ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་འབུམ་བྱམས་པ་གླིང་གི་གདན་རབས་བཞི་པར་དུ་བསྐྲུན་པ།

    སྤེལ་དུས། : 2016-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        དེ་ཡང་ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་གདན་ས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཚན་སྙན་འཛམ་གླིང་ལ་གྲགས་པའི་བོད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་ཞིག་ཡིན་ལ། དགོན་སྡེ་བཏབ་ནས་ལོ་ངོ་བཞི་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཀྱི་བརྒྱུད་ལམ་རིང་མོའི་ཁྲོད་འགྲན་པའི་ཟླ་དང་བྲལ་བའི་མཁས་གྲུབ་གསེར་རི་ལྟ་བུ་མང་དུ་བྱུང་སྟེ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་སྒྲོན་མེ་ཆེས་ཆེར་གསལ་བར་མཛད་པས་བོད་གངས་རིའི་ལྗོངས་ཀྱི་རིག་གནས་སྤྱི་དང། སྒོས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་རླབས་ཆེ་བ་བཞག་དང་འཇོག་བཞིན་པས་ལོ་རྒྱུས་ཐོག་གོ་གནས་ངེས་ཅན་ཟིན་ཡོད་པའི་དགོན་སྡེ་ཆེན་པོ་ཞིག་གོ།
    དེ་ལྟ་བུའི་ཆོས་སྡེ་ཆེན་པོ་གང་ལ་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་《གདན་རབས་མུ་ཏིག་ཕྲེང་བ》དང་། གསེར་ཏོག་ནོ་མོན་ཧན་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པའི་《གདན་རབས་རྣ་བའི་བཅུད་ལེན》གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་《གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》དང་། ཕྱིས་སུ་ཆེ་ཤོས་དཔལ་ལྡན་ལུང་རིགས་རྒྱ་མཚོས་མཛད་པའི་《དཀར་ཆག་ཀུན་གསལ་ལྟ་བའི་མེ་ལོང》སོགས་གདན་རབས་སྔ་ཕྱི་བཞི་ལྷག་ཡོད། གདན་རབས་འདི་དག་གི་ནང་དུ་༧འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་མཆོག་སྐུ་འབུམ་བྱམས་པ་གླིང་དུ་སྐུ་བལྟམས་ཏེ་དབུས་སུ་སློབ་གཉེར་དུ་ཕེབས་པའི་མཛད་རྣམ་སྙིང་བསྡུས་དང་། ཁོང་ཉིད་སྐུ་འཁྲུངས་པའི་ཚེ་ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ལས་ཙན་དན་གྱི་ལྗོན་པ་ཁྱད་དུ་འཕགས་པ་འཁྲུངས་པ་ནང་རྟེན་གྱི་སྙིང་བོར་བྱས་ཏེ་གསེར་སྡོང་མཆོད་རྟེན་དང་སྟེང་དུ་ཐོག་མའི་ལྷ་ཁང་བཞེངས་པ། ཕྱིས་སུ་སྒྲུབ་སྡེ་བཏབ་ནས་འཕེལ་རྒྱས་སུ་སོང་ཚུལ། གསེར་སྡོང་ཆེན་མོས་གཙོས་གྲྭ་ཚང་བཞིའི་རྟེན་དང་བརྟེན་པ་དང་འཆད་ཉན་གྱི་རིམ་པ། ཁྲི་རབས་རིམ་བྱོན་གྱི་མཛད་རྣམ་སོགས་ཞིབ་རྒྱས་སུ་བཀོད་ཡོད་པར་མ་ཟད། གདན་རབས་འདི་དག་གི་བརྗོད་བྱའི་གནད་མང་པོ་ཞིག་བོད་སྤྱིའི་ལོ་རྒྱུས་དང་ལྷག་པར་མདོ་སྨད་ཀྱི་སྔོན་མའི་བོད་སོག་དང་། ཆོས་སྡེ་ཆེན་པོ་འདི་ཡི་ཕྱོགས་སུ་གཏོགས་པ་དང་མ་གཏོགས་པའི་དགོན་སྡེ་ཆེ་ཕྲ་མང་པོ་ཞིག་གི་ལོ་རྒྱུས་དང་མི་སྣའི་མཛད་རྗེས་ཀྱང་ཟ་དང་ཟུར་ལ་མང་དུ་བྱུང་ལ། རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་བརྗོད་བྱའི་གཏིང་ཟབ་པ་སོགས་ཁྱད་ཆོས་དང་རིན་ཐང་བླ་ན་མ་མཆིས་པས་དཔྱོད་ལྡན་དག་གིས་ཆོས་སྡེ་ཆེན་པོ་འདི་དང་གནའ་བོའི་ཙོང་ཁའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་གདོན་མི་ཟའོ།།
    རིན་ཐང་ངེས་ཅན་ལྡན་པའི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་འདི་དག་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱ་ཆེ་བའི་ཀློག་པ་པོ་དང་ལྷག་པར་རིག་གནས་ལས་རིགས་ཁྲོད་ཀྱི་དཔྱོད་ལྡན་དག་གིས་གདན་ས་འདི་ལ་རྒྱུས་ལོན་དང་ཞིབ་འཇུག་གི་གསོས་སྨན་དུ་འགྱུར་ངེས་པར་བསམས་ནས། ལོ་ངོ་བཅུ་ལྷག་གི་སྔོན་དུ་དེབ་གཟུགས་དཔེ་སྐྲུན་གྱི་འགོ་བཟུང་ཡང་རྐྱེན་སྣ་ཚོགས་ཀྱི་དབང་གིས་དོན་སྨིན་མ་བྱུང་། ད་རེས་སླར་ཡང་དགོན་པའི་དོ་དམ་ཁང་གིས་བསྐུལ་བ་ལྟར་སྐུ་འབུམ་ཟི་ན་ཚོ་བའི་དགེན་རྒྱལ་མཚན་མགོན་པོ་ལགས་ཀྱིས་དེབ་གཟུགས་པར་སྐྲུན་གྱི་དབུ་བཟུང་སྟེ། ངེད་སྐུ་འབུམ་བྱང་ཆུབ་ལོ་མའི་དཔེ་ཚོགས་རྩོམ་སྒྲིག་ཚན་ཆུང་གིས་སྐུ་འབུམ་དགོན་པའི་དོ་དམ་ཁང་གི་ཀྲུའུ་རིན་སྐྱབས་རྗེ་གཟིམ་ཁང་རིན་པོ་ཆེ་དང་ར་ཁོ་རིན་པོ་ཆེ། སློབ་གཉེར་གཞུང་ལས་ཁང་གི་འགན་འཛིན་ཤོག་པ་ཚོ་བའི་དགེ་སློང་བློ་བཟང་ཐོགས་མེད་དང་དགོན་པའི་ལས་སྣེ་དག་ལ་བློ་འདྲི་དང་བཅས་ཁོང་རྣམ་པའི་མཛུབ་སྟོན་འོག དགེན་ཁོང་གིས་མ་ཡིག་དང་དཀར་ཆག་སོགས་བསྡུ་རུབ་ཀྱིས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་ཏེ། བསང་ཁོག་འཇམ་དབྱངས་བཀྲ་ཤིས་ཀྱིས་ཡིག་གཏག་དང་རྒྱབ་རིས་སོགས་ཇུས་འགོད་དང་། གཞན་ཁྲི་ཀ་བློ་བཟང་ལྷུན་གྲུབ་དང་མགོ་ལོག་ཆོས་དབྱིངས་བཀྲ་ཤིས། བོང་སྟག་སྐལ་བཟང་མཁྱེན་རབ། ཁྲི་སྐལ་བཟང་བརྩོན་འགྲུས་བཅས་བཞི་ཡིས་ཞུ་དག་དང་རྩོམ་སྒྲིག་གི་རོགས་འདེགས་འོག་ཐོག་མའི་མ་ཞུས་དང་བུ་ཞུས། བསྐྱར་ཞུས། དཔར་ཞུས་སོགས་རིམ་པར་བརྒྱུད་སྐུ་འབུམ་གདན་རབས་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་།
    ངེད་ཅག་རྩོམ་སྒྲིག་ཚན་ཆུང་གིས་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྩོམ་སྒྲིག་དང་ཞུ་དག་གི་ལས་རིམ་ཁྲོད། གདན་རབས་སྔོན་མ་གསུམ་སྐུ་འབུམ་རང་གི་ཤིང་དཔར་ལ་གཞིར་བཟུང་སྟེ་བསྒྲིགས་པ་ཡིན་ལ། ཤིང་དཔར་མ་རྩོམ་གྱི་ནང་དུ་ཕྲད་སྦྱོར་སྟངས་དང་བྱ་བྱེད་ཀྱི་རྣམ་བཞག་སོགས་བསྡུ་དྲགས་པ་དང་། མི་མིང་དང་ས་མིང་མང་པོ་ཞིག་གི་སྔ་ཕྱིའི་སྦྱོར་ཚུལ་མི་འདྲ་བ་མང་དུ་བྱུང་བ་དག་ལས་ཡིག་སྐྱོན་ཡིན་མིན་ཐག་མི་ཆོད་པ་དག་སོར་གནས་སུ་བཞག་སྟེ་རང་སྤོབས་ཀྱིས་བཟོ་བཅོས་གང་ཡང་བྱས་མེད། ཚིག་སྦྱོར་ཐད་ནས་ཀྱང་སྐབས་དེའི་འབྲི་སྲོལ་དེང་གི་འབྲི་སྲོལ་དང་མི་མཐུན་པ་མང་དུ་འདུག་པ་དག་ཀྱང་མ་དཔེ་སོར་བཞག་བྱས་ཡོད། འོན་ཀྱང་མ་ཡིག་ལས་མཐོང་བའི་ཡིག་སྐྱོན་མངོན་གསལ་ཅན་དང་ཆད་པ་རྣམས་དག་པར་བཅོས་ནས་གུག་རྟགས་ནང་དུ་བྲིས་པ་དང་། གདན་རབས་སྔ་ཕྱིའི་ཚིག་རིས་མི་འདྲ་བ་དང་ཡིག་ནོར་དོགས་པ་ཅན་རྣམས་ལ་ཨང་ཀི་བརྒྱབ་སྟེ་གཤམ་མཆན་གྱི་ཚུལ་དུ་ཚིག་རིས་རྣམས་དྲངས་ཏེ་ཀློག་པ་པོ་དག་ལ་གསལ་བཤད་ལྟ་བུར་བྱས་ཡོད། གཞན་ཆེ་ཤོས་དཔལ་ལྡན་ལུང་རིགས་རྒྱ་མཚོས་མཛད་པའི་《དཀར་ཆག་ཀུན་གསལ་ལྟ་བའི་མེ་ལོང》གི་མ་ཡིག་ཆེ་ཤོས་བླ་བྲང་ནས་ངེད་རྩོམ་སྒྲིག་ཚན་ཆུང་ལ་ཐོག་མའི་ལག་བྲིས་མ་ཞིག་དང་དེབ་གཟུགས་ཀྱི་དཔར་མ་གཉིས་གནང་བ་ལ། ང་ཚོས་ཞུ་དག་གི་བརྒྱུད་རིམ་ཁྲོད་གཉིས་ཀར་ཞིབ་བསྡུར་བྱས་མཐར་ཐོག་མའི་ལག་བྲིས་དེ་མ་རྩོམ་དུ་བདམས་ཏེ་བསྒྲིགས་པ་ཡིན། འོན་ཀྱང་ལག་བྲིས་མ་དེ་ཁོང་གིས་ཕྱི་ལོ་1982ལོའི་ནང་མཛད་དེ་རིམ་བཞིན་ཕྱི་ལོ་1990ལོའི་བར་ཁ་སྣོན་བྱས་པ་ཡོད་ལ། གདན་རབས་སྔོན་མ་གསུམ་དང་མི་མཐུན་པའི་ལོ་ཚིགས་ནོར་འཕྱུག་ཅན་དང་། ཆད་པ་ཅུང་ཡོད་པ་ལ་ཐུན་མོང་ནས་གྲོས་བསྡུར་གྱིས་དག་བཅོས་དང་ཁ་སྐོང་བྱས་ཏེ་བསྒྲིགས་ཡོད། གོང་གི་གདན་རབས་འདི་བཞི་ལས་གཞན་སྐུ་འབུམ་ཁྲི་ཆེན་བཞི་བ་འཕན་པོ་བ་ཤེས་རབ་དཔལ་བཟང་དང་རྗེ་གྲུབ་པའི་དབང་ཕྱུག་ངག་དབང་བྱམས་པ། བཀའ་བཞི་བ་མཁས་པའི་དབང་པོ་དཔའ་རིས་རབ་གསལ་སོགས་ཀྱིས་མཛད་པའི་སྐུ་འབུམ་དཀར་ཆག་རེ་ཡོད་པར་གྲགས་པ་ངེད་རྩོམ་སྒྲིག་ཚན་ཆུང་ནས་རྩད་གཅོད་བྱས་ཀྱང་ལག་སོན་མ་བྱུང་བས་རེ་ཞིག་འཇོག་དགོས་བྱུང་། ལྷག་པར་གསལ་བཤད་ཅིག་ལ། ཕྱི་ལོ་1982ལོར་ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྐུ་འབུམ་གདན་རབས་རྒྱས་ཤོས《གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》དེ་སྐུ་འབུམ་དཔར་མ་གཞིར་བཟུང་ནས་བསྒྲིགས་པར་བཤད་ཀྱང་། ངེད་ཅག་གིས་རྩོམ་སྒྲིག་གི་གོ་རིམ་ཁྲོད་པར་གཞི་དེ་དང་སྐུ་འབུམ་ཤིང་དཔར་གཉིས་ལ་གཤིབ་བསྡུར་བྱས་དུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་སྐབས་གདན་རབས་ཀྱི་ཚིག་སྦྱོར་ཐད་ལ་འཕྲི་སྣོན་བྱས་པ་མང་ལ། ཆད་པ་ཡང་མང་དག་ཅིག་འདུག་པ་ཤེས་རྟོགས་བྱུང་།
   ད་ཐེངས་འདི་ལྟར་རྗེ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དཔེ་སྒྲིག་གི་ལས་ཀའི་འགན་བླངས་ཏེ་པར་དུ་བཏོན་མོད། ངེད་ཅག་རྩོམ་སྒྲིག་ཚན་ཆུང་གི་ལས་བྱེད་དག་ལ་ཤེས་ཡོན་གྱི་ཆུ་ཚད་ཞན་པ་དང་རྩོམ་སྒྲིག་གི་ཉམས་མྱོང་མེད་པ། དུས་ཡུན་ཐུང་ཞིང་མི་སྣ་ཉུང་དྲགས་པ་སོགས་ཀྱི་དབང་གིས་དཔེ་སྒྲིག་དང་ཞུ་དག་གི་ཐད་ཆད་ལྷག་དང་ནོར་འཕྱུག་མང་པོ་ཞིག་ཡོད་ངེས་པས། དེ་ལུགས་ཁྱེད་མཁྱེན་ལྡན་གྱི་ཀློག་མཁན་དག་གི་སྤྱན་སྔར་བཤགས་སོ་ཞེས་ཁ་ཞེ་གཉིས་མེད་ཀྱིས་ཞུ་རྒྱུ་དང་། ཕྱིས་འབྱུང་ཡོ་བསྲང་ལ་སྨན་པའི་བཀའ་སློབ་འཛེམས་ཟོན་མེད་པ་གནང་པར་ཞུ།

  ཞེས་སྐུ་འབུམ་བྱང་ཆུབ་ལོ་མའི་དཔེ་ཚོགས་རྩོམ་སྒྲིག་ཚན་ཆུང་ནས། བོད་རབ་རྒྱན་ཤིང་ལུག་ཕྱི་ལོ་2015ལོའི་ཧོར་ཟླ་12པའི་ཚེས་8ཉིན།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།