ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》པོད་བཞི་བཅུ་ཆ་ཡོངས་སུ་པར་སྐྲུན་བྱས་པ།

    སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ལམ་འདིར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པོད40ཡི་བདག་ཉིད་ཅན་གྱི《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》དཔེ་ཚོགས་པར་དུ་བསྐྲུན་པས།  རྒྱ་ཆེའི་ཀློག་མཁན་སྤྱི་དང་སློབ་གྲྭ་ཆེན་མོའི་དགེ་སློབ་དག་གིས་དགའ་བསུ་མི་དམན་པ་ཐོབ་ཅིང་། སྤྱི་ཚོགས་སྟེང་ཡང་གྲགས་འགུལ་མི་ཆུང་བ་ཞིག་བྱུང་།

1.jpg

དཔེ་ཚོགས་འདི་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་དུས་ཡུན་རིང་བོར་ཉེར་བསྡོགས་སྟ་གོན་དང་། བརྩམས་ཆོས་ལེགས་འདེམས། ཇུས་འགོད་ཞིབ་མོ་བཅས་བྱས་ཏེ། 1980ལོ་ནས2019ལོའི་བར་གྱི་བོད་ཁུལ་གྱི་དུས་དེབ《སྦྲང་ཆར》དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》 《གངས་རྒྱན་མེ་ཏོག》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་ཚགས་པར》སོགས་དུས་དེབ་དང་ཚགས་པར་སྟེང་སྤེལ་བའི་བརྩམས་ཆོས་ལེགས་གྲས་དག་བདམས་ཡོད་པ་ཡིན།

བརྩམས་ཆོས་ལའང་བྱེ་བྲག་ཏུ་སྒྲུང་གཏམ་དང་སྙན་ངག   ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་རྩོམ་ལུས་ཆེན་པོ་བཞི་ཐགས་སུ་སྦྲེལ་བ་དང་། ལོ་ངོ10རེ་དུས་མཚམས་སུ་ཕྱེ་ནས་དེབ་གྲངས10རེ་པར་སྐྲུན་བྱས་ལ། སྤྱི་ལོ2016ལོར་དེབ་གྲངས10པར་དུ་བསྐྲུན་པ་ནས། 2019ལོའི་ལོ་མཇུག་ཏུ་དཔེ་དེབ་པོད40ཡི་པར་སྐྲུན་ཆ་ཡོངས་ནས་ལེགས་འགྲུབ་བྱུང་།

2.jpg

དཔེ་ཚོགས་འདི་སྒྲིག་པའི་གོ་རིམ་ཁྲོད་དུའང་། ད་ལྟ་ལས་འཁྱུར་ངལ་གསོ་གནང་ཟིན་པའི《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྒན་པ་དང་། སློབ་གྲྭ་ཆེན་མོ་དག་ན་རྩོམ་རིག་སློབ་ཁྲིད་གནང་བཞིན་པའི་དགེ་རྒན་ཆེན་མོ་འགའ་ཞིག་གདན་འདྲེན་བྱས་ནས། བློ་འདྲི་དང་བསམ་འཆར་གང་ལེགས་འདོན་དུ་བཅུག་སྟེ་དཔེ་ཚོགས་འདི་གྲ་རྒྱས་ཕུན་ཚོགས་འབྱུང་བར་ཧུར་བརྩོན་བྱས།

དཔེ་ཚོགས་འདིར་བདམས་པའི་བརྩམས་ཆོས་མི་ཉུང་བ་ཞིག་ལ། རྒྱལ་ཁབ་རིམ་པའི་བྱ་དགའ་དང་། ཞིང་ཆེན་རིམ་པའི་བྱ་དགའ། 《སྦྲང་ཆར》རྩོམ་རིག་བྱ་དགའ་སོགས་བྱ་དགའི་རྣམ་གྲངས་མང་པོ་ཐོབ་མྱོང་བར་མ་ཟད། ད་དུང་སློབ་གྲྭ་ཆེ་འབྲིང་དག་གི་བསླབ་དེབ་ཏུའང་བཀོད་ཡོད།

དཔེ་ཚོགས་འདིའི་བརྩམས་ཆོས་རེ་རེ་འདེམ་སྒྲུག་སྐབས་སུའང་། རྩོམ་སྒྲིག་པ་དག་གིས་བྱ་བ་མང་བོ་ཞིག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིང་། དཀའ་སྡུག་གི་རྔུལ་ཆུ་མང་བོ་བཏོན་ནས། བརྩམས་ཆོས་ཀྱི་ནང་དོན་ཟབ་མིན་དང་། སྒྱུ་རྩལ་ལ་ཞུན་ཐར་ཆོད་ཡོད་མེད། ཚིག་སྦྱོར་གྱི་ལེགས་ཉེས་སོགས་ལ་ཡང་ཡང་དཔྱད་དེ། བརྩམས་ཆོས་དག་ལ་དཔེ་ཀློག་སྐྱོར་སྦྱོང་གི་ཕན་སླེབས་ཆེ་བ་དང་། སྤྱོད་སྒོ་བོགས་ཐོན་གྱི་དཔྱད་གཞིའི་རིན་ཐང་ལྡན་པ་ཞིག་ཡོང་ཅི་ཐུབ་བྱས་ཡོད།

དཔེ་ཚོགས་ཁྲོད་དུའང《འབྲོང་སྟག་ཐང》སོགས་སྒྲུང་ཐུང་དཔེ་དེབ་པོད་བརྒྱད་དང་། 《ཤི་གསོན》སོགས་སྒྲུང་འབྲིང་དཔེ་དེབ་པོད་གསུམ། 《གཙུག་གཡུ》སོགས་སྒྲུང་རིང་དཔེ་དེབ་པོད་བཞི། 《ཅོང་སྒྲ》སོགས་ཚིགས་བཅད་སྙན་ངག་དཔེ་དེབ་པོད་བཞི། 《བདེ་སྐྱིད་ཀྱི་གཉེན་དོན》སོགས་ཚིགས་བཅད་རིང་བོའི་སྙན་ངག་དཔེ་དེབ་པོད་བཞི། 《ལང་ཚོའི་རྦབ་ཆུ》སོགས་རང་མོས་སྙན་ངག་དཔེ་དེབ་པོད་ལྔ། 《དཔའ་བོའི་མེ་ཏོག》སོགས་ལྷུག་རྩོམ་དཔེ་དེབ་པོད་བཞི། 《རྩོམ་དཔྱད་ཉིང་བཏུས》སོགས་རྩོམ་རིག་བརྩམས་ཆོས་དཔྱད་བརྗོད་དཔེ་དེབ་པོད་བཞི། 《སྙན་ངག་གི་རྣམ་བཤད》སོགས་རྩོམ་རིག་གཞུང་ལུགས་ཀྱི་དཔེ་དེབ་པོད་བཞི་བཅས་ཁྱོན་བསྡོམས་དཔེ་དེབ་པོད40པར་སྐྲུན་བྱས།

3.jpg

དཔེ་ཚོགས་སུ་བདམས་པའི་བརྩམས་ཆོས་གང་དང་གང་ཡིན་ཡང་། རང་རེའི་བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་གཞིར་བྱས་ཀྱི་རྨང་གཞིའི་སྟེང་། ཡར་སྐྱེད་དགེ་སྐུལ་དང་། མདུན་སྐྱོད་སྐུལ་སྤེལ། དུས་རབས་གསར་བར་ཁ་ཕྱོགས་པ། འཛམ་གླིང་སྤྱིའི་འཕེལ་འགྲོས་ལ་ཁ་ཕྱོགས་ཏེ། མཚོན་ཐབས་དང་འབྲི་ལུགས་སྣ་ཚོགས་ཀྱི་སྒོ་ནས། སྤྱི་མཐུན་རྒྱལ་ཁབ་དགུང་སྔོན་གཅིག་གི་སྐྱིད་སྡུག་འོག   དུས་སྐབས་སོ་སོའི་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་སམ་འགྱུར་ལྡོག་འབྱུང་བཞིན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་དང་། གཅིག་རྗེས་གཉིས་མཐུད་དུ་ལོ་རྒྱུས་གར་སྟེགས་སུ་འབྱོན་བཞིན་པའི་མི་སྣ་གང་མང་གི་ཁྱད་དུ་མཚར་བའི་གཏམ་རྒྱུད་བཅས་མངོན་པར་བསྟབས་པས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་སྡིག་སྤང་བླང་གི་རྣམ་གཞག་གཙོ་བོ་དང་། ཀྲུང་ཧྭ་རིག་གནས་ཀྱི་རྩ་བའི་རིན་ཐང་ཡང་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཆིས།

དཔེ་ཚོགས་འདི་པར་དུ་བསྐྲུན་པ་ཡིས་ལོ་ངོ40རིང་གི་བོད་ཀྱི་དེང་རབས་རྩོམ་རིག་གི་གཡུར་དུ་ཟ་བའི་འབྲས་རྟགས་མཚོན་ཡོད་པར་མ་ཟད། བོད་ཀྱི་དེང་རབས་རྩོམ་རིག་ལ་འཇུག་འདོད་པའི་ཀློག་པ་པོ་དག་ལའང་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་ཡོད་ཅིང་། ལོ་ངོ40རིང་གི་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ཀྱི་རྗེས་དྲན་རྡོ་རིང་ཞིག་ཀྱང་ཅི་ལ་མིན།

སླད་མའི་ཆར། ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་གི་མདུན་ལམ་ཡངས་པོའི་ཆེད་དུ་ཤ་རུས་རྡོར་ཐུག་གི་འབད་བརྩོན་བརྒྱུད་དེ་འབྲས་བུ་ཕུན་སུམ་ཚོགས་པ་འཐོབ་པར་ཤོག   བོད་ཀྱི་དེང་རབས་རྩོམ་རིག་མཛེས་སྡུག་དཔལ་དུ་བཀྲ་བའི་མཐོ་སྒང་གི་མེ་ཏོག་འདི་ཉིད།  ཀྲུང་གོའི་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གི་མེ་ཏོག་སྣ་བརྒྱ་བཞད་པའི་གྲས་སུའང་སྐྱེ་སྟོབས་ཀྱི་ཡལ་ག་རྒྱས་ཤིང་། བསུང་ཞིམ་གྱི་དྲི་ངད་ཕྱོགས་ཀུན་ཏུ་འཐུལ་བར་གྱུར་ཅིག་གུ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།