ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་ཆར་པར་དུ་བསྐྲུན་པའི་ཆུང་འབྲིང་སློབ་མའི་བསླབ་ཕྱིའི་དཔེ་ཚོགས་འགའ་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་གྲུབ།   སྤེལ་དུས། : 2020-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

宝贝世界--微信图片_20200509112047.jpg

《གཅེས་ཕྲུག་གི་འཇིག་རྟེན》(དེབ་ཞེ་བརྒྱད)  

དཔེ་ཚོགས་འདི་ནི་པར་དབང་ཧིན་རྡུ་ནས་དྲངས་ཤིང་། རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་པའི་བྱིས་པའི་ཀློག་དེབ་ཅིག་ཡིན།

འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ནི་བྱིས་པའི་མིག་ལམ་དུ་མཚར་སྣང་གིས་ཁེངས་འདུག་པ་ཞིག་ཡིན། མཛེས་སྡུག་གི་འཇིག་རྟེན་འདི་རུ་བྱ་དངོས་གསར་བར་སྙེག་ཅིང་འཚོལ་བ་ནི་བྱིས་པ་ཐུན་མོང་གི་རང་གཤིས་ཡིན། བྱིས་པ་རྣམས་ཀྱི་ཡིད་སེམས་སུ་མཚར་སྣང་དེ་རིགས་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱ་ཆེད། དཔེ་ཚོགས་འདི་ལས་བྱིས་པ་རང་རང་གི་དུས་རྒྱུན་གྱི་འཚོ་བའི་ཁོར་ཡུག་ཁྲོད་མཐོང་སྤྲོ་ཞིང་དང་འཕྲད་དགའ་བའི་སྲོག་ཆགས་དང་སིལ་ཏོག དེ་མིན་རྒྱུན་སྤྱོད་ཀྱི་དབྱིབས་དང་ཁ་དོག སྔོ་ཚལ་བཅས་དངོས་ཆས་རིགས་ལྔ་བརྗོད་བྱ་བྱས་ཐོག དེ་དག་གི་རང་བཞིན་ལ་བརྟེན་ནས་རབ་བཏགས་ཀྱི་གཏམ་རྒྱུད་ཞེ་བརྒྱད་བསྒྲིགས་ཏེ། གཞན་ཕན་སེམས་ཀྱི་དགེ་མཚན་དང་རང་ཉིད་ཁོ་ན་བསམ་པའི་ཉེས་སྐྱོན་ཅི་རིགས་ཁྱད་དུ་མཚར་བའི་གཏམ་རྒྱུད་རེ་རེའི་ཁྲོད་ལྷད་མེད་སེམས་ཀྱི་གསོས་སུ་འགྱུར་བར་བསྒྲུགས་ཡོད། དེ་མིན་ཕ་སྐད་ཀྱི་དྲི་མ་ཡལ་བའི་ཚིག་གི་སྦྱོར་བ་དང་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་བྱུང་རིམ་གྱི་རི་མོ་རེ་རེ། མིག་དབང་འདྲེན་ཞིང་ཕུན་སུམ་ཚོགས་པའི་ཁ་དོག་སྣ་ཚོགས་ཀྱིས་འབྱུང་འགྱུར་གྱི་བདག་པོ་འདི་རྣམས་ངོ་མཚར་བའི་འཇིག་རྟེན་ཞིག་ཏུ་དྲངས་ཏེ། ཡ་རབས་སྤྱོད་བཟང་གི་ཁམས་སུ་འདྲེན་ངེས།

དཔེ་ཚོགས་འདིར་ཁྱོན་བསྡོམས་དེབ་ཞེ་བརྒྱད་དང་བརྗོད་བྱ་ཁག་གསུམ་དུ་བགོས་ཡོད། རེ་རེ་བཞིན་དྲངས་ན་གཤམ་ལྟར།

དབྱིབས་དང་ཁ་དོག་བརྗོད་བྱ་ཡིན་པའི་ཁག་ལ། སྐུ་ཞབས་ནག་པོ། སྐུ་ཞབས་སྔོན་པོ། སྐུ་ཞབས་ཁམ་ཁམ། སྐུ་ཞབས་སྒོར་དབྱིབས། སྐུ་ཞབས་ཟླུམ་སྙུང་། སྐུ་ཞབས་ཟླུམ་གཟུགས། སྐུ་ཞབས་ལྗང་ཁུ། སྐུ་ཞབས་ལི་མདོག སྐུ་ཞབས་འཇོང་དབྱིབས། སྐུ་ཞབས་གློ་ཁ། སྐུ་ཞབས་གྲུ་བཞི་ནར་མོ། སྐུ་ཞབས་དམར་པོ། སྐུ་ཞབས་གྲུ་བཞི། སྐུ་ཞབས་སྐར་མ། སྐུ་ཞབས་ཟུར་གསུམ། སྐུ་ཞབས་དཀར་པོ།

སྲོག་ཆགས་བརྗོད་བྱ་ཡིན་པའི་ཁག་ལ། སྐུ་ཞབས་དོམ། སྐུ་ཞབས་བྱི་ལ། སྐུ་ཞབས་སྤྲ་ནག སྐུ་ཞབས་ཁྱི། སྐུ་ཞབས་བོང་བུ། སྐུ་ཞབས་གླང་ཆེན། སྐུ་ཞབས་སྦལ་བ། སྐུ་ཞབས་ཤ་བ་སྐེ་རིང་། སྐུ་ཞབས་ཆུ་རྟ། སྐུ་ཞབས་སེང་གེ སྐུ་ཞབས་དོམ་ཁྲ། སྐུ་ཞབས་རི་བོང་། སྐུ་ཞབས་བྱ་ཕོ། སྐུ་ཞབས་ལུག སྐུ་ཞབས་སྟག སྐུ་ཞབས་རུས་སྦལ།

སིལ་ཏོག་དང་སྔོ་ཚལ་བརྗོད་བྱ་ཡིན་པའི་ཁག་ལ། སྐུ་ཞབས་ཀུ་ཤུ སྐུ་ཞབས་ངང་ལག སྐུ་ཞབས་ཚོད་ལོག སྐུ་ཞབས་སུར་པན། སྐུ་ཞབས་ལ་སེར། སྐུ་ཞབས་རྡོ་ཀུབ། སྐུ་ཞབས་ཨ་མྲ། སྐུ་ཞབས་ཚ་ལུ་མ། སྐུ་ཞབས་ཙོང་རིལ། སྐུ་ཞབས་ལི། སྐུ་ཞབས་ཐང་འབྲས། སྐུ་ཞབས་སེ་འབྲུ། སྐུ་ཞབས་ཞོག་ཁོག སྐུ་ཞབས་འབྲི་ཏ། སྐུ་ཞབས་ཀྲོ་མ་ཀྲུ། སྐུ་ཞབས་ཆུ་ཀུབ་བཅས་དེབ་ཞེ་བརྒྱད་བདག་ཉིད་ཅན་གྱི་དཔེ་ཚོགས་འདིས་ཁྱིམ་བདག་རྣམས་ཀྱི་སྙིང་གི་ཐིག་ལེར་གྱུར་པའི་བྱིས་ཆུང་རྣམས་འདིར་བཀོད་པའི་གཏམ་རྒྱུད་རེ་རེ་བརྒྱུད། བདེན་བྱམས་མཛེས་གསུམ་གྱི་ས་བོན་བྱིས་བློ་ལྷད་མེད་དུ་གཏོར་ངེས་ལ། དགེ་སྡིག་ལེགས་ཉེས་ཇི་ལྟར་འབྱེད་བྱེད་ཀྱི་ཤེས་རབ་ཀྱང་ནང་སེམས་སུ་མྱུ་གུ་བཞིན་འབུ་ངེས་ཞེས་ཞུ་བའོ།།

中学生必读丛书--微信图片_20200509112116.png

《བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང》(པོད་སུམ་ཅུ)

མེས་པོ་གོང་མ་རྣམས་ཀྱི་སྐུ་དྲིན་ལས་བོད་རང་ལ་བསྟན་བཅོས་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་ཡོད་མོད། འོན་ཀྱང་ད་རག་བར་སློབ་འབྲིང་སློབ་མའི་བློས་ནུས་ཚོད་ལྟར་དམིགས་ཀྱིས་བཀར་ནས་བྱེ་བྲག་ཏུ་ས་བཅད་དུ་སྟོངས་པས་ན། ཕྱི་ནང་གང་ཅིའི་ཐད་ནས་འཚར་ལོངས་ཀྱི་དུས་སྐབས་གལ་ཆེན་ཞིག་ལ་སླེབས་པའི་སློབ་འབྲིང་སློབ་མ་རྣམས་ལ་མཚོན་ན། གང་ལ་གང་འཚམ་དུ་སློབ་ཕྱིའི་ལེགས་རྩོམ་ཀློག་རྒྱུ་ནི་བློ་གྲོས་འཕེལ་བའི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་བའི་རྟེན་འབྲེལ་ཡན་ལག་ཏུ་གྱུར་སྟབས། ཕྱོད་ཆེན་པོར་དཔེ་ཀློག་གི་རྒྱུན་སྐྱོང་རྒྱུ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེན་པོར་སྣང་།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་། རྒྱལ་ཁབ་ཀྱི"མི་རིགས་ཡི་གེའི་དཔེ་སྐྲུན་ཆེད་དོན་མ་དངུལ་རོགས་སྐྱོར་རྣམ་གྲངས"སུ་ཚུད་པའི《བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང》ཞེས་པའི་དཔེ་ཚོགས་འདི་ནི་དམིགས་གཞི་གསལ་ཞིང་། སློབ་མའི་བློ་ཁ་དང་འཚམ་པའི་མ་ལག་རང་བཞིན་གྱི་དཔེ་ཚོགས་ཤིག་ད་སྔ་མ་བྱུང་བའི་གནས་བབ་ལ་དམིགས་ཏེ་ཆེད་དུ་པར་བསྐྲུན་བྱས་པ་ཡིན། འདིར་བདམས་པ་གང་སློབ་འབྲིང་སློབ་མའི་གོ་བ་ལོན་མིན་གྱི་ཁྱད་མ་ཕྱེ་བར་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་དུ་མ་ཡིན་པར། རེ་རེ་ནས་སློབ་འབྲིང་སློབ་མའི་སྦྱང་གཞིའི་རྗེས་འབྲང་བཞིན་བོད་སྤྱིས་ཚད་མར་འཛིན་པའི་སུམ་རྟགས་དག་གསུམ་གྱི་བསྟན་བཅོས་ཏེ། བོད་ཀྱི་རིག་གནས་ཀྱི་རྟེན་གཞིར་གྱུར་པ་གང་དེ་ནས་མགོ་བཟུང་ནས་རིམ་གྱིས་དེ་ལས་ཐོབ་པའི་ཤེས་བྱ་རྣམས་ལག་ལེན་དུ་བསྟར་བ་ལ། བརྗོད་བྱ་དང་རྗོད་བྱེད་གོ་སླ་མིན་གྱི་ཁྱད་པར་ལྟར་གནའ་དེང་ཟུང་འབྲེལ་སྒོས་མི་རིགས་ཤིག་གི་ཡུལ་དུས་སོ་སོའི་འཚོ་བའི་གོམས་གཤིས་སམ་སེམས་ཁམས་མཚོན་པའི་གཏམ་རྒྱུད་སྣ་ཚོགས། ལེགས་ཉེས་སྤང་བླང་གི་གནད་སྟོན་པའི་ལེགས་བཤད་དང་བསླབ་བྱ། བོད་གནའ་བོའི་སྤྱི་ཚོགས་ཀྱི་མེ་ལོང་ལྟ་བུར་བསྔགས་པའི་ཟློས་གར་ཆེན་པོ་བརྒྱད། དེང་གི་སྤྱི་ཚོགས་དང་འཚོ་བ། སེམས་ཀྱི་ཚོར་འདུ། མཛེས་དཔྱོད་ཀྱི་མོས་པ་སོགས་མཚོན་པའི་སྒྲུང་གཏམ། སྙན་ངག ལྷུག་རྩོམ། མི་རིགས་ཤིག་གི་དྲན་པའམ་འཚོ་བའི་གྲུབ་ཆར་གྱུར་པའི་དམངས་ཁྲོད་རིག་རྩལ་གྱི་ཉིང་བསྡུས། དེ་ནས་བསླབ་གནས་ཀྱི་རིམ་པ་ལྟར་ལས་དང་པོ་བ་རྣམས་འཇུག་བདེ་བའི་སྙན་གཞུང་། འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོའི་ཏོག་ཏུ་གྲགས་པའི་གླིང་སྒྲུང་། སློབ་འབྲིང་སློབ་མའི་རིགས་སྟོབས་དང་འཚམ་པའི་བོད་གནའ་རབས་ཀྱི་ལེགས་རྩོམ། སློབ་མའི་བློ་ཁ་ཡར་སྐྱེད་དགེ་སྐུལ་དུ་དམིགས་པའི་རྣམ་ཐར་ཁག་སོགས་རིམ་པར་བཀོད་པ་བརྒྱུད། མེས་པོ་གོང་མའི་རིག་སྟོབས་ལས་ཐོན་པའི་རིག་གནས་བཅུ་ཞེས་པ་ཇི་ལྟ་བུ་ཞིག་ཡིན་པའི་ཆ་མཚོན་པའི་རྣམ་གཞག་དང་། མི་རིགས་རང་གི་རིག་གནས་བྱུང་འཕེལ་དང་སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས། དངོས་ཡོད་འཚོ་བར་སིམ་ཞིང་དགོས་ངེས་ཀྱི་ནང་བསྟན་ཤེས་བྱ། བསམ་བློའི་ཤོང་རྒྱ་བསྐྱེད་པར་རྒྱལ་ཁབ་ཕྱི་ནང་གི་ལེགས་རྩོམ་གཅེས་བཏུས་སོགས་སློབ་འབྲིང་གི་གནས་སྐབས་སུ་སྐད་ཡིག་གི་རྨང་འདིང་བར་ངེས་པར་དུ་ཚང་དགོས་པར་སྙམ་པའི་ཤེས་བྱ་དང་བསམ་བློ་འདུ་དགོས་པར་དམིགས་ཏེ། རིས་སུ་ཆ་ཆད་ཀྱང་ཡོངས་ཁྱབ་རང་བཞིན་གྱི་དེབ་ཕྲེང་འདི་ཐུན་མོང་གི་ཉམས་མྱོང་ལ་བརྟེན་ནས་བསྒྲིགས་པ་ལགས།

དཔེ་ཚོགས་འདིར་བརྟེན་བོད་ཀྱི་སློབ་འབྲིང་སློབ་མ་རྣམས་ཀྱི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་དང་། བསམ་གཞིག་གི་ནུས་པ་བསྐྱེད་པ། མི་གཞི་ལེགས་པོར་སྐྱོང་བ་། མི་རིགས་རང་གི་རིག་གནས་ལ་དད་སེམས་འབྱུང་བ་སོགས་ཀྱི་ཐད་དགེ་བ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བར་མ་ཟད། མ་ལག་རང་བཞིན་དུ་དགོས་ངེས་ཀྱི་ཤེས་བྱ་རྒྱུད་ལ་སྦྱོར་བ་ལ་ཡང་རྟེན་འབྲེལ་གྱི་གཞི་རུ་སྨིན་པར་ངེས་སོ་ཞེས་ཞུ་བའོ།།

དཔེ་ཚོགས་འདིར་ཁྱོན་བསྡོམས་པོད་སུམ་ཅུ་ཡོད་ལ་རེ་རེ་བཞིན་དྲངས་ན་གཤམ་ལྟར།

《བོད་ཀྱི་བརྡ་སྤྲོད》(གཉའ་ཟླ་བ་བློ་གྲོས་ཀྱིས་བསྒྲིགས) 《བོད་ཀྱི་དག་ཡིག》(གཉའ་ཟླ་བ་བློ་གྲོས་ཀྱིས་བསྒྲིགས) 《བོད་ཀྱི་གཏམ་རྒྱུད》(སྟོད་ཆ། བར་ཆ། སྨད་ཆ། མཚོ་སྐྱེས་དོན་གྲུབ་ཚེ་རིང་གིས་བསྒྲིགས) 《བོད་ཀྱི་ལེགས་བཤད》(རིན་ཆེན་རྡོ་རྗེ་ཡིས་བསྒྲིགས) 《བོད་ཀྱི་ཟློས་གར་ཆེན་པོ་བརྒྱད》(སྟོད་ཆ། བར་ཆ། སྨད་ཆ། དཔའ་རིས་བསོད་ནམས་ཚེ་རིང་གིས་བསྒྲིགས) 《བོད་ཀྱི་གླུ་གཞས》(རང་སྒྲས་བསྒྲིགས) 《བོད་ཀྱི་བཤད་པ》(རང་སྒྲས་བསྒྲིགས) 《བོད་ཀྱི་དེང་རབས་སྒྲུང་ཐུང》(སྟོད་ཆ། སྨད་ཆ། ཆོས་སྐྱོང་གིས་བསྒྲིགས) 《བོད་ཀྱི་དེང་རབས་སྙན་ངག》(སྟོད་ཆ། སྨད་ཆ། དཔལ་ལྡན་གྱིས་བསྒྲིགས) 《བོད་ཀྱི་དེང་རབས་ལྷུག་རྩོམ》(སྟོད་ཆ། སྨད་ཆ། བྱ་གཞུང་དབྱངས་བྷས་བསྒྲིགས) 《བོད་ཀྱི་སྙན་གཞུང》(དཔའ་རྩེ་ཡིས་བསྒྲིགས) 《ཧོར་གླིང་གཡུལ་འགྱེད》(སྟོད་ཆ། སྨད་ཆ། ནག་པོ་སྐལ་བཟང་གིས་བསྒྲིགས) 《བོད་ཀྱི་བསམ་བློ་ལོ་རྒྱུས》(བདུད་འདུལ་གྱིས་བསྒྲིགས) 《བོད་ཀྱི་རིག་གནས་བཅུ》(བདུད་འདུལ་གྱིས་བསྒྲིགས) 《བོད་ཀྱི་ཡིག་རྙིང》(ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་བསྒྲིགས) 《མི་ལ་རས་པའི་རྣམ་ཐར》(ཀུན་དགའ་ཡིས་བསྒྲིགས) 《ཀྲུང་གོའི་རྩོམ་རིག་བརྩམས་ཆོས་གྲགས་ཅན》(ཚེ་གྲུབ་ཀྱིས་བསྒྲིགས) 《ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན》(ཚེ་གྲུབ་ཀྱིས་བསྒྲིགས) 《བོད་ཀྱི་གནའ་རྩོམ་གཅེས་བསྡུས》(དཔའ་རྩེ་ཡིས་བསྒྲིགས) 《བོད་ཀྱི་མགུར་གླུ》(ཀུན་དགའ་ཡིས་བསྒྲིགས) 《བོད་ཀྱི་ལོ་རྒྱུས》(རྨེ་རུ་ཡུལ་ལྷ་ཐར་གྱིས་བསྒྲིགས) 《བོད་ཀྱི་འཇམ་དབྱངས་རྣམ་གསུམ》(བདུད་འདུལ་གྱིས་བསྒྲིགས)བཅས་སོ།།

漫画中国历史--微信图片_20200509112129.png

《ཀྲུང་གོའི་ཚོན་རིས་ལོ་རྒྱུས》(དེབ་ཞེ་བརྒྱད)

མུ་འབྲེལ་རི་མོ་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་པར་དུ་བསྐྲུན་ཅིང་། རྒྱལ་ཁབ་ཀྱི"མི་རིགས་ཡི་གེའི་དཔེ་སྐྲུན་ཆེད་དོན་མ་དངུལ་རོགས་སྐྱོར་རྣམ་གྲངས"སུ་ཚུད་པའི《ཀྲུང་གོའི་ཚོན་རིས་ལོ་རྒྱུས》ཞེས་དེབ་ཞེ་བརྒྱད་ཡོད་པའི་དཔེ་ཚོགས་བོད་འགྱུར་མ་འདི་ནི་ཐོག་དང་པོར་ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་གོའི་ལོ་རྒྱུས་གཏམ་རྒྱུད་བརྗོད་བྱ་བྱས་ཐོག རབ་ཏགས་རི་མོ་དང་དེར་འབྲེལ་གྱི་གསལ་བཤད་ཟུང་ལ་བརྟེན་ནས་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དུ་གཏོང་བྱེད་ཀྱི་བྱིས་པའི་ཀློག་དེབ་ཅིག་ཡིན།

རྒྱ་ཡིག་གི་མ་པར་ནི་མུ་འབྲེལ་རི་མོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་། རྒྱལ་ནང་དུ་ཆེས་བྲིན་པའི་བྱིས་པའི་ཀློག་དེབ་ཏུ་གྱུར་ཅིང་འགྲེམས་གྲངས་ས་ཡ་དུ་མར་སླེབས་པར་གྲགས། བོད་འགྱུར་མ་ནི་མུ་འབྲེལ་རི་མོ་དཔེ་སྐྲུན་ཁང་གིས་པར་དབང་མཁོ་སྤྲོད་བྱས་པ་ལྟར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱ་བོད་ཡིག་རིགས་གཉིས་གར་རྒྱུས་ཡོད་ཀྱི་ལོ་ཙྭ་པའི་དཔུང་ཁག་ཅིག་རྩ་འཛུགས་བྱས་ཏེ། ལོ་ངོ་གཅིག་ལྷག་གི་རིང་ལ་འབད་འབུངས་བྱས་མཐར། ༢༠༡༨ལོ་ནས༢༠༡༩ལོའི་ཟླ༡༢པའི་ཟླ་མཇུག་ཏུ་དེབ་ཞེ་བརྒྱད་ཀྱི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་གཞི་ནས་ཡོངས་སུ་རྫོགས་པར་པར་བསྐྲུན་འགྲེམས་སྤེལ་བྱས། དཔེ་ཚོགས་འདིར་གཏམ་རྒྱུད༤༣༢ཀྱིས་གྲུབ་ཅིང་། ལོ་རྒྱུས་དངོས་ལ་གཞི་བཅོལ་བ་ལས་སྒྲོ་སྐུར་གང་རུང་གི་ཆ་སྤངས། རྒྱའི་གདོད་མའི་ངག་རྒྱུན་ནས་རྒྱལ་རབས་རིམ་བྱུང་གི་ལོ་ཚིགས་ལྟར་ཆེས་མཐའ་མཇུག་གི་རྒྱལ་རབས་ཏེ། ཆིང་རྒྱལ་རབས་འཇིག་པའི་བར་དུ་བྱུང་བའི་ལོ་རྒྱུས་དོན་རྐྱེན་ཆེན་པོ་དང་མི་སྣ་གལ་ཆེན་སོགས་ཁྱོན་ཡོངས་ནས་ཕྱིར་མཚོན་གང་ཐུབ་བྱས་ཡོད། བརྗོད་བྱར་ལོ་ངོ་ལྔ་སྟོང་ལྷག་གི་རྒྱའི་རྒྱལ་རབས་རིམ་བྱུང་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཕྱི་འབྲེལ། སྒྱུ་རྩལ། རྩོམ་རིག བསམ་བློ། ཚན་རྩལ། སྤྱི་ཚོགས་འཚོ་བ་སོགས་དགོས་སྣང་དུ་འཆར་བ་ཀུན་འདུས་ལ། རྩོམ་སྟངས་ཐད་དུས་ཀྱི་སྔ་གཞུག་ཕྲེང་ཐག་བྱས་ཐོག་དོན་རྐྱེན་རེ་རེ་ཕྲེང་རྡོག་བཞིན་བསྟར་ལ་བརྒྱུས་ཏེ། ཕྱོགས་ཡོངས་ནས་རྒྱལ་རབས་རེ་རེའི་དར་རྒུད་ཀྱི་བརྒྱུད་རིམ་དེ་ཕྱིར་ཕྱུངས། རིག་གནས་ཀྱི་ངོས་ཐད་དུ་ལོ་རྒྱུས་དར་རྒུད་ཀྱི་རྒྱུ་རྐྱེན་གང་ཡིན་རང་ཚོད་དུ་མྱོང་ཐུབ་པ་ལས་གཞན། མི་རིགས་ཤིག་གི་ཤེས་རབ་དང་སྙིང་སྟོབས་དེ་ཇི་ལྟར་གནས་ཡོད་པའི་ཆའང་བྱིས་བློར་ས་བོན་བཞིན་འདེབས་ངེས།

ན་ཆུང་བྱིས་པ་རྣམས་ཀྱིས་མཐོང་དགའ་ཞིང་ཉན་སྤྲོ་བའི་པར་བསྐྲུན་བྱེད་སྟངས་བེད་སྤྱད། གོ་སླ་བའི་ཚིག་གི་སྦྱོར་བ་དང་ངེས་སླ་བའི་རབ་བཏགས་རི་མོ་ཟུང་གི་སྦྱོར་བ་ལ་བརྟེན། སྤྱིར་བཏང་དུ་ཀློག་འདུན་སློང་དཀའ་ཞིང་ངེས་ཁག་པའི་ལོ་རྒྱུས་ཀྱང་གཏམ་རྒྱུད་ལྟར་ཀློག་སྤྲོ་ཞིང་རི་མོ་ལྟར་ངེས་སླ་བ་ཞིག་ཏུ་བསྒྱུར། དཔེ་ཚོགས་ཡོངས་ལོ་རྒྱུས་ཆེད་དེབ་ལས་བཀླགས་ན་སེམས་བག་ཕེབས་ཤིང་། སྤྱིར་བཏང་གི་རབ་བཏགས་རི་མོའི་དཔེ་དེབ་ལས་བརྗོད་བྱས་དུད། བོད་འགྱུར་མ་པར་དུ་བསྐྲུན་པ་འདིས་བོད་ཀྱི་ན་ཆུང་བྱིས་པ་རྣམས་ལ་མཚོན་ན་ཕ་སྐད་ཀྱི་ལམ་ནས་སྙིང་ཉེ་བོར་རྒྱའི་ལོ་རྒྱུས་ཀྱི་སྤྱི་ཁོག་ཙམ་ངེས་པའི་སྐལ་བ་ལྡན་པ་ལས་གཞན། སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་ཐུན་སློབ་ཁྲིད་ཁྲོད་མ་ངེས་པའི་ལོ་རྒྱུས་ཤེས་བྱར་ཁ་གསབ་རྒྱག་པ་དང་། དཔེ་ཀློག་གི་སྤྲོ་བ་འདྲེན་པ་སོགས་བློ་གྲོས་འཕེལ་བྱེད་ཀྱི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་གཞི་རུ་སྨིན་ཡོད་དོ་ཞེས་ཞུ་བའོ། །

藏族少儿传统文化知识丛书--微信图片_20200509113159.jpg

《བོད་ཀྱི་སྲོལ་རྒྱུན་རིག་གནས་ན་ཆུང་ཤེས་བྱའི་དཔེ་ཚོགས》(དེབ་བཅུ)

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་། "ལོ་ལྔ་ཚན་བཅུ་གསུམ་པའི་རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དཔེ་སྐྲུན་འཆར་འགོད་རྣམ་གྲངས"དང"མི་རིགས་ཡི་གེའི་དཔེ་སྐྲུན་ཆེད་དོན་མ་དངུལ་རོགས་སྐྱོར་རྣམ་གྲངས"གཉིས་སུ་ཚུད་པའི《བོད་ཀྱི་སྲོལ་རྒྱུན་རིག་གནས་ན་ཆུང་ཤེས་བྱའི་དཔེ་ཚོགས》ལ་དེབ་བཅུ་ཡོད་ཅིང་། རེ་རེ་བཞིན་དྲངས་ན། བོད་ཀྱི་དམངས་སྲོལ་རྒྱུན་ཤེས། བོད་ཀྱི་རིག་གནས་རྒྱུན་ཤེས།(༡) བོད་ཀྱི་རིག་གནས་རྒྱུན་ཤེས།(༢) བོད་ཀྱི་རི་ཆུའི་རིག་གནས་རྒྱུན་ཤེས། བོད་ཀྱི་བརྡ་སྤྲོད་རྒྱུན་ཤེས། བོད་ཀྱི་ལོ་རྒྱུས་རྒྱུན་ཤེས། བོད་ཀྱི་སྨན་རྩིས་རྒྱུན་ཤེས། བོད་ཀྱི་རྩོམ་རིག་རྒྱུན་ཤེས། བོད་ཀྱི་སྒྱུ་རྩལ་རྒྱུན་ཤེས། བོད་ཀྱི་ཚད་མ་རིག་པའི་རྒྱུན་ཤེས་བཅས་སོ།།

དཔེ་ཚོགས་འདི་ནི་བོད་ཀྱི་ན་ཆུང་བྱིས་པ་རྣམས་ལ་དམིགས་ཏེ་ཁྱད་དུ་པར་བསྐྲུན་བྱས་པའི་བློ་འབྱེད་ཀློག་དེབ་ཅིག་ཡིན། བརྗོད་བྱ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས། ས་རྒྱུས། རྩོམ་རིག སྒྱུ་རྩལ། ཚད་མ་རིག་པ། དམངས་སྲོལ། སྨན་རྩིས་སོགས་འདུས་ཤིང་། ན་ཆུང་བྱིས་པ་རྣམས་ཀྱི་བློའི་ནུས་ཚོད་དང་དཔེ་ཀློག་གི་གོམས་གཤིས་ལྟར་གོ་སླ་ཞིང་། མདོར་བསྡུས་པའི་སྒོ་ནས་རིག་ཚན་མ་འདྲེས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་རྒྱུན་ཤེས་སྐོར་དྲི་བ་དྲིས་ལན་གྱི་ཚུལ་དུ་མཚམས་སྦྱོར་གང་འཚམ་བྱས་ཡོད། དཔེ་ཚོགས་འདིར་བསྡུས་པའི་དྲི་བ་རྣམས་ཀ་ལིའི་ཕྲེང་ལྟར་བསྒྲིགས་པས་མ་ངེས་པ་རྣམས་འཚོལ་བདེ་ཞིང་། ན་ཆུང་གི་དུས་སྐབས་འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་དུ་ངེས་པར་དུ་ཤེས་དགོས་པའི་རྒྱུན་ཤེས་རྣམས་ཅུང་འཐུས་ཚང་བར་བཀོད་ཡོད་པས་དཔེ་མང་ཀློག་པའི་ངལ་བ་བརྟེན་མི་དགོས་པ་སོགས་ཀྱི་དགེ་མཚན་ཡང་ལྡན།

ན་ཆུང་བྱིས་པའི་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་བྱེད་པ་དང་མི་རིགས་རང་གི་ཕུལ་བྱུང་རིག་གནས་ལ་བག་ཆགས་ཙམ་འཇོག་ཆེད། སྒྲིག་རྩོམ་བྱེད་མཁན་གྱིས་ལོ་བཅུ་ཉིན་གཅིག་ལྟར་བརྩོན་པའི་རྒྱུན་མ་མ་བཏང་བར་རྒྱུ་ཆ་ལག་ལ་གང་ཐོབ་འཚོལ་སྡུད་བྱས་པའི་རྨང་གཞིའི་སྟེང་། སྒྲིག་རྩོམ་བྱེད་པའི་གོ་རིམ་ཁྲོད་གང་ལ་གང་འཚམ་དུ་དཔེ་དེབ་རེ་རེའི་བརྗོད་བྱ་ན་ཆུང་བྱིས་པ་རྣམས་ཀྱི་སྦྱོང་བཞིན་པའི་བསླབ་དེབ་དང་བསྟུན་ཏེ། སློབ་ཁྲིད་ཁྲོད་མ་ངེས་པའི་ཤེས་བྱ་རྣམས་དཔེ་ཚོགས་འདི་ལས་དེར་མཐུན་གྱི་ལན་གསལ་བོ་རེ་རྙེད་ཐུབ། དེ་ལྟར་ན་སློབ་བུ་རྣམས་ཀྱི་སློབ་ཁྲིད་ཁྲོད་སྦྱངས་པའི་ཤེས་བྱ་རྣམས་ཡིད་ལ་འཇགས་པར་མཐུན་རྐྱེན་སྦྱོར་བའི་དགེ་མཚན་ལྡན་པ་ལས་གཞན། དཔེ་ཀློག་གི་སྤྲོ་བ་འདྲེན་པ། མིག་རྒྱང་བསྐྱེད་པ། སྦྱང་བྱའི་གནད་ཀྱི་གཏིང་ལོན་པ་སོགས་ཀྱི་ཐད་དུའང་ཆུ་གྲོགས་ཆར་དང་མེ་གྲོགས་རླུང་གི་བྱེད་ནུས་ཐོན་སྟབས། ན་ཆུང་སློབ་མ་རྣམས་ལ་མཚོན་ན་དཔེ་ཚོགས་འདི་ནི་སྦྱང་བྱའི་སློབ་དེབ་ཀྱི་ལྷན་ཐབས་ལྟ་བུར་མངོན་པས་མེད་དུ་མི་རུང་བའི་ཀློག་དེབ་ཏུ་བགྲང་ཆོག དགོས་ངེས་ཀྱི་ཤེས་བྱ་རྣམས་ངེས་སླ་བར་བསྒྱུར་པའི་སྒྲིག་རྩོམ་བྱེད་སྟངས་འདིས་ན་ཆུང་སློབ་བུ་རྣམས་ཀྱིས་ཆུང་དུས་ནས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་དང་རིག་གནས་ཐད་ཀྱི་དད་སེམས་འབྱུང་བར་གཞན་གྱིས་ཚབ་བྱེད་མི་ཐུབ་པར་ངེས་ཞེས་ཀྱང་ཞུ་བའོ། །

རྩོམ་སྒྲིག་པ། : འབུམ་པ་རྒྱལ།