུ་གྱུར་འདུག 

ལྔ།  མཇུག་གི་གཏམ། 

«ལག་དམར»ཞེས་པའི་གློག་བརྙན་འདི་ནི་ཕྱི་ཚུལ་ནས་བལྟས་ན་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་སྔ་མ་དག་དང་ཁྱད་པར་ཆེན་པོ་མེད་ལ།  ནང་སྒོས་སུ་བརྗོད་སྙིང་ཐད་ནས་སྲོལ་རྒྱུན་དང་དེང་རབས་རིག་གནས་སོ་སོས་བོད་མིའི་འཚོ་བ་དང་སེམས་ཁམས་ལ་ཐེབས་པའི་བག་ཆགས་གཤིབ་བསྡུར་གྱི་ལམ་ནས་མཚོན་པ་ཞིག་ཏུ་སྣང་མོད།  དོན་དམ་པར་སྲོལ་རྒྱུན་དང་དེང་རབས་ཀྱི་སྐྱོན་ཡོན་ལེགས་ཉེས་ཀྱི་བླང་དོར་བྱ་རྒྱུའི་གནས་ལུགས་ཤིག་སྟོན་རྒྱུ་ནི་གློག་བརྙན་གང་དེའི་དམིགས་བྱ་མ་ཡིན་ལ། ཐ་ན་གནས་ལུགས་གང་ཞིག་སྟོན་པའི་གཏམ་རྒྱུད་ཅིག་ཀྱང་བཤད་ཀྱི་མེད་པར།  གཙོ་བོ་མི་སྣའི་སེམས་ཁམས་དང་གནས་སྟངས་ཤིག་ལས་མི་གཤིས་ཀྱི་བག་ལ་ཉལ་བའི་ངོས་མི་འདྲ་བ་དག་སྔོག་འདོན་དང་མི་གཤིས་ལ་ཉམས་ཞིབ་བགྱིས་ཏེ།  འཁྲབ་ཁྲིད་པ་རང་ཉིད་ཀྱི་སྔར་ཡོད་ཁྱད་ཆོས་ལ་འགྲན་སློང་དང་ཐོད་རྒལ་བྱས་ཡོད་པར་མ་ཟད།  སྒྱུ་རྩལ་མཚོན་ཐབས་ཐད་ཀྱི་ལམ་ཁ་གསར་པ་ཞིག་འཚོལ་སྙེག་བྱས་འདུག  
         སྤྱིར་བོད་ཀྱི་གློག་བརྙན་ལ་ལྟ་སྐབས་བོད་མི་རྣམས་ལ་གཅིག་མཐུན་གྱི་ཚད་གཞི་ཞིག་ཡོད་པ་ནི། “བོད་ཀྱི་གློག་བརྙན་ངོ་མ”ཡིན་མིན་དང་རིག་གནས་གཞན་པའི་ཤན་ཤུགས་ཡོད་མེད་ཀྱི་སྟེང་ནས་བརྩམས་ཆོས་གང་དེ་ཡག་པོ་ཡོད་མེད་དང་རྒྱུ་འབྲས་ཡིན་མིན་གྱི་ལྟ་བ་གུ་དོག་པོ་ཞིག་མ་གྲོས་རང་མཐུན་གྱིས་ཡོང་གིན་འདུག   མ་གཞི་གློག་བརྙན་སྒྱུ་རྩལ་ནི་རིག་གནས་ཁྱབ་ཁོངས་ལས་བརྒལ་བའི་སྐད་བརྡ་གསར་པ་ཞིག་ཡིན་ལ།  སྒྱུ་རྩལ་པ་ནི་རིག་གནས་གསར་པ་ནང་འདྲེན་བྱེད་མཁན་དང་མི་མང་གི་སྣེ་འཁྲིད་མཁན་ཞིག་ཡིན་པའི་ཆ་ནས།  ང་ཚོས་འཁྲབ་ཁྲིད་པ་སུ་དང་གང་ལའང་མི་རིགས་ཞེས་པའི་རིགས་ཞེན་གྱི་ཁ་གཡར་ས་བཙལ་ནས་བཀག་རྒྱ་བཟོས་ན།  ང་ཚོའི་གློག་བརྙན་ནམ་ཡང་“མི་རིགས་གཏམ་རྒྱུད”ཀྱི་གནས་བབ་ལས་ཐར་ཐབས་ཡོད་མི་སྲིད་པས།   གློག་བརྙན་ནི་ངེས་པར་དུ་འཛམ་གླིང་ཧྲིལ་པོའི་སྐད་ཁམས་(全球化语境)སུ་བཞག་སྟེ་མྱོང་རོལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།

རྩོམ་འདིའི་མཆན།

1. 戴锦华:《电影批评》(第二版),[M] 北京大学出版社, 2015年2月第2版,P139--140.

2. 戴锦华:《电影批评》(第二版),[M] 北京大学出版社, 2015年2月第2版,P107.

3. 戴锦华:《电影批评》(第二版),[M] 北京大学出版社, 2015年2月第2版,P108.

4. 南野:《影像的哲学---西方影视美学理论》,[M] 中国传媒大学出版社,2009年7月第1版,P134.

5. 戴锦华:《电影批评》(第二版),[M] 北京大学出版社, 2015年2月第2版,P103.

6. 戴锦华:《电影批评》(第二版),[M] 北京大学出版社, 2015年2月第2版,P109.

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།