ལིང་ཇུ་སྡེ་བཞི་མྱུལ་བའི་མཐོང་ཐོས།

སྤྱི་ལོ2019ལོའི་ཟླ10པའི་ཚེས21ཉིན་གྱི་སྔ་མོའི་དུས་ཚོད5ཡི་སྟེང་བདག་གིས་རླངས་འཁོར་བསྐོར་ནས་ལན་གྲུ་གྲོང་ཁྱེར་དང་གྱེས་ཏེ་ལིང་ཇུའམ་ཝུའུ་ཝེ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པའི་ལིང་ཇུ་སྡེ་བཞིའི་ཕྱོགས་སུ་ཡུལ་སྐོར་བརྟག་དཔྱད་དུ་བསྐྱོད་པ་ཡིན།  

ལིང་ཇི་སྡེ་བཞི་ནི་ཤར་སྤྲུལ་བའི་སྡེ་( 白塔寺)དང་བྱང་རྒྱ་མཚོའི་སྡེ།( 海藏寺) ནུབ་པད་མོའི་སྡེ།(莲花寺)ལྷོ་དབང་གི་སྡེ་(金塔冠顶寺)བཅས་ཡིན་ལ། ལིང་ཇུ་སྡེ་བཞིའི་གནས་འདི་ནི་བོད་ཆོལ་ཀ་གསུམ་གྱི་ལས་དབང་གི་ཁ་ལོ་བསྒྱུར་ས་ཞིག་ཡིན་ལ། ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གོ་དན་རྒྱལ་བོས་གདན་ཞུ་མཛད་པས། ས་པཎ་རང་ཉིད་དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཞི་པའི་མེ་རྟ(སྤྱི་ལོ1246)ལོའི་ཟླ་བ་བརྒྱད་པར་ཧོར་གོ་དན་བཞུགས་སར་ལིང་ཇུ་རྩེ(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཁུལ་གནས་ཡུལ་འགུ་ཚང་གྲོལ་བརྡལ)ལ་ཕེབས་འབྱོར་བྱུང་ཞིང་། གོ་དན་ཧོར་ཡུལ་དུ་སོང་ནས་ཚུར་ལོག་པ་དང་མེ་ལུག(སྤྱི་ལོ1247)ལོའི་ཟླ་བ་དང་པོ་ལ་མཇལ་རྗེས་ཀྲུང་གོའི་ལོ་རྒྱུས་སྟེང་ལིང་ཇུ་གྲོས་མོལ་དུ་གྲགས་པའི་ལོ་རྒྱུས་དོན་ཆེན་དེ་བྱུང་ས་དང་།  འདིའི་རྗེས་སུ་བོད་ཆོལ་ཁ་གསུམ་ལ་དུས་རབས་གཅིག་གི་རིང་དབང་བསྒྱུར་བྱས་མྱོང་བའི་དཔལ་ལྡན་ས་སྐྱ་བའི་ལོ་རྒྱུས་དང་བོད་སོག་གི་ལོ་རྒྱུས་གསར་བ་ཞིག་གི་སྒོ་མོ་ཆེར་ཕྱེས་སའམ་མགོ་རྩོམ་ས་རེད།       བྱང་རྒྱ་མཚོ་སྡེ་ཝུའུ་ཝེ་གྲོང་དུ་ཡོད་པ་མ་གཏོགས་གཞན་གསུམ་ག་ཝུའུ་ཝེ་གྲོང་ཁྱེར་ལས་སྤྱི་ལེ13ནས28ཡི་མཚམས་སུ་ཆགས་ཡོད།    ས་པཎ་དང་གོ་དན་གཉིས་ཀྱིས་གྲོས་མོལ་ཏེ་ལིང་ཇུ་གྲོས་མོལ་རྗེས་སུ་བོད་ཀྱིས་རང་ཡུལ་རང་བདག་བྱེད་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་ནས་མི་རིགས་གཞན་གྱི་མངའ་འོག་ཏུ་ཚུད་པ་རེད། འདིས་རྗེས་ཀྱི་ཀྲུང་གོ་རྒྱལ་ཁབ་གཅིག་གྱུར་བྱེད་པ་ལའང་རྨང་བཏིང་པ་ཡིན་ལ། དུས་དེ་ནས་བཟུང་བོད་བརྒྱུད་ནང་བསྟན་བོད་ཡུལ་ནས་གཞན་ཡུལ་དུ་དར་མགོ་བརྩམས་པ་མ་ཟད་།  བོད་བརྒྱུད་ནང་བསྟན་འདི་ཉིད་ཡོན་རྒྱལ་ཁབ་ཆེན་མོའི་རྒྱལ་ཆོས་སུའང་གྱུར་པ་རེད།   དེང་འདིར་ལོ་ངོ་བདུན་བརྒྱ་ལྷག་འདས་ཀྱང་ས་པཎ་ལིང་ཇུར་བཞུགས་གནང་སྐབས་སུ་བཞེངས་པའམ་རྒྱས་བསྐྲུན་བྱས་པར་གྲགས་པའི་ལིང་ཇུ་སྡེ་བཞིའི་ད་ལྟའི་གནས་བབས་ཅི་འདྲ་ཞིག་ཡིན་པ་རྟོགས་རྒྱུ་ནི་ཐེངས་འདིར་ཁོ་བོ་ལིང་ཇུ་སྡེ་བཞི་ཡི་གནས་འདིར་བསྐྱོད་པས་དམིགས་ཡུལ་གཙོ་བོའོ།།

ས་ཚིགས་དང་པོ།  ཤར་སྤྲུལ་བའི་སྡེ།

ཤར་སྤྲུལ་བའི་སྡེ་ནི་ལན་གྲུ་གྲོང་ཁྱེར་ནས་སྤྱི་ལེ274ཡོད་པའི་ལང་ཇུའི་མཁར་གྱི་ལྷོ་ཤར་དུ་སྤྱི་ལེ28ལྷག་ཡོད་པའི་ཝུ་ནན་གྲོང་རྡལ་པའེ་ཐ་སྡེ་བའི་ལིག་ཅ་ཐེ་གྲོང་ཞེས་པའི་ས་ན་ཡོད་ལ། སྡེ་འདི་ཕལ་ཆེར་མི་ཉག་གམ་ཞ་རྒྱལ་རབས་ནུབ་མའི་(西夏)སྐབས་ཤིག་ལ་བཞེངས་པར་གྲགས་ཀྱང་།  ཕྱག་འདེབས་གནང་མཁན་སུ་ཡིན་ད་ཡོད་ཀྱི་རྒྱ་བོད་ལོ་རྒྱུས་ཀྱི་ཡིག་ཚག་གང་དུའང་མི་གསལ། དགོན་པ་འདི་ཉིད་ལོ་རྒྱུས་འཕེལ་འགྱུར་གྱི་དུས་ཡུན་རིང་མོ་ཁྲོད་ཆགས་འཇིག་རབ་དང་རིམ་པ་ཞིག་བྱུང་ཡང་།  ཡོན་རྒྱལ་རབས་དང་མིན་རྒྱལ་རབས།  ཆིན་རྒྱལ་རབས་སོགས་ཀྱི་སྐབས་སུ་སླར་གསོ་དང་རྒྱས་བསྐྲུན་ཡང་རབ་དང་རིམ་པ་ཞིག་བྱས་པ་རེད།     འབྲེལ་ཡོད་ཀྱི་ལོ་རྒྱུས་སུ་བཞུགས་ན་ས་པཎ་གནས་འདིར་བཞུགས་དུས་སུ་དགོན་པ་འདི་བོད་རྒྱུད་ནང་བསྟན་གྱི་དགོན་པར་བསྒྱུར་བར་སྣང་ལ།  རྒྱ་སྐད་དུ་མཆོད་རྟེན་དཀར་པོ་དགོན་དང་བླ་མའི་མཆོད་རྟེན་(喇嘛塔)ཞེས་ཟེར། རྒྱ་སྐད་ཀྱི་མིང་ནི་སྔོན་དེར་ས་པཎ་སྐུ་གཤེགས་རྗེས་གོ་དན་གྱིས་ས་པཎ་གྱི་སྐུ་གདུང་མཆོད་རྟེན་དཀར་པོ་ཞིག་བཞེངས་པ་དེང་ཤུལ་ཙམ་ལུས་འདུག་པ་འདི་ལས་མིང་ཆགས་པར་བཤད། འདི་ལ་བོད་སྐད་དུ་སྤྲུལ་བའི་སྡེ་རུ་གྲགས་ལ། 1982ལོའི་ཟླ་3པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང》གི་ཤོག་ངོས144ནས145སྟེང་དུ་བཀོད་པ་ལྟར་ན།  ཤར་སྤྲུལ་བའི་སྡེ་ནི་སྔོན་ཧོར་གོ་དན་གྱིས་ཐོག་མར་ས་པཎ་མཆོག་ལ་ཉམས་སད་པའི་ཆེད་དུ་སྒྱུ་མ་མཁན་མང་པོར་རྫས་ཀྱི་འཕྲུལ་ལས་གཙུག་ལག་ཁང་ཡིད་དུ་འོང་བ་སྤྲུལ་དུ་བཅུག་རྗེས།  གོ་དན་གྱིས་པཎ་གདན་དྲངས་ཏེ་ལྷན་དུ་ཕེབས། ས་པཎ་མཆོག་གིས་དེ་དོན་མཁྱེན་ནས་སྒོ་སྲུང་གི་ཁྲོ་བོ་ལ་བཀའ་བསྒོས། ཤིས་བརྗོད་མི་འགྱུར་ལྷུན་པོ་མ་འཕྲལ་དུ་བརྩམས་ནས་ཕྱག་ནས་གཏོར། སྟན་ལ་བཞུགས་ནས་སྒྱུ་མ་བཤིག་པར་བརྩམས་ཀྱང་བཤིག་མ་ནུས་པར་དཀོན་མཆོག་གི་རྟེན་དུ་བཞུགས། དུས་དེ་ནས་བཟུང་དགོན་པ་འདིའི་མིང་ལ་སྤྲུལ་པའི་སྡེ་རུ་གྲགས།  ས་པཎ་ཡུལ་འདིར་ལོ་ལྔ་ཙམ་བཞུགས་ཏེ་ཟབ་ཆོས་མང་དུ་གསུང་བར་བཤད།  མཐར་དགུང་ལོ་བདུན་ཅུའི་སྟེང་ཡུལ་འདིར་སྐུ་གཤེགས་པར་གདུང་ཞུགས་འབུལ་ཞུས་པར་དབུ་ཐོད་སོགས་ལ་ཀྱཻ་རྡོར་དང་འཇམ་དབྱངས་སོགས་འབུར་དོད། རིང་བསྲེལ་མང་དུ་ཕེབས་པ་དག་ནང་རྟེན་དུ་བཞུགས་སུ་གསོལ་ཏེ།  གདུང་རྟེན་བཀའ་གདམས་མཆོད་རྟེན་གྱི་དབྱིབས་ཅན་ལག་འདོམ་བཅུ་དྲུག་ཡོད་པ་བཞེངས་པར་བཤད། སྟག་ཚང་བ་དཔལ་འབྱོར་གྱིས1434ལོར་བརྩམས་པའི《རྒྱ་བོད་ཡིག་ཚངས་ཆེན་མོ》དང་། གཞན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》སོགས་སུ་ཡང་ས་པཎ་མཆོག་ཡུལ་འདིར་སྐུ་མྱ་ངན་ལས་འདས་པ་དང་།  རུས་རྟེན་བྱང་ས་སྤྲུལ་བའི་སྡེ་རུ་བཞུགས་པ་དང་།  འགྲོ་མགོན་འཕགས་པའི་སྐབས་དེར་དགེ་འདུན་སྟོང་རྩ་ཡོད་པར་བཤད་དོ།།    ལན་གྲུ་ནས་དུས་ཚོད3དང་སྐར་མ30ལྷག་ལ་བསྐྱོད་མཐར་བདག་གི་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་སྟེ། ཤར་སྤྲུལ་བའི་སྡེ་(白塔寺)རུ་གྲགས་པ་དེར་ཐོན་བྱུང་། སྤྲུལ་བའི་སྡེ་ཡི་སྒོ་ཆེན་དང་བར་ཐག་མི་རིང་བའི་གཞུང་ལམ་གྱི་དཀྱིལ་ན་རྡོ་སྐུ་གསོན་ཉམས་ལྡན་པ་གཉིས་བརྗིད་ཉམས་ཀྱིས་འགྱིངས་འདུག། རྡོ་སྐུ་དེ་གཉིས་ནི་ས་པཎ་དང་གོ་དན་གཉིས་རྟ་མཆོག་རེར་བཅིབས་ཏེ་གསུང་གླེང་མཛད་བཞིན་ཕེབས་པའི་རྣམ་པར་བཞེངས་ཡོད་ལ། སྐུ་བརྙན་དེ་ནི་རྒྱལ་རབས་ཤིག་མཇུག་ཤིང་རྒྱལ་རབས་ཤིག་རྒྱས་པའི་ལོ་རྒྱུ་ཀྱི་དཔང་རྟགས་རེད།  དེ་ནས་གོམ་པ་སུམ་བརྒྱ་ལྷག་སོང་ན་སྒོ་ཆེན་ཁར་ཐོན་ཐུབ།  སྒོ་ཆེན་དེ་བོད་ལུགས་སུ་བསྐྲུན་ཡོད།  ཡུལ་འདི་ནི་བོད་ཀྱི་པཎྚི་ཏའི་ཐོག་མ་ས་སྐྱ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ས་དང་། མཐར་སྐུ་མྱ་ངན་ལས་འདས་སའི་གནས་ཁྱད་པར་ཅན་ཞིག་ཡིན་པར་བཤད་ལ། སྒོ་ཆེན་ནང་ལོག་གི་ཐང་དུ་སླེབས་པ་ན་འཇམ་མགོན་ས་པཎ་མཆོག་གི་ཟངས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད། རྒྱབ་ཏུ་མདོག་དཀར་པོ་ཅན་གྱི་མཆོད་རྟེན་ཆེན་པོ་གཅིག་དང་ཆུང་ཆུང་མང་པོ་གསར་བཞེངས་གནང་ཡོད་པ་དང་མཇལ།  ངོ་སྤྲོད་པས་བཤད་པ་ལྟར་ན་མཆོད་རྟེན་ཆེན་པོ་གཅིག་དང་ཆུང་པ་གོ་དགུ་ཡོད་པར་བཤད།  དེ་ནས་རྒྱབ་ལོག་ཏུ་བསྐྱོད་པ་ན་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གི་རང་བསྲེལ་བཞུགས་པའི་མཆོད་རྟེན་ཞིག་རོ་བཞུགས་པ་དང་མཇལ་བྱུང་། སྐུ་གདུང་མཆོད་རྟེན་འདི་མཐོང་ལམ་དུ་བརྒྱུད་ཚེ་སྔར་ཆོས་རྗེ་ས་པཎ་ལགས་ཀྱིས་གནས་འདི་ནས་བོད་ཆོལ་ཁ་གསུམ་གྱི་བདག་དབང་ཡོན་ལ་སྤྲད་དེ་མཐོན་པོ་ཁྲི་ལས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པ་ཡིད་ལ་ཤར་ཡོངས་པ་མ་ཟད། དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ་ཅེས་པའི་འཕྲིན་ཡིག་དེའང་ཡིད་ལ་འཁོར་ཡོང་ངོ་།།  དུས་ད་ལྟའང་ས་ལོག་ཞིག་གི་འོག་ཏུ་བཞུགས་ཀྱང་གནད་འདིའི་མི་དམངས་རྣམས་ལ་དཔལ་འབྱོར་གྱི་ཁེ་དབང་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་འདུག    དེང་ཆོས་རྗེ་ས་པཎ་གྱི་སྐུ་གདུང་མཆོད་རྟེན་དུ་གྲགས་པའི་མཆོད་རྟེན་ཞིག་རོ་ཞིག་འདུག་པ་《མདོ་སྨད་ཆོས་འབྱུང》སོགས་ལས་གསུངས་པའི་རིང་བསྲེལ་ནང་བཞུགས་ཀྱིས་གདུང་རྟེན་བཀའ་གདམས་མཆོད་རྟེན་དེ་ཡིན་པར་བཤད་ལ། དེ་གའི་དཀར་ཆག་དང་ངོ་སྤྲོད་ལས་སྤྱི་ལོ1927ལོའི་ལུགས་རྙིང་གི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ལ་ལིང་ཇིའི་མཁར་འདིར་ས་ཡོམ་ཆེན་པོ་ཞིག་བྱུང་བ་ལས་སྔོན་གྱི་མཆོད་རྟེན་དང་ལྷ་ཁང་། སྐུ་གསུང་ཐུགས་རྟེན་ཐམས་ཅད་ལ་གནོད་སྐྱོན་ཐེབས་ཏེ་འཇིག་པ་ཡིན་ཟེར། ད་ལྟའི་མཐོང་རྒྱུ་ཡོད་པའི་མཆོད་རྟེན་ཞིག་རོའི་རྟེན་གྱི་རྨང་གི་བཀོད་པ་ནི་སོ་ཕག་ལས་གྲུབ་པའི་དབྱིབས་གྲུ་བཞི་ཅན་ཡིན་ལ། རྟེན་ཕུང་ནི་ཟུར་གསུམ་ཅན་གྱི་བཀོད་པར་གྲུབ།  རྟེན་ཕུང་གི་ཞེང་ཚད་ལ་ཕལ་ཆེར་རྨི་བརྒྱད་ཙམ་དང་སྤྱིའི་མཐོ་ཚད་ལ་རྨི་ལྔ་ཙམ་དང་། ཐམས་ཅད་སོ་ཕག་དཀར་རྩི་མས་གྲུབ་པར་འདུག་པས་མ་འཇིག་པའི་སྔོན་རྒྱ་ནག་གི་ཡིག་ཚང་མང་པོ་རུ་བཤད་པ་བཞིན་མཆོད་རྟེན་དཀར་པོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།        མིང་རྒྱལ་རབས་ཀྱི་གོང་མ་ཤོན་ཏེ་ཁྲི་ལོ་ལྔ་བ་སྤྱི་ལོ1430ལོར་ལྷ་ཁང་མཆོད་རྟེན་བཅས་ལ་མེ་སྦྱར་བ་སླར་ཞིག་གསོ་བགྱིས་པའི་རྡོ་རིང་གི་ཡི་གེ《ལང་ཇུ་མཆོད་རྟེན་དཀར་པོ་གསར་དུ་བཅོས་པའི་དཀར་ཆག》ཅེས་པ་ལས། སྔོན་འདིར་མི་ཉག་གི་རྒྱལ་བོ་གང་གི་རིང་ལ་བཞེངས་པ་མི་ཤེས་པའི་སྡེ་རྙིང་འདིར།  གོ་དན་གྱིས་ཆོས་རྗེ་ས་པཎ་མཆོག་གདན་དྲངས་ནས་ཞབས་ཏོག་དང་སྡེ་ལ་ཞིག་གསོ་བྱས་པ་དང་།ས་པཎ་འདིར་སྐུ་འདས་རྗེས་ཁོང་གི་གདུང་རྟེན་བཞུགས་པའི་མཆོད་རྟེན་འདི་ཡོན་རྒྱལ་ཁབ་ཆེེན་པོའི་ཏི་ཤྲིས་འགྲོ་མགོན་འཕགས་པས་བཞེངས་ཚུལ་བྲིས་འདུག  འདི་ལ་གཞིགས་ན་ས་པཎ་སྔོན་ནས་སྡེ་འདིར་ལྷ་ཁང་སོགས་ཡོད་དགོས།  གཞན་ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་ཁྲི་ལོ་ཉེར་གཅིག་པ་སྤྱི་ལོ1682ལོར་བཞེངས་པའི《མཆོད་རྟེན་དཀར་པོ་སླར་བཞེངས་པའི་རྡོ་རིང》ཟེར་བའི་ནང་མཆོད་རྟེན་འདི་ཉིད་ལ་སྔོན་ཆགས་འཇིག་མང་དུ་བྱུང་སྟེ་ཐེངས་གང་མང་ལ་བསྐྱར་བཞེངས་བྱས་པར་བཀོད་པ་སོགས་སྔོན་གྱི་ལོ་རྒྱུས་ཡིག་ཚང་དུ་སྡེ་འདིའི་ལོ་རྒྱུས་ཧ་ཅང་མང་།  ཆོས་རྗེ་ས་པཎ་གྱི་སྐུ་གདུང་མཆོད་རྟེན་ཞིག་རོ་དེ་ནས་སྐར་མ་གཉིས་གསུམ་ཙམ་ལ་སོང་ན་ལིང་ཇུ་གྲོས་མོལ་རྗེས་དྲན་ཁང་ཡོད་ལ། འདི་ནང་དུ་ཆོས་རྗེས་ས་པཎ་དང་གོ་དན་གཉིས་ཀྱི་ལིང་ཇུ་གྲོས་མོལ་སྐོར་གྱི་འབྲེལ་ཡོད་ཀྱི་ལོ་རྒྱུས་མང་པོ་ཞིག་མཆིས་སོ།།    མདོར་ན།  གནའ་བོའི་དགོན་པ་འདིའི་ནང་གི་ལྷ་ཁང་མཆོད་རྟེན་ཐམས་ཅད་ལོ་རྒྱུས་ཀྱི་དུས་རབས་སོ་སོ་དང་།  ལྷག་པར་ཏུ་སྤྱི་ལོ1927ལོའི་ས་ཡོམ་ཆེན་པོ་དེ་དང་རིག་གནས་གསར་རྗེས་ཆེན་མོའི་སྐབས་གནོད་པ་ཚབས་ཆེན་ཐེབས་ཏེ་ད་ལྟའི་མཆོད་རྟེན་ཞིག་རོའི་རྟེན་གྱི་རྨང་གི་བཀོད་པ་འདི་དང་གཞན་པའི་འཛུགས་བསྐྲུན་གྱི་རྨང་ཤུལ་འགའ་མ་གཏོགས་མཐོང་རྒྱུ་མི་འདུག་ལ།  དེང་གི་ང་ཚོས་མཐོང་ལམ་དུ་བརྒྱུད་པའི་བཟོ་བསྐྲུན་འདི་དག་ནི་ལོ་འདི་གའི་རིང་ལ་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྤྱི་ལོ2001ལོར་དགོན་པ་སླར་གསོའི་རྣམ་གྲངས་ལ་སྒོར་ཁྲི3770བཏང་ནས་བསྐྲུན་པ་ལགས་སོ།།

图像 2019-11-6,上午9.41.jpg

ས་པཎ་དང་གོ་དན།萨班与阔端王

图像 2019-11-6,上午9.42.jpg

ས་པཎ་གྱི་སྐུ་གདུང་མཆོད་རྟེན།萨班灵骨塔

图像 2019-11-6,上午9.43.jpg

ལིང་ཇུ་གྲོས་མོལ་རྗེས་དྲན་ཁང་།凉州会谈纪念馆

图像 2019-11-6,上午9.43 (1).jpg

རྗེས་དྲན་ཁང་ནང་གི་ས་པཎ་གྱི་ཟངས་སྐུ།纪念馆中的萨班铜像

图像 2019-11-6,上午9.43 (2).jpg

རྗེས་དྲན་ཁང་ནང་གི་གོ་དན་གྱི་ཟངས་སྐུ།纪念馆中的阔端铜像

图像 2019-11-6,上午9.45.jpg

ལིང་ཇུ་གྲོས་མོལ་བྱེད་པའི་རྣམ་པ།萨班与阔端会谈的蜡像

ས་ཚིགས་གཉིས་པ།   བྱང་རྒྱ་མཚོའི་སྡེ། 

ཤར་སྤྲུལ་བའི་སྡེ་རུ་དུས་ཚོད་གཅིག་དང་སྐར་མ་ཉི་ཤུ་ཙམ་ལ་ལྟ་སྐོར་བྱས་རྗེས་སྡེ་འདི་དང་ཁ་གྱེས་ནས་ཐེངས་འདིའི་བདག་གི་འགྲུལ་བཞུད་ཀྱི་ས་ཚིགས་གཉིས་པ་སྟེ་བྱང་རྒྱ་མཚོ་སྡེ་རུ་བསྐྱོད་པ་ཡིན།  བྱང་རྒྱ་མཚོའི་སྡེ་ནི་སྤྲུལ་བའི་སྡེ་ནས་སྤྱི་ལེ་ཉེར་བརྒྱད་ལ་སོང་ན་ལིང་ཇུ་མཁར་ལ་ཐོན་ཐུབ།  དེ་ནས་བྱང་ངོས་སུ་ལེ་བར་གཉིས་ཙམ་གྱི་མཚམས་ན་འདུག  འབྲེལ་ཡོད་ལོ་རྒྱུས་ལྟར་ན་དགོན་པ་འདི་ཐོག་མར་ཅིན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པར་བཤད་ལ། ཆོས་རྗེ་ས་པཎ་གྱི་སྔོན་ལ་རྒྱ་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཡིན་པར་བཤད།  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང》དུ་བཀོད་པ་ལྟར་ན།  ས་སྐྱ་པཎ་ཆེན་གྱིས་གནས་འདིར་ཆོས་འཁོར་རྒྱ་ཆེར་བསྐོར་པ་དང་རྒྱས་བསྐྲུན་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་གནས་སུ་བསྒྱུར་པ་དང་།  ཡོན་རྒྱལ་རབས་ཀྱི་དུས་མཇུག་ཅིག་ལ་དམག་འཁྲུག་གི་དབང་གིིས་གཏོར་བཤིག་ཅུང་ཙམ་ཐེབས་ཀྱང་།  སྡེ་གཞན་དག་དང་བསྡུར་ན་དགོན་པའི་སྒོ་ཆེན་དང་ཚོམས་ཆེན།  འོད་དཔག་མེད་ཀྱི་འདུ་ཁང་།  དུས་གསུམ་སངས་རྒྱས་ལྷ་ཁང་།  ས་ཡི་སྙིང་བོའི་ལྷ་ཁང་སོགས་ལ་ཆགས་འཇིག་དེ་འདྲ་མ་བྱུང་བ་འདྲ། ཡང་སྤྱི་ལོ1483ཡས་མས་སུ་རྒྱའི་དམག་དཔོན་རུས་ཀྲང་ཅན་ཞིག་གིས་ཀྱང་སླར་གསོ་རྒྱ་ཆེན་པོ་བྱས་རྗེས་རིམ་གྱི་རྒྱའི་དགོན་དུ་གྱུར།      སྔོན་འདིར་མཚེའུ་ཞིག་ཡོད་པའི་ནང་ཀླུ་བདུད་གདུག་པ་ཅན་ཞིག་གནས་པས་ཧོར་གོ་དན་རྒྱལ་བོ་ལ་ཀླུ་ནད་བྱུང་བ་དང་།  ས་པཎ་གྱིས་ཀླུ་དེ་བཏུལ་ནས་རྒྱལ་བོ་ནད་ལས་གྲོལ་བར་བཤད།  དགོན་པའི་རྭ་སྐོར་གོང་མའི་ནང་དུ་སྔོན་གྱི་མཚེའུ་དེ་ཡིན་ཟེར་བའི་ཁྲོན་པ་ཆུང་ངུ་ཞིག་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་འདུག  ངག་རྒྱུན་ལ་མཚོ་འདི་དང་ཕོ་བྲང་པོ་ཏ་ལའི་ཀླུ་རྒྱལ་མཚོ་གཉིས་འབྲེལ་ནས་ཡོད་ཅེས་བཤད་ཚུལ་འདུག     གང་ལྟར་ཡང།   དགོན་པའི་འགྲེམ་སྟོན་ཁང་དུ་སྔོན་གྱི་ལྷ་ཁང་གི་ལྡེབས་རིས་ཉར་ཚགས་བྱས་འདུག་ལ།  ལྡེབས་རིས་དག་ལ་བོད་ཀྱི་རི་མོའི་འབྲི་སྟངས་འདུག་པར་བལྟས་ན་ཆོས་རྗེ་ས་པཎ་གནས་འདིར་སླེབས་པ་ནས་དགོན་པ་འདི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཏུ་འགྱུར་བ་ཡིན་པ་སྨྲས་མ་དགོས།   ལོ་རྒྱུས་གྱི་འཕེལ་རིམ་ཁྲོད་ཞིག་གསོ་དང་རྒྱས་བསྐྲུན་བྱས་པས།  ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ་དགོན་པ་འདི་ཤིན་ཏུ་དར་རྒྱས་སུ་སོང་སྟེ་དགེ་འདུན་པ་སྟོང་ཕྲག་ལྷག་བཞུགས་པར་སྣང་།  ད་ལྟ་རྒྱའི་དགེ་འདུན་པ་བཅུ་ཕྲག་གཅིག་བཞུགས་སོ།།

图像 2019-11-6,上午9.46.jpg

བྱང་རྒྱ་མཚོ་སྡེའི་སྒོ་ཆེན།海藏寺大门

ས་ཚིགས་གསུམ་པ།    ལྷོར་དབང་གི་སྡེ།

   བྱང་རྒྱ་མཚོའི་སྡེ་རུ་དུས་ཚོད་གཅིག་ཙམ་ལ་ལྟ་སྐོར་བྱས་རྗེས་སྔ་དྲོའི་དུས་ཚོད་བཅུ་གཅིག་ལ་སླེབས་འདུག   དེ་ནས་བདག་དགོན་པ་འདི་དང་གྱེས་ནས་ཝུའུ་ཝེ་གྲོང་ཁྱེར་དུ་སོང་ནས་དྲོས་ཇ་བཞེས་པ་ཡིན།   དྲོས་ཇ་བཞེས་ཚར་ནས་ཐེངས་འདི་བདག་གི་འགྲུལ་བཞུད་ཀྱི་ས་ཚིགས་གསུམ་པ་ལྷོ་དབང་གི་སྡེར་བསྐྱོད་དུས་དུས་ཚོད་བཅུ་གཉིས་ལ་ཐོན་འདུག  ལྷོར་དབང་གི་སྡེ་ནི་ཝུའུ་ཝེ་གྲོང་ཁྱེར་གྱི་ལྷོ་ནུབ་ཀྱི་སྤྱི་ལེ་བཅོ་ལྔའི་མཚམས་ཀྱི་ཀྱིན་ཐ་ཡུལ་ཚོ་ཟེར་བ་ན་ཡོད།  རྒྱ་སྐད་དུ་(金塔寺)ཞེས་སུ་གྲགས།   སྔོན་ཆོས་རྗེ་ས་པཎ་མཆོག་གིས་གོ་དན་དཔོན་གཡོག་ལ་དགྱེས་རྡོར་སོགས་གསང་བ་སྔགས་ཀྱི་དབང་ཆེན་མང་དུ་གནང་བའི་ཡུལ་ཡིན་ལ།  གོ་དན་འཁོར་དང་བཅས་པ་ལ་དབང་གནང་བའི་དཀྱིལ་སྟེགས་ཀྱི་རྡོ་གྲུ་བཞི།  སྐུ་བརྙན་མང་པོ་ད་ལྟ་ཡང་མཐོང་རྒྱུ་ཡོད།  སྔོན་འདིར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཀྱང་རྒྱལ་པོ་གསེར་གྱི་སྐ་རགས་ཅན་ལ་དབང་ཆེན་གནང་པའི་གནས་ཡིན་པས་མཚན་ལ་དབང་སྡེ་རུ་ཐོགས་པར་གྲགས།  ད་དུང་འགྲོ་མགོན་འཕགས་པས་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་པ་ཞིག་བཞེངས་ཡོད་ལ།  སྤྱི་ལོ1927ལོར་ས་འགུལ་ཆེན་པོ་ཞིག་གིས་མཆོད་རྟེན་འདི་དང་སྔར་ཡོད་ཀྱི་ཚོམས་ཆེན།  ལྷ་ཁང་།   སྐུ་སྣ་ཚོགས། ཆོས་དཔེ།  ལྡེབས་རིས་སོགས་གནོད་སྐྱོན་ཐེབས་པ་རེད།  བཅིང་བཀྲོལ་གྱི་རྗེས་ཙམ་ལ་རྟེན་གསུམ་ལྷ་ཁང་དང་འཇིགས་བྱེད་ལྷ་ཁང་།  གུར་མགོན་ལྷ་ཁང་སོགས་ད་དུང་མཇལ་དུ་ཡོད་ན་ཡང་། རིག་གསར་གྱི་ལོ་བཅུའི་ནང་འཇིག་ཚུལ་ཧྥན་པའོ་ལེང་དང་ཧྲེ་ཐེན་ཁྲང་གིས་བརྩམས་པའི《བྱང་སྤྲུལ་བའི་སྡེར་གྲོས་སུ་བཏབ་པ་མཁས་པ་མགུ་བའི་གཏམ》ལས་བཀོད་ཡོད།    སྔོན་དགོན་པ་འདི་དར་རྒྱས་ཆེ་བའི་དུས་སྐབས་སུ་དགེ་འདུན་པ་ལྔ་སྟོང་ལྷག་བཞུགས་པ་དང་རིག་གསར་སྐབས་ཡོད་ཚད་ལ་གཏོར་སྐྱོན་ཐེབས་ཏེ་ཡུན་རིང་སྟོང་བར་ལུས་པར་གྲགས།    རིག་གསར་རྗེས་ཀྱི་སྤྱི་ལོ1999ལོར་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཝུའུ་ཝེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ལྷ་ཁང་གསར་བཞེང་གནང་རྒྱུའི་མཆོག་མཆན་ཞུས་པ་དང་ས་སྐྱ་རྫོང་མི་དམངས་སྲིད་གཞུང་ཆོས་དོན་ཅུས་ལ་ཡང་སྙན་སེང་ཞུས་པ་བརྒྱུད།  གོང་རིམ་ནས་ཀྱང་དོན་འདི་ཆོས་ལུགས་དང་ལོ་རྒྱུས་ཐོག་གལ་ཆེན་ཡིན་པར་དགོངས་ནས་ལྷོ་ཕྱོགས་དབང་གི་སྡེ་འཛུགས་བསྐྲུན་གྱི་ཆོག་མཆན་ཐོབ།  དེ་ནས་ས་སྐྱ་དགོན་པས་བདག་གཉེར་དང་ལྕགས་རི་བསྐོར་ཏེ་ནང་དུ་འདུ་ཁང་དང་མ་ཎི་སོགས་བཞེངས་འདུག    འདུ་ཁང་དུ་ས་སྐྱ་གོང་མ་རྣམ་ལྔའི་འབག་སྐུ་དང་གསུང་རྟེན་སྣ་ཚོགས།  ལྷག་པར་ལྡེབས་རིས་སུ་ཆོས་རྗེ་ས་པཎ་མཆོག་ཡུལ་འདིར་ཧོར་གོ་དན་མཆོག་གིས་གདན་འདྲེན་ཞུས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བ་སོགས་བྲིས་འདུག   ད་ལྟ་ས་སྐྱ་ནས་དགེ་འདུན་    ད་དུང་དགོན་འདིའི་རྟེན་གྱི་གཙོ་བོ་ཡིན་ཟེར་པའི་ཆོས་དུང་དཀར་པོ་ཞིག་ཀྱང་ད་ལྟ་དངོས་སུ་མཇལ་རྒྱུ་འདུག    དེང་གི་དགོན་པ་བདག་གཉེར་མཁན་གྱི་ས་སྐྱའི་དགེ་འདུན་པ་དེས་བཤད་པ་ལྟར་ན།     ཆོས་དུང་དཀར་པོ་འདི་ནི་སེ་ཆེན་གྱིས་འགྲོ་མགོན་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ཡིན་ཟེར་རོ།།  

图像 2019-11-6,上午9.47.jpg

དགོན་པའི་སྒོ་ཆེན།寺院大门

图像 2019-11-6,上午9.50.jpg

ཚོམས་ཆེན་ནང་གི་གཙོ་སྐུ་ས་པཎ་གྱི་སྐུ།大殿主供萨班像

 ས་ཚིགས་བཞི་བ།    ནུབ་པད་མོའི་སྡེ།

ལྷོར་དབང་གི་སྡེ་རུ་དུས་ཚོད་གཅིག་དང་ཕྱེད་ཙམ་ལ་ལྟ་སྐོར་བྱས་རྗེས་སྡེ་འདི་དང་གྱེས་ནས་ནུབ་པདྨོ་སྡེ་རུ་བསྐྱོད་པ་ཡིན། ནུབ་པད་མོའི་སྡེ་འདི་ནི་ཝུའུ་ཝེེ་གྲོང་ཁྱེར་གྱི་སྟོད་ཕྱོགས་ཀྱི་ལེ་བར་བཅུ་གསུམ་གྱི་མཚམས་ན་རི་བོ་པད་འདབ་གྲོལ་བའི་དབྱིབས་ཅན་གྱི་རི་རྒྱུད་ཆེན་པོའི་ལུང་བ་ཕུ་ཐག་རིང་བ་ཞིག་གི་ནང་ན་ཆགས་ཤིང་། དགོན་པ་ཆགས་སའི་རི་བོའི་རྣམ་པ་པད་འདབ་གྲོལ་བའི་དབྱིབས་ཅན་དུ་འདུག་པའི་དགོན་མིང་དུའང་པད་མོའི་སྡེ་རུ་གྲགས། ལུང་བའི་འདབས་དང་སྟོད་ཀྱི་རི་སྒང་སོགས་ནས་སྨད་ཀྱི་ཐང་ཆེན་པོའི་དཀྱིལ་གྱི་ཝུའུ་ཝེེ་གྲོང་ཁྱེར་ནི་གསལ་བོར་མཐོང་ཐུབ།   དགོན་འདི་ཐོགས་མར་ཧན་རྒྱལ་རབས་ཀྱིས་སྐབས་སུ་བཞེངས་པར་གྲགས།    ཆོས་རྗེ་ས་པཎ་གྱི་སྐུ་རིང་ལ་རྒྱས་བསྐྲུན་མཛད་དེ་གནས་འདི་ནས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེར་སྤེལ་མྱོང་ཡོད་ལ།  དེང་གི་དུས་འདི་ལའང་ལོ་རེའི་ལྔ་བའི་ཚེས་བཅུ་གསུམ་ཉིན་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་སྲོལ་མ་ཉམས་པར་ཡོད་པར་བཤད། ས་སྐྱ་པཎ་ཆེན་མཆོག་ལང་ཇུའི་ཡུལ་འདིར་ཕེབས་པ་ན་སྲིང་མོ་བཟོད་པ་རིང་མོ་ཡང་བྱ་བྲལ་གྱིས་ཡུལ་འདིར་བྱོན། བཟོད་པ་རིང་མོ་ནུབ་པད་མོའི་སྡེ་འདིར་ཡུན་རིང་ལ་སྒོམ་སྒྲུབ་མཛད།  ཕྱིས་ཆོས་རྗེ་ས་པཎ་མཆོག་སྐུ་གཤེགས་པའི་གཏམ་གསན་འཕྲལ།  བོད་ཕྱི་རབས་ཕྱི་རབས་ཉལ་ནས་འཆི། །   ང་བཟོད་པ་རིང་མོ་ལངས་ནས་འཆི། ། ཞེས་གསུངས་ནས་ནུབ་པད་མོའི་སྡེ་འདིར་འདས་པར་བཤད།  བཟོད་པ་རིང་མོ་འདས་རྗེས་གདུང་རུས་དང་ཚེམས་གཉིས་ཁྲོ་ནག་གི་བླུག་སྐུ་མི་ཚད་ཙམ་གྱི་གཟུང་གཞུག་ཏུ་བཞག་པ་དེར་བཟོད་པ་རིང་མོའི་སྐུ་གདུང་དུ་གྲགས་པ་ཡོད།  འོན་ཀྱང་རིག་གནས་གསར་རྗེས་ཆེན་མོའི་སྐབས་སུ་གཏོར་བརླགས་ཆེན་པོ་ཐེབས་སོ།།

图像 2019-11-6,上午9.51.jpg

དགོན་པའི་སྒོ་ཆེན།寺院大门

སྔོན་རབས་མེས་པོ་བཞུད་པའི་རྗེས་ཤུལ་དུ།།

དེང་རབས་གསར་བུ་ང་འདྲ་འཁྱམས་འཁྱམས་རྗེས།། 

ལིང་ཇུ་སྡེ་བཞིའི་འདས་མ་ད་གསུམ་སོགས།།

མིག་མཐོང་རྣ་ཐོས་བྱུང་རྣམས་མ་ལུས་པར།།

ཟོལ་གྱིས་བཅོས་པའི་མཛེས་ཆས་མ་སྤྲས་ལ།།

ཕྱོགས་སུ་ལྷུང་བའི་གཏམ་གྱི་མ་རྒྱན་པར།།

ཡིག་ཚོགས་སྐམ་པོ་ལམ་ནས་བྲིས་པ་འདིར།།

རང་སེམས་རང་གིས་གསོ་བའི་གླུ་ཆུང་ཡིན།།



རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།