བོད་སྤྱི་སྐད་ཀྱི་བླ་སྲོག་གླེང་བ་ཧང་ཆུའི་བཞུར་རྒྱུན།

དང་པོ།བོད་ཡུལ་གྱི་ཆགས་ཚུལ་བསྡུས་ནས་བཤད་པ།
    བོད་ཀྱི་ལོ་རྒྱུས་ལས་སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།བར་གྱི་དབུས་གཙང་རིས་བཞི་ཡུར་བ་དང་འདྲ།སྨད་ཀྱི་ཁམས་སྒང་དྲུག་ཞིང་དང་འདྲ་ཞེས་བོད་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་མངའ་རིས་དང་བར་དབུས་གཙང་སྨད་མདོ་ཁམས་བཅས་ཀྱི་ཕྱི་རང་བྱུང་གི་བཀོད་པའམ་ས་དབྱིབས་ཆགས་ཚུལ་གྱི་རྣམ་པ་བསྡུས་ཏེ་བསྟན་ཡོད་ལ་དེ་ཡང་རྫིང་བུ་དང་འདྲ་བའི་སྟོད་མངའ་རིས་ཀྱི་ཕྱིའི་རང་བྱུང་གི་རྣམ་པ་ནི་་སྤང་ཐང་གི་མཐའ་ལ་གཡའ་བྲག་གིས་རྒྱན་ཞིང་ཡུར་བ་དང་འདྲ་བའི་བར་དབུས་གཙང་གི་ཕྱིའི་རང་བྱུང་གི་བཀོད་པ་ནི་ལུང་བ་ཆེན་པོ་དག་གིས་གཡས་གཡོན་དུ་རི་རྒྱུད་ཀྱིས་རྒྱན་པ་དང་ཞིང་དང་མཚུངས་བའི་སྨད་མདོ་ཁམས་ཀྱི་ཕྱིའི་རང་བྱུང་གི་རྣམ་པ་ནི་རྩྭ་ཐང་ཆེན་པོ་དག་གི་མཐའ་འམ་གཡས་གཡོན་མདུན་རྒྱབ་ཕྱོགས་སུ་རྫ་རི་སྤང་རི་སོགས་མང་བོ་ཡོད་པ་དེ་དག་གི་དཔེ་ལ་རྫིང་བུ་དང་ཡུར་བ།ཞིང་གསུམ་དུ་བཞག་ནས་ཕྱིའི་རང་བྱུང་གི་ཆགས་ཚུལ་གྱི་རྣམ་པ་དོ་མཉམ་མིན་པའི་ཤུགས་ལ་དེའི་ཡུལ་མིའི་སྐད་གདངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་གཅིག་མཚུངས་མིན་པ་བསྟན་འདུག།

    གཉིས་པ།བོད་དང་བོད་སྐད་ཀྱི་བྱེ་བྲག་གི་དབྱེ་བ་རྒྱས་བར་བཤད་པ།

    སྟོད་ཀྱི་མངའ་རིས་སྐོར་གསུམ་དང་བར་གྱི་དབུས་གཙང་རི་བཞི་སྨད་ཀྱི་མདོ་ཁམས་སྒང་དྲུག་ལ་སོགས་པའི་ཡུལ་གྲུ་དག་ལ་འཚོ་བཞུགས་བྱེད་བཞིན་པའི་ང་ཚོ་བོད་མི་རིགས་འདི་ཉིད་ལ་སྐད་གདངས་ཀྱི་ཆ་ནས་ཀྱང་སྟོད་ལ་མངའ་རིས་ཀྱི་སྐད་དང་བར་ལ་དབུས་གཙང་གི་སྐད།སྨད་ལ་མདོ་ཁམས་ཀྱི་སྐད་དེ་གཉིས་སུ་དབྱེ་བའི་བཞི་དང་མ་དབྱེ་བའི་གསུམ་དུ་གསུངས།གཞན་ཡང་ཆོས་ལུགས་ཀྱི་ཆོལ་ག་བྱེད་སྲོལ་མི་འདྲ་བའི་དབང་གིས་དབུས་གཙང་ཆོས་ཀྱི་ཆོལ་ག་དང་མདོ་སྟོད་མིའི་ཆོལ་ག།མདོ་སྨད་རྟའི་ཆོལ་ག་སྟེ་གསུམ་དུ་དབྱེ་བ་ལ་སོགས་པའི་ནང་གསེས་ཀྱི་དབྱེ་བ་དབྱེ་སྟངས་མི་འདྲ་བ་དུ་མ་ཡོད་ཀྱང་སྟོད་མངའ་རིས་དང་བར་དབུས་གཙང་གཉིས་ཀྱི་སྐད་ལ་བར་ཁྱད་ཆེན་པོ་མེད་པས་སྟོད་མངའ་རིས་དང་བར་དབུས་གཙང་གཉིས་དབུས་ཀྱི་ཁོངས་སུ་བཞག་ནས་བོད་མདོ་དབུས་ཁམས་གསུམ་དུ་བཤད་ལ་དེ་ལྟ་བུའི་བོད་སྟོད་སྨད་བར་གསུམ་མམ་མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་ས་ཆ་སོ་སོ་ལ་འཚོ་སྡོད་བྱེད་བཞིན་པའི་མིའི་སྤྱི་ཡི་མིང་ལ་བོད་དང་དེའི་ཡུལ་མི་རྣམས་ཀྱིས་བཤད་བཞིན་པའི་སྐད་ཆ་ལ་བོད་སྐད་ཅེས་ཟེར་ཞིང་ཨ་མདོ་དང་ཁམས་པ།དབུས་གཙང་གསུམ་ནི་རང་རེའི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་དབྱེ་བ་ཆེན་པོ་གསུམ་ཡིན་ལ།སྨོན་ལམ་ཚིག་མཛོད་དུ་ཨ་མདོ་ཞེས་པ་ནི་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་དང་མདོ་ལ་རིང་མོ་གཉིས་ཀྱི་མིང་གཅིག་ཏུ་བསྡོམས་པའི་མན་ཆད་ལ་ཟེར་ཞིང་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཕུད་པའི་ས་ཆ་གཞན་དག་དང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་དང་སུ་ཁྲོན་ཞིང་ཆེན་གྱི་རྔ་བ་ལ་སོགས་པའི་བོད་རིགས་ས་ཁུལ་རྣམས་ཡིན་པ་དང་དེའི་ཡུལ་མིའི་སྐད་ཆ་ལ་ཨམ་སྐད་ཅེས་བརྗོད་པ་དང་ད་ལྟའི་མཚོ་སྔོན་གྱི་ཡུལ་ཤུལ་དང་ཡོན་ནན་གྱི་བདེ་ཆེན་དང་སི་ཁྲོན་གྱི་དཀར་མཛེས་དང་བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ་སོགས་ཀྱི་བོད་རིགས་ས་ཆ་རྣམས་ལ་ཁམས་དང་དེའི་ཡུལ་མིའི་སྐད་ཆ་ལ་ཁམས་སྐད་ཅེས་བརྗོད་པ་དང་ད་ལྟའི་མངའ་རིས་དང་གཞིས་རྩེ་དང་ལྷོ་ཁ་ལྷ་ས་ཉིང་ཁྲི་ལ་སོགས་པའི་བོད་རིགས་ས་ཆ་རྣམས་ལ་དབུས་གཙང་དང་དེའི་ཡུལ་མིའི་སྐད་ཆ་ལ་དབུས་གཙང་སྐད་ཅེས་ཟེར་བ་ཡིན་ལ་དེ་དག་གི་རང་རང་གི་སྐད་གདངས་མི་གཅིག་པའི་དབང་གིས་ཨ་མདོ་པ་དང་ཁམས་པ།དབུས་གཙང་པ་བཅས་ཁག་མི་འདྲ་བ་གསུམ་དུ་དབྱེ་བ་དང་ཨམ་སྐད་དང་ཁམས་སྐད་དབུས་གཙང་སྐད་ལ་སོགས་པ་ནི་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཆ་རིགས་གསུམ་ཡིན་པ་དང་དེ་ལས་དབུས་སྐད་ནི་གདངས་ཞེན་པ་དང་ཁམས་སྐད་ནི་གདངས་རན་པ།ཨམ་སྐད་ནི་གདངས་དྲག་པ་ཡིན་ལ་དག་ཡིག་དང་ཚིག་མཛོད་སོགས་སུ་བཀོད་པ་ལྟར་ན་དབུས་ནི་དཀྱིལ་སྙིང་དང་ཁམས་ནི་མཐའ་མཚམས་དང་མདོ་ནི་སྨད་ཀྱི་དོན་ཡིན་ལ་ཨ་མདོ་དང་ཁམས་པ་གཉིས་ནི་དབུས་པ་ལས་ཟུར་དུ་ཕུད་པའི་མཐའ་མཚམས་ཀྱི་དོན་ཡིན་ལ་བཤད་རྒྱུན་ལ་ལར་སྔོན་བཙན་པོའི་དུས་སྐབས་ཀྱི་མཐའ་མཚམས་སྲུང་མཁན་གྱི་དམག་དཔོན་གྱི་རྒྱུད་ལས་མཆེད་འཕེལ་འོངས་བའི་དམག་དཔུང་གི་རིགས་ཤིག་ཡིན་ལ་དུས་ད་ལྟའང་རྐང་སྣམ་མ་ཕུད་བར་ཉལ་སྲོལ་ཡོད་པ་ནི་དམག་འཁྲུག་རྒྱག་པར་སྟབས་བདེ་བའམ་ཡང་ན་སྟ་གོན་ལ་ཉེ་བར་ཕྱོགས་པའི་རྟགས་མཚན་རེད་ཟེར་མཁན་ཡང་ཡོད།དེ་མིན་འབྲུག་ཡུལ་དང་བལ་ཡུལ་ལ་རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོ་ཞིག་ན་བོད་རིགས་ཡོད་རུང་དེ་དག་ཀྱང་ཨ་མདོ་པ་དང་ཁམས་པ།དབུས་གཙང་པ་གང་རུང་གི་ཁོངས་ནས་ཐོན་པའི་བོད་ཀྱི་བྱེ་བྲག་པ་ཡིན་པས་དེ་དག་གི་སྐད་ཆའང་མདོ་དབུས་ཁམས་གསུམ་གང་རུང་གི་སྐད་ལ་མ་གཏོགས་པ་ཞིག་མེད་ལ་དེ་དག་གིས་ཀྱང་ཨ་མདོ་བས་ཨམ་སྐད་དང་ཁམས་པས་ཁམས་སྐད།དབུས་གཙང་པས་དབུས་སྐད་རྒྱག་པ་ལས་བོད་སྤྱི་ཡི་གོ་བའི་སྐད་ཆ་ཞིག་རྒྱག་ཤེས་ཀྱི་མེད་པ་རེད།ཡིན་ནའང་ཕྱི་ཡུལ་ན་ཁོ་ཚོའི་རིགས་གྲངས་ཧ་ཅང་ཉུང་བ་དང་ཁོ་ཚོས་ཕན་ཚུན་འབྲེལ་གཏུགས་མང་བའི་དབང་གིས་ཨ་མདོ་པ་ཡིན་ཡང་དབུས་སྐད་བཤད་ཤེས་ལ་ཁམས་སྐད་ཀྱང་གོ་བཞིན་ཡོད་པ་རེད།དེ་བཞིན་དུ་ཁམས་པ་ཡིན་ཡང་ཨམ་སྐད་རྒྱག་ཤེས་ལ་དབུས་གཙང་སྐད་ཀྱང་གོ་ཐུབ་པ་ཞིག་ཏུ་སྣང་བ་དང་ཁོ་ཚོ་ནི་བོད་མདོ་དབུས་ཁམས་གསུམ་རང་རང་གི་ཡུལ་དུ་འཚོ་སྡོད་བྱས་པའི་བོད་པ་ཞིག་དང་བསྡུར་ན་ཡོན་ཏན་མང་བ་དང་སྐད་གསུམ་ཤེས་པས་ཅུང་དགོས་མཚན་ཆེ་བ་དང་སྐད་ཆའང་བོད་སྤྱི་སྐད་ཕྱོགས་ལ་ཉེ་བར་ཕྱོགས་པ་ཞིག་ཡིན།ཡིན་ནའང་ཁོ་ཚོས་ཀྱང་བོད་ཀྱི་སྤྱི་ཡོངས་ཀྱི་གོ་བའི་སྐད་ཆ་ཞིག་བཤད་ཤེས་ཀྱི་མེད།དེའི་རྒྱུ་མཚན་ནི་ཁོ་ཚོའི་བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་གྱུར་གྱི་མིན་ལ།ཨ་མདོ་བས་ཨ་མདོ་བའི་ཀློག་སྟངས་ལྟར་ཀློག་པ་དང་།ཁམས་པས་ཁམས་པའི་ཀློག་སྟངས་ལྟར་ཀློག་པ།དབུས་གཙང་པ་རྣམས་ཀྱིས་དབུས་གཙང་པའི་ཀློག་སྟངས་ལྟར་ཀློག་བཞིན་ཡོད་པ་རེད།དེ་བཞིན་དུ་ཁམས་ཕྱོགས་སུ་ཡོད་པའི་ཨ་མདོ་བ་དང་དབུས་ཕྱོགས་ཕྱོགས་སུ་ཡོད་པའི་ཨ་མདོ་བ་དང་དབུས་ཕྱོགས་སུ་ཡོད་པའི་ཁམས་པ་དང་ཨ་མདོ་ཕྱོགས་ན་ཡོད་པའི་ཁམས་པ་ལ་སོགས་ཀྱིའང་ཕན་ཚུན་གྱི་སྐད་བཤད་ཤེས་ལ་གོ་འང་ཐུབ་ཀྱི་ཡོད་མོད།འོན་ཀྱང་ཁོ་ཚོ་ལའང་བོད་ཡིག་གི་་ཡི་གེ་ཀློག་སྟངས་གཅིག་གྱུར་ཞིག་མེད་པས་རང་རང་གི་སྐད་དང་རང་རང་གི་ཡི་གེ་ཀློག་སྟངས་ལྟར་ཀློག་པ་ལས་བོད་སྤྱི་ཡོངས་ཀྱི་གོ་ཐུབ་པའི་སྐད་ཆ་ཞིག་བཤད་ཤེས་ཀྱི་མེད་པ་རེད།དེ་བས་ཀྱང་བོད་མདོ་དབུས་ཁམས་གསུམ་རང་རང་གི་ཡུལ་དུ་འཚོ་སྡོད་བྱེད་པའི་བོད་པ་ཞིག་ལ་མཚོན་ན་རང་རང་སོ་སོའི་སྡོད་སའི་ཡུལ་གྲུ་དེའི་སྐད་མ་གཏོགས་ཨ་མདོ་བས་དབུས་སྐད་དང་ཁམས་སྐད་མི་གོ་པ་དང་དབུས་གཙང་པས་ཨམ་སྐད་དང་ཁམས་སྐད་མི་གོ་བ།ཁམས་པས་ཨམ་སྐད་དང་དབུས་སྐད་མི་གོ་བས་རང་རང་གི་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ་ཙམ་ལས་ཕན་ཚུན་གྱི་སྐད་ལ་འབྲེལ་འདྲིས་དང་ཕན་ཚུན་རྒྱུས་ལོན་མེད་པའི་གནས་ཚུལ་འོག་ནས་ཡུལ་གྲུའི་གང་གི་སྐད་གདངས་ཡག་པ་དང་གང་ལ་དགོས་མཚན་ཡོད་པ་དང་ཡུལ་གྲུ་གང་གིས་ཡི་གེ་ཀློག་སྟངས་ཡག་པོ་ཡོད་པ་སོགས་གཏན་ནས་ཤེས་ཀྱི་ཡོད་པ་མ་རེད།གནས་ཚུལ་འདི་འདྲ་འོག་ནས་ཨ་མདོ་བས་ཨམ་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ་དང་།ཁམས་པས་ཁམས་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ།དབུས་གཙང་པས་དབུས་གཙང་སྐད་ཀྱི་དགོས་མཚན་བརྗོད་བཞིན་ཡོད་པ་རེད།ང་ཚོ་བོད་ལ་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཤེས་མཁན་གྱི་མི་སྣ་ཉུང་བ་དང་དེ་གསུམ་ལ་ཞིབ་འཇུག་དང་དབྱེ་ཞིབ་གནང་མཁན་མ་བྱུང་བ།བོད་སྟོད་སྨད་བར་གསུམ་པོའི་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་མེད་པ་བཅས་ཀྱི་རྐྱེན་གྱིས་དུས་ད་ལྟའང་ད་དུང་བོད་སྐད་ལ་གཅིག་གྱུར་མེད་པ་དང་།མ་འོངས་པ་ལ་ང་ཚོ་བོད་ཀྱི་བོད་སྐད་གཅིག་གྱུར་ཡོང་བ་བྱེད་དགོས་ན་ངེས་བར་དུ་མདོ་དབུས་ཁམས་གསུམ་གྱི་སྐད་གསུམ་ཤེས་པའི་མི་སྣ་ཕན་ཚུན་གསོ་སྐྱོང་དང་ཕན་ཚུན་ཟབ་སྦྱོང་མང་པོ་གནང་ནས་བོད་སྐད་གསུམ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་དགོས་པ་མ་ཟད།བོད་མདོ་དབུས་ཁམས་གསུམ་པོའི་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་རྒྱུས་ལོན་བྱ་རྒྱུ་དེའང་ཧ་ཅང་གལ་ཆེ་བ་ཞིག་རེད།

    གསུམ་པ།བོད་མདོ་དབུས་ཁམས་གསུམ་གྱིས་བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་གྱུར་བྱ་དགོས་པའི་ཚུལ་བཤད་པ།

    དེ་ཡང་དབུས་སྐད་མི་ཤེས་པའི་ཨ་མདོ་པ་ཞིག་གི་ཐོག་མར་ལྷ་སའི་སྐད་དེ་རང་ཉིད་ཀྱི་རྣ་བར་ཐོས་དུས་རྒྱ་གར་གྱི་སྐད་ལྟར་སྐད་གདངས་ཧ་ཅང་དམའ་བ་དང་ལྷ་ས་བ་ཞིག་གི་ཨ་མདོ་བའི་སྐད་དེ་ཐོག་དང་པོ་རང་ཉིད་ཀྱི་རྣ་བས་གོ་དུས་ཁོང་ཁྲོ་ལངས་བ་ལྟ་བུའི་སྐད་ཀྱི་གདངས་མཐོ་བ་དང་ཡི་གེ་ཀློག་དུས་ཀྱང་སྔོན་རྗེས་མིང་གསུམ་གྱི་སྒྲ་གསལ་བོར་ཐོན་པ་དང་གྱི་དང་འགྱོ།མྱི་ལ་སོགས་པའི་བརྡ་རྙིང་གི་སྐོར་མང་བ་དང་དེ་བཞིན་དུ་དབུས་པ་ཞིག་གིས་རྗེས་འཇུག་གི་ཡི་གེ་རྣམས་བཀླག་པའི་ཚེ་ན་སྒྲ་ཧ་ཅང་ཞེན་པས་མེད་པ་ལྟ་བུར་སྣང་བ་དང་ཁ་ག་དང་ཆ་ཇ།ཕ་བ་སོགས་སྒྲ་གདངས་གཅིག་ལྟ་བུར་ཀློག་པ་དང་འབྱེད་སྡུད་ཀྱི་གམ་སོགས་ཀྱི་ཚབས་ཏུ་པས་འཇོག་པ།ཕེབས་དང་གསོལ།བཞེས།མི་འདུག་དང་བཞེངས།བཞུགས་ལ་སོགས་པའི་ཞེ་ཚིག་གིས་སྦྱར་བའི་ཐ་སྙད་མང་བ་དང་རེད་མི་འདུག་དང་ཡོད་མི་འདུག་དང་།མ་རེད་བཞག།རེད་མི་གདའ།བྱས་ཙང་ལ་སོགས་པའི་སློབ་དཔོན་ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་དུ་མ་བསྟན་པའི་མིང་ཕྲད་ཚིག་གསུམ་མང་པ་དང་དེ་བཞིན་དུ་གཙང་པ་ཞིག་གི་རང་ཉིད་ཀྱི་བུ་དང་བ་མོར་ཁྱིམ་གཞི་སྒྲིག་ནས་ཕྲུ་གུ་སྐྱེས་པ་ཡིན་ན་ཁྱིམ་ཚང་དེ་བུ་དང་བུ་མོ་ཡང་ཕ་མ་ཆགས་ནས་ཕ་མ་དང་བུ་ཕྲུག་བཟའ་ཟླ་སོགས་ཀྱི་མིང་ནས་མི་འབོད་པར་བུའི་ཕས་ཀྱང་རང་ཉིད་ལ་བུ་ཕྲུག་ལ་ཕ་ལགས་པ་དང་བུ་མོའི་མ་ཡིས་ཀྱང་རང་ཉིད་ཀྱི་བུ་མོ་ལ་མ་ལགས་ཞེས་འབོད་ལ་རང་ཉིད་ཀྱི་བཟའ་ཟླའམ་ཐ་ན་རང་ཉིད་ཀྱི་རང་ཉིད་ལའང་ཕ་འམ་མ་འབོད་པ་དང་ཁྱད་པར་དུ་རང་གི་ཤ་ཉེ་སྤུན་མཆེད་ལ་སོགས་པའི་ཁྱིམ་མི་མང་པོ་ལྷན་དུ་འཛོམས་ཚེ་ཕ་མའི་ཐ་སྙད་མང་པོ་བྱུང་ནས་རང་མིས་མ་གཏོགས་ཕ་ངོ་མ་སུ་ཡིན་དང་མ་ངོ་མ་སུ་ཡིན་དབྱེ་འབྱེད་དཀའ་བའི་སྣང་ཚུལ་དགོད་བྲོ་བ་མང་པོ་ཡོད་པ་འདི་དག་ཀྱང་མདོར་བསྡུས་ནས་བཤད་ན་མིང་ཚིག་དང་ཕྲད།སྐད་གདངས།ཡི་གེ་ཀློག་ཚུལ་ལ་སོགས་པ་གཅིག་གྱུར་མེད་པ་མཚོན་ཡོད་པ་མ་ཟད།མདོ་དབུས་ཁམས་གསུམ་པོ་ལ་རང་རང་སོ་སོའི་སྐད་གདངས་རེ་རེ་དང་ཀློག་སྟངས་རེ་རེ་ཡོད་པའང་གསལ་སྟོན་བྱས་ཡོད་པ་རེད།ཡི་གེ་གཅིག་ལ་ཀློག་སྟངས་མི་འདྲ་བའི་སྒྲ་གདངས་དུ་མ་ཡོད་པ་འདིས་བོད་སྐད་ཆ་གཅིག་གྱུར་ཡོང་བ་ལ་བཀག་འགོག་བྱེད་བཞིན་ཡོད་པས་ང་ཚོས་རྗེས་ཕྱོགས་ནས་མིང་ཚིག་སྤྱོད་སྟངས་དང་ཚིག་ཕྲད་སྦྱོར་ཚུལ།སྐད་ཆ་ལབ་སྟངས་སོགས་ལ་དོ་སྣང་དང་ཡིད་གཟབ་གནང་ནས་བོད་ཁམས་ཡོངས་ཀྱི་བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་གི་སྔོན་འགྲོའི་རྨང་གཞི་འོག་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཆ་ཡོད་ཚད་གཅིག་གྱུར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་རེད།ཡིན་ནའང་ང་ཚོ་མདོ་དབུས་ཁམས་གསུམ་ལས་གང་ཞིག་གི་བོད་ཡིག་གི་ཀློག་སྟངས་ཡག་མིན་དེ་ཧ་ཅང་བཤད་དཀའ་བ་དང་ཁྱད་པར་དུ་མདོ་དབུས་ཁམས་གསུམ་པོ་ལ་རང་རང་གི་སྐད་ཀྱི་ཁྱད་ཆོས་རེ་དང་དགོས་མཚན་རེ་གནས་ལུགས་རེ་ཡོད་པའི་ཕྱིར་ན་གང་གིས་ཡི་གེ་སྐད་ཆ་ཡག་མིན་དེ་བས་ཀྱང་བཤད་དཀའ་བ་རེད།དེ་བས་ཨ་མདོ་བས་ཨམ་སྐད་ཁོ་ན་ཙམ་བཤད་ནས་མི་འདུག་པར་དབུས་སྐད་དང་ཁམས་སྐད་སློབ་པ་དང་ཁམས་པས་ཀྱང་ཁམས་སྐད་ཁོ་ན་མི་བཤད་པར་ཨམ་སྐད་དང་དབུས་སྐད་སྦྱང་བ།དབུས་བས་ཀྱང་དབུས་སྐད་ཁོ་ན་ཙམ་མི་འཆད་པར་ཨམ་སྐད་དང་ཁམས་སྐད་སློབ་ནས་བོད་སྐད་གསུམ་གྱི་རྩ་བའི་རྨང་གཞི་དང་རྩ་བའི་རྣམ་བཞག་གསལ་བོར་ཤེས་དགོས་པ་མ་ཟད།དེ་དག་གི་བོད་ཡིག་གི་ཡིག་ཀློག་གི་རྩ་བའི་ཁ་ཕྱོགས་དང་སྐད་ཆ་ཡི་དགོས་སྐྱོན་སོགས་ཀྱང་ཡང་དག་པར་ཤེས་དགོས།དེ་དག་གི་བོད་ཡིག་གི་ཡིག་ཀློག་གི་རྩ་བའི་ཁ་ཕྱོག་དང་སྐད་ཆའི་དགོས་སྐྱོན་སོགས་གསལ་བོར་ཤེས་ན་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་རིན་ཐང་དང་དགོས་སྐྱོན་སོགས་རྟོགས་ཐུབ་ལ་སྐད་གདངས་མི་གཅིག་པའི་ཨམ་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ་དང་དེ་ཡི་བོད་ཡིག་གི་ཡིག་ཀློག་གི་སྒྲ་གདངས་ག་འདྲ་ཡིན་པ་དང་།ཁམས་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ།དེའི་བོད་ཡིག་གི་ཡིག་ཀློག་གི་སྒྲ་གདངས་ག་འདྲ་ཡིན་པ།དབུས་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ།དེའི་བོད་ཡིག་གི་ཡིག་ཀློག་གི་སྒྲ་གདངས་ག་འདྲ་ཡིན་པ་སོགས་གསལ་བོར་རྟོགས་ནུས།དེ་གསུམ་གྱི་རང་རང་སོ་སོའི་དགོས་སྐྱོན་དང་ཀློག་གདངས་ལ་སོགས་པ་གསལ་བོར་རྟོགས་ན་ད་བཟོད་དེ་གསུམ་ལས་གང་ཞིག་ལ་དགོས་མཚན་མང་བ་དང་གང་ཞིག་གི་སྐད་ཆ་འཆད་བདེ་བ།གང་ཞིག་གི་སྐད་གདངས་གསལ་བ།གང་ཞིག་གི་བོད་ཡིག་གི་ཡི་གེའི་ཀློག་ཚུལ་ཡག་པ་སོགས་རང་བཞིན་གྱིས་གསལ་བོར་ཤེས་ཡོང་བ་རེད།དེ་གསུམ་ལས་དགོས་མཚན་ཆེས་མང་བ་དང་སྐད་གདངས་ཆེས་གསལ་བ།ཀློག་ཚུལ་ཆེས་ཡག་པ་ཞིག་འདེམ་ནས་བོད་སྤྱི་སྐད་ཀྱི་ཡིག་ཀློག་གི་རྩ་བའི་རྨང་གཞི་བྱས་ཐོག་ཡི་གེ་སྐྱེ་གནས་དང་སྒྲ་གདངས་དྲག་ཞེན་སོགས་ཐོན་མིའི་སུམ་རྟགས་ཀྱི་གཞུང་དང་མི་མཐུན་པ་རྣམས་སྤངས་མཐུན་པ་རྣམས་བླངས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་གྱུར་བྱེད་དགོས་ལ།བོད་ཡིག་གི་ཡི་གེའི་ཀློག་སྟངས་གཅིག་གྱུར་བྱ་རྒྱུ་ནི་བོད་སྤྱི་སྐད་ཀྱི་བླ་སྲོག་ལྟ་བུར་ཡིན་ནོ།།

    བཞི་བ།བོད་ཕལ་སྐད་ཀྱི་མིང་ཕྲད་ཚིག་གསུམ་གཞུང་ལྟར་གཅིག་གྱུར་བྱ་དགོས་ཚུལ་བཤད་པ།

    ཨམ་སྐད་དང་ཁམས་སྐད་དབུས་སྐད་ལ་སོགསཔ་ལ་རང་རང་གི་ཡུལ་སྲོལ་གོམས་སྲོལ་དང་མཐུན་པའི་ཁྱད་ཆོས་ཞིག་ཡོད་པ་ནི་སྨྲོས་མེད་ཅིག་ཡིན་ལ།ཡིན་ནའང་གནའ་ནས་ད་བར་དུ་དེ་དག་ལ་ཞིབ་འཇུག་བྱེད་པའི་མཁས་པ་མ་བྱུང་བའི་དབང་གིས་དེ་དག་ལས་གང་ཞིག་སྐད་ཡག་པ་དང་གང་ཞིག་སྐད་ཐོན་མིའི་བརྡ་སྤྲོད་པའི་གཞུང་དང་མཐུན་པ།གང་ཞིག་གི་སྐད་ཆ་བརྗོད་བདེ་བ།གང་གི་སྒྲ་གདངས་གསལ་བ་དང་གང་ལ་དགོས་མཚན་མང་བ་སོགས་ཧ་ཅང་བརྗོད་དཀའ་བའི་གནད་ཅིག་ཡིན་ལ།ཁྱད་པར་དུ་རང་རེའི་བོད་པ་རྣམས་ནི་ཡུལ་ལུང་ཐ་ཐོར་དུ་གནས་པ་དང་དང་སྐད་གདངས་འདྲ་མིན་ཡོད་པ།གོམས་སྲོལ་ཐ་དད།ཡིག་ཀློག་ཁ་ཁ་ཡིན་པའི་དབང་གིས་མདོ་དབུས་ཁམས་གསུམ་ལས་གང་ཞིག་གི་སྐད་དེ་ལེགས་མིན་དང་གང་ཞིག་གི་སྐད་འོས་མིན་ནི་དེ་བས་ཀྱང་ཤིན་ཏུ་རྟོགས་དཀའ་བའི་ལྐོག་གྱུར་གྱི་གནད་ཅིག་རེད།ཡིན་ཡང་ང་ཚོ་བོད་ལ་གཅིག་གྱུར་ཡི་གེ་ཞིག་ཡོད་པ་འདི་ཡིས་སྐད་ཆ་གང་ཞིག་ཡག་པ་དང་གང་ཞིག་གཞུང་གི་བརྡ་སྤྲོད་དང་མཐུན་པ།གང་ཞིག་ལ་ལེགས་ཆ་མང་པོ་ཡོད་པ་སོགས་ཕལ་ཆེར་རྟོགས་ཐུབ་པ་རེད།དེ་བས་བོད་ཡིག་གི་རིག་པའི་གཞུང་རྩ་བ་ལ་བཞག་ཐོག་མིང་ཚིག་ཕྲད་གསུམ་ལས་གྲུབ་པའི་སྐད་བརྡ་རིག་པ་གཅིག་གྱུར་བྱེད་དགོས་ལ།མིང་ཕྲད་ཚིག་གསུམ་གྱིས་གྲུབ་པའི་བོད་ཀྱི་སྐད་བརྡ་རིག་པ་གཅིག་གྱུར་ཡོང་བར་བྱ་དགོས་ན་ངེས་པར་དུ་བོད་མདོ་དབུས་ཁམས་གསུམ་པོའི་མིང་ཕྲད་ཚིག་གསུམ་གྱི་བཀོལ་སྟངས་གཅིག་གྱུར་བྱ་དགོས་པ་དང་།མིང་ཕྲད་ཚིག་གསུམ་བཀོལ་སྤྱོད་གཅིག་གྱུར་བྱ་རྒྱུ་ནི་བོད་སྤྱི་སྐད་ཀྱི་སྔོན་འགྲོའི་རྨང་གཞི་ལྟ་བུ་ཡིན་ནོ།།དེ་ལྟ་བུའི་མིང་ཕྲད་ཚིག་གསུམ་གྱིས་གྲུབ་པའི་སྐད་བརྡ་རིག་པ་ཞིག་སྔོན་མེད་གསར་དུ་འབྱུང་དགོས་ན་ཐོག་མར་བོད་མདོ་དབུས་ཁམས་གསུམ་ལས་ཡུལ་གྲུ་གང་ཞིག་གི་མིང་ཕྲད་ཚིག་གསུམ་གཞུང་ལུགས་དང་མཐུན་པ་དང་ཡུལ་གྲུ་གང་ཞིག་གི་མིང་ཕྲད་ཚིག་གསུམ་གཞུང་དང་མི་མཐུན་པ་ལྟ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་སྟེ་དཔེར་ན་ཨ་མདོ་ཡུལ་གྱི་ཞིང་འབྲོག་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་པའི་མིང་ཚིག་ག་ཚོད་ཡོད་མིན་དང་ཕྲད་ག་ཚོད་ཡོད་མིན་དང་ཁམས་ཕྱོགས་ཀྱི་ཞིང་འབྲོག་མང་ཚོགས་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་མཐུན་པའི་མིང་ཚིག་ག་ཚོད་ཡོད་མིན་དང་ཕྲད་ག་ཚོད་ཡོད་མིན་དང་དབུས་པའི་མང་ཚོགས་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་མཐུན་པའི་མིང་ཚིག་ག་ཚོད་མིན་དང་ཕྲད་ག་ཚོད་ཡོད་མིན་སོགས་ལ་ཞིབ་འཇུག་གིས་བརྡར་ཤ་བཅད་མཐར་དེ་གསུམ་ལས་ཕལ་སྐད་ཉུང་ཞིང་སུམ་རྟག་དག་གསུམ་གྱི་གཞུང་དང་མཐུན་པ་མང་པའི་སྐད་གདངས་ཞིག་གདམས་ཐོག་འབྱེད་སྡུད(ལྷ་སའི་སྐད་རང་ཡིན་པས)་པས་སྒྲ་ཅན་དང(ཨམ་སྐད་ནམ་ཡོང་ནས)་ནས་སྒྲ་ཅན།ཨ་མདོ་སྐད་ཀྱི་བརྡ་རྙིང་མྱི་གྱི་འགྱོ་ལ་སོགས་པ་དོར་ནས་བརྡ་གསར་དང་མཐུན་པའི་སྐད་བརྡ་རིག་པ་ཞིག་སྔོན་མེད་གསར་དུ་གཏོད་ནས་བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་གྱུར་བྱ་དགོས་པ་མ་ཟད།བོད་མདོ་དབུས་ཁམས་གསུམ་གྱི་མིང་ཕྲད་ཚིག་གསུམ་གྱི་བཀོལ་སྤྱོད་བྱེད་སྟངས་ཀྱང་གཅིག་གྱུར་ཅན་དུ་གཏོང་དགོས་པར་འདོད་དོ།།

    ལྔ་བ།བོད་སྤྱི་སྐད་ལ་ཚང་དགོས་པའི་ཆ་རྐྱེན་བཤད་པ།

    དེ་ལྟར་གོང་བཤད་ནང་བཞིན་བོད་ཁམས་ཡོངས་ཀྱི་བོད་མི་ཡོངས་ཀྱིས་མིང་བརྡ་ཡི་བཀོལ་ལུགས་གཅིག་དང་ཚིག་ཕྲད་ཀྱི་སྦྱོར་ཚུལ་གཅིག།བོད་ཡིག་གི་ཡི་གེ་ཀློག་སྟངས་གཅིག་བཅས་ཀྱི་སྔོན་འགྲོའི་རྨང་གཞིའི་ཆ་རྐྱེན་འོག་ནས་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་བཀློག་ཚུལ་གྱི་སྒྲ་གདངས་གཅིག་གྱུར་བྱས་ནས་སློབ་དཔོན་ཐོན་མིའི་བརྡ་སྤྲོད་པའི་གཞུང་དང་མི་མཐུན་པ་རྣམས་དོར་མཐུན་པ་རྣམས་བླངས་ནས་བོད་མི་སྤྱི་ཡོངས་ཀྱི་གོ་ཐུབ་པའི་བོད་སྐད་ཅིག་སྔོན་མེད་གསར་དུ་གཏན་འབེབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བསམ་མོ།།

    དྲུག་པ།བོད་སྤྱི་སྐད་ཀྱི་གོ་དོན་དང་དགོས་མཚན་བཤད་པ།

    བོད་སྤྱི་སྐད་ཟེར་བ་ནི་སྟོད་ཀྱི་མངའ་རིས་དང་བར་གྱི་དབུས་གཙང་།སྨད་ཀྱི་མདོ་ཁམས་ལ་སོགས་པའི་བོད་མི་སྤྱི་ཡོངས་ཀྱི་གོ་ཐུབ་པའི་སྐད་ཆ་ཞིག་ལ་ཟེར་བ་དང་དེ་ལྟ་བུའི་སྐད་ཆ་ཞིག་མེད་པ་ནས་ཡོད་པར་བཟོ་དགོས་ཚེ་ཤིན་ཏུ་དཀའ་ཚེགས་ཆེ་ཞིང་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཀྱང་རེད།མིག་སྔར་བོད་མི་རིགས་ཀྱི་དབྱེ་བ་ལ་སྟོད་བོད་དང་སྨད་བོད་བར་བོད་གསུམ་དུ་ཕྱེ་བའམ་ཡང་ན་མདོ་བོད་དང་ཁམས་བོད་དབུས་བོད་གསུམ་དུ་ཕྱེ་བ་ལ་སོགས་པའི་བྱེ་བྲག་གི་དབྱེ་སྟངས་མི་འདྲ་བ་དང་དེ་དག་ཀྱང་འཚོ་རྟེན་གྱི་དབང་གིས་ཞིང་པ་དང་འབྲོག་པ་གཉིས་སུ་དབྱེ་བ་དང་དེ་གཉིས་ཀྱང་བསྡུས་ན་བོད་ཅེས་པའི་སྤྱི་མིང་ཞིག་བྱུང་བ་ཡིན་མོད།ཡིན་ནའང་སྤྱི་སྐད་ཅིག་བྱུང་མྱོང་མེད་པའི་རྐྱེན་གྱི་བོད་སྟོད་སྨད་བར་གསུམ་མམ་ཡང་ན་ཞིང་འབྲོག་གང་གི་སྐད་དེ་བོད་སྤྱི་སྐད་ཀྱི་རྩ་བའི་རྨང་གཞི་ལ་ལེགས་མིན་དེ་ད་དུང་ཡང་ལྐོགས་གྱུར་གྱི་གནད་དོན་ཞིག་རེད་འདོད་ལ།ལྷ་སའི་སྐད་དང་ཨམ་མདོའི་སྐད་ཁམས་པའི་སྐད་ལ་སོགས་པ་ནི་བོད་བྱེ་བྲག་གི་སྐད་ཅིག་ཡིན་པས་ནམ་ཡང་སྤྱི་སྐད་ཞིག་ལ་མི་འགྲོ་བ་དང་གལ་སྲིད་བོད་བྱེ་བྲག་པ་ཞིག་གི་སྐད་དེ་བོད་སྤྱི་སྐད་ཀྱི་རྩ་བའི་རྨང་གཞི་ལ་ཡོང་བར་བྱེད་དགོས་ན་མ་མཐའ་ཡང་བོད་སྤྱི་སྐད་ཀྱི་སྔོན་འགྲོ་དངོས་གཞི་དང་རྨང་གཞི་ཆ་རྐྱེན་སོགས་ཡོངས་སུ་རྟོགས་དགོས་ལ་གལ་སྲིད་བོད་སྤྱི་སྐད་ཀྱི་སྔོན་འགྲོ་དངོས་གཞི་དང་རྨང་གཞི་ཆ་རྐྱེན་སོགས་གང་ཡང་མ་རྟོགས་པར་ཚོད་ཚོད་ལ་བོད་སྤྱི་སྐད་ཅིག་གཏན་ལ་ཕབས་ཚེ་ཐོན་མིའི་ཡི་གེ་ལའང་བཟོ་བཅོས་རྒྱག་དགོས་པའི་ཚད་ལ་མི་སླེབས་པའི་ངེས་པ་མེད་ལ།བོད་སྤྱི་སྐད་ཀྱི་སྔོན་འགྲོ་དངོས་གཞི་དང་རྨང་གཞི་ཆ་རྐྱེན་སོགས་ཡོངས་སུ་རྟོགས་དགོས་ན་ངེས་བར་དུ་མདོ་དབུས་ཁམས་གསུམ་གྱི་སྐད་རིགས་མཐའ་དག་སྨྲ་བ་ལ་ཐོགས་པ་མེད་ཅིང་སྐད་རིགས་མཐའ་དག་མཁྱེན་པའི་བོད་སྐད་ཡིག་གི་པཎ་ཆེན་ཆེན་པོ་ཞིག་དགོས་ལ་དེ་ལྟ་བུའི་སྐད་གསུམ་སྨྲ་བའི་པཎ་ཆེན་ཞིག་མེད་ན་དེ་དག་གི་སྐད་བརྡ་དབྱེ་ཞིབ་བྱེད་པའི་ཆ་རྐྱེན་མི་ཚང་བར་འདོད་ལ།བོད་བྱེ་བྲག་གི་སྐད་ཆ་དག་གི་ཁྲོད་དུ་ཕལ་སྐད་ཀྱི་མིང་བརྡ་ག་ཚོད་ཡོད་པ་དང་ཡིག་སྐད་མཐུན་པའི་སྐད་བརྡ་ག་ཚོད་ཡོད་པ་ལ་སོགས་པ་གསལ་བོར་མ་ཤེས་ན་དེ་དག་ལས་གང་ཞིག་གི་སྐད་ཆ་སྤྱི་སྐད་ཀྱི་རྩ་བའི་རྨང་གཞི་ལ་རུང་མིན་ནི་ཧ་ཅང་བཤད་དཀའ་བ་རེད།དེ་བས་ཀྱང་བོད་ཞིང་འབྲོག་གཉིས་སུ་བསྡུས་པའི་བོད་སྐད་རིགས་མཐའ་དག་གི་དགོས་མཚན་མ་ཤེས་པར་བོད་སྤྱི་སྐད་གླེང་བ་ནི་ཧ་ཅང་དགོས་མེད་ཀྱི་གཏམ་ཞིག་རེད།མིག་སྔར་རང་རེའི་བོད་མི་རིགས་འདི་ཉིད་ལ་སྤྱི་སྐད་ཅིག་མེད་པའི་གནས་ཚུལ་འོག་དེ་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་མང་ཡང་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ལ་བྱང་ཆ་ལྡན་ཞིང་དེ་དག་གི་སྐད་ཡོངས་སུ་རྟོགས་པའི་ཞིབ་འཇུག་མི་སྣ་ཞིག་བྱུང་མྱོང་མེད་འདུག།དེར་བརྟེན་ལྷ་སའི་སྐད་ནི་བོད་སྤྱི་སྐད་ལ་འོས་པ་དང་ཨ་མདོ་པའི་སྐད་ནི་སྤྱི་སྐད་ལ་མི་རུང་བ་དང་ཁམས་པའི་སྐད་ནི་སྤྱི་སྐད་ལ་མི་འགྲིག་པ་དེ་བས་ཀྱང་བཤད་དཀའ་བ་རེད།སྣང་ཚུལ་འདི་དག་ལ་བརྟེན་ནས་བོད་སྟོད་སྨད་བར་གསུམ་གྱི་སྐད་ལས་འདི་ནི་བོད་སྤྱི་སྐད་ལ་རུང་ངོ་ཞེས་ཁ་ཚོམ་བཅད་ན་ནི་ཕྲག་བཟུང་གི་ལྟ་ཞིག་ལས་ནམ་ཡང་འོས་མཚམས་ཀྱི་ལྟ་བ་ཞིག་ཏུ་འགྲོ་མ་སྲིད།རྒྱུ་མཚན་ནི་བོད་སྟོད་སྨད་བར་གསུམ་ལས་གང་གིས་སྐད་ཡག་པ་དང་དེ་གསུམ་ལས་གང་ལ་ཕལ་སྐད་མང་བ་དང་གང་ལ་ཡིག་སྐད་ཀྱི་སྐད་བརྡ་མང་བ་ལ་སོགས་པ་ཞིབ་འཇུག་གིས་བརྡར་ཤ་བཅད་ན་མ་གཏོགས་མིག་སྔར་གྱི་གནས་ཚུལ་གཞིགས་ནས་འདི་ནི་བོད་སྤྱི་སྐད་ཡིན་ནོ་ཞེས་ཞིབ་འཇུག་མེད་པར་གཏན་ལ་འཁེལ་ན་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད་འདོད་ལ།ཁྱད་པར་དུ་བོད་ཞིང་འབྲོག་གཉིས་སུ་དབྱེ་བའི་སྐད་ཆ་ལ་འང་ཞིང་པའི་སྐད་དང་འབྲོག་པའི་སྐད་གཉིས་སུ་དབྱེ་བ་ལས་སྐད་བརྡ་ཕལ་ཆེར་བ་ཕལ་སྐད་ཡིན་ལ།ཕལ་སྐད་མང་བ་ཡིས་བོད་སྐད་གཅིག་གྱུར་བྱེད་པ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད།འགལ་རྐྱེན་འདི་དག་མེད་པར་བཟོ་དགོས་ན་ངེས་པར་དུ་ཕལ་སྐད་ཀྱི་མིང་ཕྲད་ཚིག་གསུམ་ཕུད་ནས་ཡིག་སྐད་དང་མཐུན་པའི་མིང་ཕྲད་ཚིག་གསུམ་ཁ་རྣོན་བརྒྱབ་ཏེ་བོད་ཁམས་ཡོངས་ཀྱི་གོ་ཐུབ་པའི་སྐད་བརྡ་རིག་པ་ཞིག་སྔོན་མེད་གསར་དུ་གཏོད་ནས་བོད་སྤྱི་སྐད་ལ་བཞག་ཐོག་བོད་ཁམས་ཡོངས་དང་བོད་མིའི་ཡོངས་ཀྱིས་དོ་སྣང་དང་མ་སྐུལ་དང་ལེན་གྱི་སྒོ་ནས་འབད་པ་ཆེར་བསྐྱེད་བྱས་ན་མ་གཏོགས་མི་རེ་གཉིས་ཙམ་དང་མཁས་པ་རེ་གཉིས་ཙམ་གྱིས་འབད་བརྩོན་ལ་ཁོ་ན་ལ་བརྟེན་ན་ནི་ནམ་ཡང་མངོན་འགྱུར་ཡོངས་དཀའ་བའོ།།

    མདོར་ན་ང་ཚོ་བོད་ཀྱི་རིག་གནས་འདི་ཉིད་ཀྱང་གཞན་མི་རིགས་ཀྱི་བློ་རིག་གི་སྙིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཐོག་བོད་རང་གི་ཐུན་མ་ཡིན་པའི་རིག་གནས་སྲོག་རྩ་བཟུང་ནས་བྱུང་བ་ཞིག་ཡིན་ལ།དེ་བཞིན་དུ་བོད་ཀྱི་ཡི་གེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་དབྱངས་གསལ་སོགས་ཀྱི་སྙིང་བཅུད་བླངས་ཐོག་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་རྩ་བ་བཟུང་ནས་སྲོལ་གཏོད་པ་ཡིན་ལ།དཔེ་དེ་བཞིན་དུ་བོད་སྤྱི་སྐད་ཀྱང་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཀྱི་ཉིང་བཅུད་བསྡུས་ལེན་ཐོག་ཐོན་མིའི་ཡི་གེ་སྲོག་རྩ་བཟུང་ནས་མིང་ཕྲད་ཚིག་གསུམ་གྱིས་གྲུབ་པའི་སྐད་བརྡ་རིག་པ་གཅིག་གྱུར་བྱས་ཏེ་སློབ་དཔོན་ཐོན་མིའི་དགོངས་པ་དང་མི་མཐུན་པའི་ཕལ་སྐད་ཀྱི་སྐད་རིགས་རྣམས་དང་གོ་དཀའ་བའི་བརྡ་རྙིང་གི་རིགས་རྣམས་དོར་ནས་ཡིག་སྐད་དང་མཐུན་པའི་བོད་སྤྱི་སྐད་ཅིག་གཏན་ལ་འཁེལ་ལ་རྗེས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་ནས་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་མཆོག་མཆན་དང་ལག་བསྟར་གནང་བ་དང་ལྷན་དུ་བརྙན་འཕྲིན་དང་རྒྱང་བསྒྲགས།སློབ་གྲྭ་སོགས་ནས་ཀྱང་སྐད་དེ་ཉིད་གཙོ་བོར་བཟུང་བ་ཡིན་ན་གཞི་ནས་སྤྱི་སྐད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཚད་ལྡན་ཕྱོགས་སུ་མངོན་འགྱུར་ཐུབ་པའང་གདོན་མི་ཟ།དེ་ལྟ་བུའི་བོད་མི་སྤྱི་ཡོངས་ཀྱི་གོ་ཐུབ་པའི་སྤྱི་སྐད་ཅིག་ཡོད་ན་བོད་མདོ་དབུས་ཁམས་གསུམ་པོས་ཕན་ཚུན་གོ་བརྡ་སྤྲོད་པ་དང་ཕན་ཚུན་གཏམ་བཤད་བདེ་བ་མ་ཟད།བོད་ཡུལ་གང་ལ་སོང་ཡང་བོད་སྐད་བརྗོད་ཆོག་པ་སོགས་ཀྱི་དགོས་མཚན་མང་པོ་ཡོད་ལ།གལ་སྲིད་དེ་ལྟར་པར་མ་བྱས་པར་བོད་མདོ་དབུས་ཁམས་གསུམ་པོའི་རང་རང་སོ་སོ་ནས་རང་རང་གི་སྐད་ཀྱི་དགོས་མཚན་དང་རང་རང་གི་སེམས་པའི་འཁྱེར་སོ་ཙམ་རེ་བཤད་ནས་བོད་སྤྱི་སྐད་ཀྱི་རྩ་བའི་ཁ་ཕྱོགས་དང་དེའི་རྩ་བའི་ཆ་རྐྱེན།དེའི་དམིགས་ཡུལ་དགོས་མཚན་སོགས་གསལ་བོར་མ་ཤེས་པར་མི་རེ་ཁ་ནས་ཚིག་རེ་བརྗོད་ན་ནི་ཁ་སྟོང་ལ་ཚིག་སྟོང་ཡིན་པ་མ་གཏོགས་བོད་སྤྱི་སྐད་ཅིག་ཡོང་བར་ཕན་མི་ཐོག་ལ་མངོན་འགྱུར་དེ་བས་ཀྱང་མི་སྲིད་དོ།།

    སྨྲས་པ།

    རིག་གཞུང་མ་བསླབ་རིག་པ་འབྱོར་མིན་ལ།།ཡུལ་ཁམས་མ་འགྲིམས་ཡུལ་སྲོལ་མི་ཤེས་ལྟར།།དེ་བཞིན་དབུས་སྐད་སྤྱི་སྐད་རུང་མིན་ཡང་།།གཟུར་གནས་མཁས་པ་དག་གིས་དཔྱད་པར་བྱ།།བྱེ་བྲག་མ་ཤེས་སྤྱི་སྐད་གཏན་འབེབས་པ།།མིག་གིས་མ་མཐོང་ཡིད་དུ་སྒོམ་པ་འདྲ།།བྱ་བྲག་ངེས་ནས་སྤྱི་སྐད་གླེང་བ་ནི།།མིག་མཐོང་ཡིད་ལ་ངེས་པ་ཆོས་ཉིད་ལྟར།།དེ་ཕྱིར་བློ་ལྡན་དོན་གཉེར་ཅན་དག་གིས།།ཕྱོགས་ཞེན་མ་བྱེད་མདོ་དབུས་ཁམས་སྐད་སོགས།།ཞིབ་པར་སྦྱོངས་ལ་སྐད་ཀྱི་བཅུད་ལོངས་དང་།།སྐད་ཀྱི་དྭངས་མ་སྤྱི་སྐད་འདི་ནས་འབྱུང་།།འདི་ནི་རང་ཅག་བོད་ལ་མཁོ་བ་ཡི།།དཔྲལ་བའི་མིག་དང་ཁོང་གི་སྙིང་འདྲ་ལ།།གཅེས་དུང་མིག་སྙིང་ལྟ་བུའི་སྤྱི་སྐད་ཅིག།ང་ཚོ་ཐུན་མོང་ཀུན་གྱིས་འབད་པས་འཚོལ།།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།