རྒྱ་བོད་གཉིས་ཀྱི་རིག་གནས་ཁྱད་པར་ལས་བྱུང་བའི་ལོ་ཙཱའི་སྐོར་ལ་རགས་ཙམ་དཔྱད་པ།

      འགྲོ་བ་མིའི་སྐད་རིགས་ལ་ཐུན་མོང་གི་ཆ་དང་ཐུན་མོང་མ་ཡིན་པའི་ཆ་གཉིས་ཡོད་པ་དང་། རིག་གནས་ཀྱི་ཁྱད་པར་ལས་སྐད་རིགས་སོ་སོར་ཡང་ཐུན་མོང་གི་ཆ་མངོན། དེའི་ཕྱིར། ཐུན་མོང་མ་ཡིན་པའི་རྩ་བ་ནི་སྐད་བརྡའི་རིག་གནས་གནད་དོན་རེད། རྒྱ་བོད་སྐད་རིགས་གཉིས་ནི་རིག་གནས་མི་འདྲ་བ་གཉིས་ཀྱི་ཁོངས་གཏོགས་ཡིན་ཕྱིར། སོ་སོའི་ཟབ་རྒྱ་ཆེ་བའི་རིག་གནས་ཀྱི་སྙིང་བོ་དག་རང་སྐད་ཀྱི་ཐ་སྙད་ཀྱིས་མཚོན་ཡོད་ལ། སྐད་རིགས་གཉིས་ཀར་ཕྱོགས་ཐམས་ཅད་ནས་ཆ་མཐུན་པའི་ཐ་སྙད་འཕལ་ག་འཕྲོད་མོ་ཧ་ཅང་ཉུང་། སྐད་གཉིས་ཀྱི་ཐ་སྙད་ཕལ་ཆེ་བར་རིག་གནས་ཀྱི་གོ་བརྡ་དང་དོན་སྤྱིའི་ཆ་ཕྱོགས་གཉིས་ཀ་ནས་མི་འདྲ་བའི་ཁྱད་པར་མངོན་ཡོད། 
    གཅིག རིག་གནས་ཀྱི་ཆ་ནས་མི་འདྲ་བ་བྱུང་ཚུལ། 
    རིག་གནས་ཀྱི་གོ་བརྡ་ཟེར་བ་ནི་ཐ་སྙད་རེ་རེའི་དོན་སྤྱིའི་ཟུར་དུ་ཆགས་པའི་གོ་དོན་གཞན་དག་ཡོད་པ་ལ་ཟེར། དེ་ལ་ཡུལ་སྲོལ་གོམས་འདྲིས་དང་། ས་ཁམས་ཁོར་ཡུག ལོ་རྒྱུས་རིག་གནས། གཤིས་ཀ སེམས་འགྱུ། བློས་བསླངས། མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་གོ་དོན་ལ་སོགས་འདུས་ཡོད། 
    1.རྒྱ་བོད་གཉིས་ཀའི་ཐ་སྙད་ཀྱི་དོན་སྤྱིའི་ཆ་ནས་འདྲ་ནའང་རིག་གནས་གོ་བརྡ་མི་འདྲ་བ་གཤམ་གསལ་ལྟར།རྒྱ་སྐད་ཀྱི་ཐ་སྙད་ལ་རིག་གནས་གོ་བརྡ་གཞན་ཞིག་སྟོན་རྒྱུ་ཡོད་ནའང་བོད་སྐད་ཀྱི་ཐ་སྙད་ལ་མེད་པ་དང་། བོད་སྐད་ཀྱི་ཐ་སྙད་ལ་རིག་གནས་བསྟན་དོན་གཞན་ཞིག་ཡོད་ཀྱང་རྒྱ་སྐད་ལ་མེད་པ། 
    2.རྒྱ་བོད་གཉིས་ཀྱི་གྲངས་གནས་བགྲང་ཚུལ་མི་འདྲ་བའི་ཁྱད་པར། 
    རྒྱའི་སྐད་ཀྱི་གྲངས་གནས་ལ“个十百千万十 万百万千万”ཞེས་བགྲང་ལ། བོད་ཀྱིས་གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་ཞེས་བགྲང་བ་ཡིན། དཔེར་ན་རྒྱའི་གྲངས་ཀ“七十八万五千六百八十三斤” ལྟ་བུ་བོད་ལ་བསྒྱུར་བའི་ཚེ་བོད་ཀྱི་གྲངས་གནས་བགྲང་དང་སྒོ་བསྟུན་ནས་རྒྱ་མ་བདུན་འབུམ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་དང་གྱ་གསུམ་ཞེས་ཁྲི་བཅུ་ལ་བུད་ཚེ་འབུམ་ལ་བསྒྱུར་ཅིང་། འབུམ་བཅུ་ལ་བུད་ན་ས་ཡར་འཕར་བ་ལས་རྒྱའི་གྲངས་རྩིས་སྲོལ་བཞིན་ཁྲི་བཅུ། འབུམ་ཉེར་གཉིས་ལྟ་བུར་བསྒྱུར་མི་འོས་པ་འདི་ནི་མི་རིགས་གཉིས་ཀྱི་གངས་རི་ལས་དཔངས་མཐུག་ཅིང་རྒྱ་མཚོ་ལས་གཏིང་ཟབ་པའི་རིག་གནས་སྲོལ་རྒྱུན་ལ་གཞི་བཅོལ་བ་ལས་སྒྱུར་པ་པོ་སུ་ཞིག་གིས་ཀྱང་བློ་བཟོ་དང་ཞྭ་དཔེ་ལྷམ་འགེབས་བྱེད་མི་རུང་བ་ཤིན་ཏུ་གལ་ཆེ། 
    རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་འགའ་རེ་སྐད་རིགས་ཀྱི་དབང་གིས་གོ་དོན་ལྡོག་པའི་ཚུལ་དུ་སོང་ཡོད་པ་དཔེར་ན། ཕ་སྐད་ལ“母语” དང་ཆང་འཐུང་ལ“吃酒”ལྟ་བུ་ལས་ཕ་ལ“母 ” འཐུང་ལ“吃” ཞེས་རིམ་བཞིན་གོ་དོན་ལྡོག་པའི་ཚུལ་དུ་སོང་ཡོད། 
    གཉིས། རིག་གནས་ཀྱི་ཁྱད་པར་ཡོད་པའི་ཐ་སྙད་ལོ་ཙཱ་བྱེད་ཐབས།
     འགྲོ་བ་མིའི་ལོ་རྒྱུས་ཁྲོད། རིག་གནས་ནི་མི་རིགས་ཤིག་གི་འཚོ་བ་རོལ་ཐབས་ཀྱི་སྤྱི་ཁོག་དང་། མི་སྒེར་གྱིས་ཚོགས་པ་དེ་ལས་ལོན་པའི་སྤྱི་ཚོགས་རང་བཞིན་གྱི་ཤུལ་རྫས་ཡིན་པས། རིག་གནས་ཀྱི་ཁོར་ཡུག་མི་འདྲ་བ་ལས་ཐ་སྙད་ཀྱི་རིག་གནས་གོ་བརྡ་འདྲ་ཉེ་མིན་རིགས་ཀྱང་བྱུང་མོད།ཆེས་མང་བ་ནི་རིག་གནས་ཀྱི་གོ་བརྡ་མི་འདྲ་བའི་ཐ་སྙད་རེད། ཁྱད་པར་འདིར་རྒྱུས་མངའ་ཡོད་རྒྱུ་ནི་ལོ་ཙཱའི་ལག་ལེན་ཁྲོད་ཧ་ཅང་གལ་ཆེ། རྒྱུ་མཚན་ནི་མ་ཡིག་གི་རིག་གནས་གོ་བརྡ་རྣམས་འགྱུར་ཡིག་ཁྲོད་ལེན་ཅི་ཐུབ་བྱེད་དགོས་པས་སོ།། རིག་གནས་ཀྱི་གོ་བརྡ་རང་མཚན་པས་སྐད་རིགས་མི་འདྲ་བའི་ཁྱད་པར་མཚོན་གྱི་ཡོད་པས། ལོ་ཙཱའི་ལག་ལེན་ཁྲོད་ལོ་ཙཱ་པར་རྒྱུན་དུ་འཕྲད་པའི་གནད་དོན་ནི་སྐད་ཆའི་གྲུབ་ལུགས་རང་སྟེང་གི་གནད་དོན་མ་ཡིན་པར། འགྱུར་ཡིག་ཁྲོད་ཀྱི་གོ་བརྡ་ཆགས་པའི་ཐ་སྙད་འདེམ་བཀོལ་གྱིས། འགྱུར་གྱི་ཀློག་མཁན་གྱིས་ཀྱང་མ་ཡིག་གི་ཀློག་མཁན་དང་འདྲ་བར་མ་ཡིག་གི་རིག་གནས་ཀྱི་གོ་བརྡ་རྣམས་ཉམས་སུ་མྱོང་ཐུབ་པ་བྱེད་རྒྱུ་དེ་ཡིན། རྒྱ་བོད་མི་རིགས་གཉིས་ཀའི་རིག་གནས་ཀྱི་གོ་བརྡ་མི་འདྲ་བའི་ཐ་སྙད་དག་བསྒྱུར་ཚེ་གཤམ་གྱི་ཐབས་ལམ་དག་སྤྱད་ཆོག 
    1.ཐད་བསྒྱུར་བྱེད་ཐབས། 
    ཐ་སྙད་ཀྱི་རིག་གནས་གོ་བརྡས་རྒྱུན་པར་མི་རིགས་ཤིག་གི་རིག་གནས་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་སོགས་མཚོན་གྱི་ཡོད་པས། ཐད་བསྒྱུར་བྱས་ན་རིག་གནས་ཀྱི་ཁྱད་པར་འདི་དག་གྲ་ཁ་མ་གནོག་པར་འགྱུར་ཡིག་ཁྲོད་ལེན་ཐུབ་ལ། རྒྱ་བོད་གཉིས་ཀྱི་རིག་གནས་བརྗེ་རེས་ལ་ཕན་ཐོགས་ཆེན་པོ་ཡོད་པར་མ་ཟད་འགྱུར་ཡིག་གི་སྐད་ཆའི་མཚོན་ནུས་ཀྱང་ཇེ་ཆེར་གཏོང་ཐུབ། 
    ཐ་སྙད་ཀྱི་རིག་གནས་ཁྱད་པར་དེ་ཚིག་རྒྱན་གྱི་ཆ་ནས་བཤད་ན་དཔེའི་དངོས་པོ་བཀོད་ཚུལ་གྱི་ཆ་ན་ཡོད། རིག་གནས་ཀྱི་གོ་བརྡ་འབུར་དུ་ཐོན་པ་ཞིག་མིན་ཕྱིན་ཐད་བསྒྱུར་བྱེད་ཐབས་སྤྱོད་འོས་པར་སྙམ། དེས་དཔེའི་དངོས་པོ་འགྱུར་ཡིག་ཁྲོད་ལེན་ཐུབ་པས། མ་ཡིག་གི་ཚིག་དོན་གྱི་ཉམས་དག་འགྱུར་ཡིག་ཁྲོད་ཟུར་མ་ཉམས་པར་འདྲེན་ཐུབ། དཔེར་ན། “ 俯首甘为孺子牛”གི་དཔེའི་དངོས་པོ་འདི་རྒྱའི་སྐད་ཀྱི་རིག་གནས་གོ་བརྡའི་ཆ་ནས་བཤད་ན་བསྟོད་པ་ཡིན་ཡང་། བོད་སྐད་དུ་བ་གླང་ལྟ་བུར་བསྒྱུར་ཚེ་སྨད་པར་འགྱུར་བས་དཔེ་དོན་མཆོག་དམན་ཆེ་བའི་སྐྱོན་ཞུགས་ལ། ཐ་སྙད་འདི་ལྟ་བུ་དེའི་རིག་གནས་གོ་བརྡར་འདང་མ་བརྒྱབ་པར་ཚིག་ངོས་ནས་ཐད་བསྒྱུར་བྱེད་མི་རུང་བ་དམིགས་བསལ་ལོ།།
     2.བརྗེ་བསྒྱུར་བྱེད་ཐབས། 
    བརྗེ་བསྒྱུར་བྱེད་ཐབས་ནི་མ་ཡིག་གི་བསྟན་བྱ་སོར་བཞག་གི་རྨང་གཞིའི་སྟེང་། འགྱུར་ཡིག་གི་ཁྲོད་ནས་མ་ཡིག་གི་ཐ་སྙད་ཀྱི་དོན་སྤྱི་དང་མི་འདྲ་ལ་རིག་གནས་ཀྱི་གོ་བརྡ་ཅུང་ཉེ་བའི་ཐ་སྙད་ཀྱིས་མ་ཡིག་གི་ཚབ་བྱེད་པ་ལ་ཟེར། དཔེར་ན་། རྔ་ཤ་བསྟན་ནས་བོང་ཤ་བཙོང་ལ“挂羊头 卖狗肉”ལྟ་བུའི་མ་ཡིག་གི་རྔ་ཤ་དང་བོང་ཤ་རིམ་བཞིན་གཉིས་སུ་བརྗེས་པ་ལྟ་བུའོ།། 
    3.ཐ་སྙད་སྣོན་བསྒྱུར་བྱེད་ཐབས། 
    མ་ཡིག་གི་རིག་གནས་གོ་བརྡ་སོར་འཇོག་བྱེད་ཆེད། ཐད་བསྒྱུར་བྱས་པའི་འགྱུར་དེ་ཀློག་མཁན་གྱིས་གོ་དཀའ་བར་གྱུར་ཚེ། ཐད་བསྒྱུར་གྱི་རྨང་གཞིའི་སྟེང་འོས་འཚམ་གྱིས་མཆན་འགྲེལ་རང་བཞིན་གྱི་ཐ་སྙད་ཁ་གསབ་རྒྱག་འོས། སྣོན་བསྒྱུར་ནི་སྐད་ལུགས་གཉི་གའི་བརྡ་སྤྲོད་ལུགས་དང་རྒྱན་སྡེབ་སྟངས་སོགས་ཐ་དད་ཡིན་པས། མ་ཡིག་གི་བརྗོད་དོན་རྫོགས་པར་སྟོན་བྱེད་བསྒྱུར་བྱེད་ཀྱི་སྐད་ལུགས་ལ་ཚིག་ཟུར་འགའ་རེ་སྣོན་པ་དེ་རེད། དཔེར་ན། རྒྱའི་སྐད་ཀྱི“马后炮” ལྟ་བུར་བསྒྱུར་ན་མ་ཡིག་གི་མི་རིགས་ཁྱད་ཆོས་བོར་འགྲོ་བ་ཡིན། སྐབས་འདི་ལྟ་བུར་གསབ་བསྒྱུར་གྱིས་བྱ་བའི་འཆར་འགོད་སྔོན་ལ་བཟོ་དགོས་ལྟ་བུར་བསྒྱུར་ན་གོ་དོན་ཇེ་བདེར་སོང་བའི་ཁར། མི་རིགས་ཀྱི་ཁྱད་ཆོས་ཀྱང་ཟུར་མ་ཉམས་པར་ཐོན་ཐུབ། 
    4.དོན་བསྒྱུར་བྱེད་ཐབས། 
    དོན་བསྒྱུར་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་བསམ་བློའི་འཆར་སོ་སོགས་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་མིང་གི་གྲུབ་ཚུལ་དང་སྦྱོར་ལུགས་རྣམས་སྒྱུར་བྱེད་ཀྱི་སྐད་ལ་མཚོན་དོན་གྱི་སྒོ་ནས་གཙོ་བོར་བསྒྱུར་བ་ལ་བྱ་སྟེ། རིག་གནས་གོ་བརྡའི་དཔངས་མཐུག་པའི་ཐ་སྙད་འགའ་རེ་ལོ་ཙཱ་བྱེད་སྐབས། ཐད་བསྒྱུར་བྱས་ན་རིག་གནས་གོ་བརྡའི་དབང་གིས་དོན་གོ་དཀའ་བ་དང་། བརྗེ་བསྒྱུར་བྱས་ན་འགྱུར་ཡིག་གི་རིག་གནས་མ་ལག་ཁྲོད་ར་སུག་ལུག་ལ་མི་འབྱོར་བ་དང་། གསབ་བསྒྱུར་བྱས་ན་འགྲེལ་བསྒྱུར་དང་གཉིས་སུ་མེད་པས་དོན་བསྒྱུར་བྱ་འོས། དཔེར་ན“胸有成竹”ལྟ་བུ་རྒྱའི་རིག་གནས་ཀྱི་གོ་བརྡ་ཅུང་ཟབ་པས། གལ་ཏེ་རིམ་བཞིན་བྲང་ཁར་སྨྱུག་མ་ཡོད་པ་ལྟ་བུར་བསྒྱུར་ན་བོད་ཀྱི་ཀློག་མཁན་ཚོས་ཅི་ཟེར་ཧ་གོ་མི་སྲིད་ལ། དེ་ལས་དོན་བསྒྱུར་གྱིས་གདེང་ཚོད་ཡོད་པ་ཞེས་བསྒྱུར་ན་འོས་པར་སྙམ། 
    མདོར་ན།རྒྱ་བོད་མི་རིགས་གཉིས་ཀྱི་ཐ་སྙད་ཀྱི་རིག་གནས་གོ་བརྡ་མི་འདྲ་བ་དང་དེ་དག་གི་སྒྱུར་ཐབས་ལ་དཔྱད་པ་གཏོང་ཁུལ་བགྱིས་པ་འདིའི་དམིགས་ཡུལ་ནི།སྐལ་མཉམ་རྣམས་ཀྱིས་ལོ་ཙཱའི་ལག་ལེན་ཁྲོད་ནས་སྐད་རིགས་གཉིས་ཀྱི་རིག་གནས་ཁྱད་པར་ལ་ཐུགས་མཉམ་འཇོག་པར་གལ་བོ་ཆེ་ལ་ནན་ཏན་ཏུ་བྱས་ཏེ། སྐད་རིགས་གཉིས་ཀྱི་རིག་གནས་གཞིར་བཟུང་ཐོག་ཐ་སྙད་རྣམས་གང་ལ་གང་འབྱོར་གྱིས་བསྒྱུར་ནས་མ་ཡིག་གི་ཚིག་དོན་གྱི་ཉམས་ཇི་ལྟ་བ་བཞིན་འགྱུར་ཡིག་ལ་ཐོན་ན་རབ་དང་། རིག་གནས་གོ་བརྡའི་དབང་གིས་འགྱུར་ཡིག་ལ་བསྟུན་དགོས་པ་བྱུང་ན་དེ་བཞིན་སྐབས་བསྟུན་གྱིས་དཔྱད་པ་བཏང་ནས་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། རྩོམ་པ་པོ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡིན། 
     མཚོ་སྔོན་བོད་ཡིག་གསར་འགྱུར།2014·11·21།པར་ངོས 20པ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།