ཀྲུང་གོ་བོད་ཀྱི་དྲ་བ།

《སྨར་ཚང་བཀའ་བརྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་དཔྱད་པ》ཞེས་པའི་དཔེ་དེབ་པར་སྐྲུན་བྱས།

    སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བཀའ་འབུམ་རྒྱལ་གྱིས་བརྩམས་པའིསྨར་ཚང་བཀའ་བརྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་དཔྱད་པཞེས་པའི་དཔེ་དེབ་དེ། ཉེ་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

1.png

 སྨར་ཚང་བཀའ་བརྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་དཔྱད་པཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་གཙོ་བོ་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆུང་བརྒྱད་ཀྱི་ཡ་གྱལ་སྨར་པའམ་སྨར་ཚང་བཀའ་བརྒྱུད་སྐོར་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་ཐོག་མ་ཡིན་པ་དང་། དེབ་འདིར་གཙོ་བོ་བཀའ་བརྒྱུད་པའི་གྲུབ་མཐའ་བོད་དུ་དར་ཚུལ་དང་སྨད་མདོ་ཁམས་སྒང་དྲུག་དུ་ཕྱེས་པའི་སྨར་ཁམས་སྒང་གི་ལོ་རྒྱུས་ས་ཁམས་གླེང་པ་བརྒྱུད། དུས་རབས་བཅུ་གཉིས་པའི་སྐབས་སུ་སྨར་ཚང་བཀའ་བརྒྱུད་ཇི་ལྟར་སྨར་ཁམས་སྒང་དུ་ཐོག་མར་དབུ་བརྙེས་ཚུལ་དང་། དེ་ནས་ས་གནས་དང་སྲིད་ཕྱོགས་ཀྱི་རྒྱབ་བརྟེན་འོག་དར་ཞིང་རྒྱས་ཚུལ། མཐར་དུས་རབས་བཅུ་བདུན་པར་བཀའ་དགེ་འགལ་བ་སོགས་ཕྱི་ནང་གི་རྐྱེན་འབའ་ཞིག་ལ་འཕྲད་དེ་ཉམས་ཤིང་རྒུད་ཚུལ་དང་། ཉམས་རྗེས་ཡུལ་ཁམས་གཞན་དུ་ཆོས་རྒྱུད་མཆེད་ཚུལ་སོགས་ཀྱི་སྐོར་ལ་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ས་གནས་ཤུལ་བཞག  དམངས་ཁྲོད་ངག་རྒྱུན་སོགས་གུང་སྒྲིལ་ནས་དབྱེ་ཞིབ་གནད་ཐིངས་པ་བྱས་ཡོད། དེབ་འདིས་བོད་རིག་པ་སྤྱི་དང་སྒོས་སུ་བཀའ་བརྒྱུད་པའི་གྲུབ་མཐའི་ལོ་རྒྱུས་ཞིབ་འཇུག་སོགས་ཀྱི་ཐད་ནས་སྟོང་ཆ་བསྐངས་ཡོད་པ་མ་ཟད། ཞིབ་འཇུག་བྱེད་ཐབས་ཀྱི་ཆ་ནས་ཀྱང་ཡིག་ཚང་རིག་པ་དང་ཡུལ་དངོས་རྟོག་ཞིབ། ངག་རྒྱུན་འཚོལ་སྡུད་སོགས་དཔྱད་ཐབས་སྣ་མང་གི་ལོ་རྒྱུས་མིའི་རིགས་རིག་པའི་འབྲི་ཐབས་སྤྱད་ཡོད་པས། འབྲེལ་ཡོད་ཞིབ་འཇུག་པ་རྣམས་ཀྱིས་ཟུར་ལྟ་དང་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

 2.jpg

རྩོམ་པ་པོ་བཀའ་འབུམ་རྒྱལ་ནི། ༡༩༨༧ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གླིང་ཚ་སྡེ་བར་སྐྱེས། སྔ་རྗེས་སུ་མཚོ་སྔོན་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་བཅས་སུ་སློབ་རམས་པ་དང་རབ་འབྱམས་པ། འབུམ་རམས་པ་དང་འབུམ་རམས་ཕྱི་ཚར་བཅས་སློབ་གཉེར་བྱས། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བཅས་ཡིན། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་དང་ཆེད་དེབ་གཉིས། རྒྱ་བོད་སྐད་གཉིས་ཀྱི་དཔྱད་རྩོམ་སུམ་ཅུ་ཙམ་སྤེལ་ཡོད།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།