——རྒྱལ་ཡོངས་གེ་སར་ལས་སྒྲུབ་ཁང་གི་དབུ་ཁྲིད་གཞོན་པ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་བརྩམས་པའི་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་དཔྱད་པ་ཞེས་པར་ཉམས་ཞིབ་བྱེད་པ།

     བོད་ཀྱི་རབ་རྒྱན་ཤིང་མོ་ལུག་གི་ལོའི་ཟླ་དང་པོའི་ཚེས13ཉིན་དང་སྤྱི་ལོ2015ལོའི་ཟླ་བ་གསུམ་པའི་ཚེས13ཉིན་ལ་བདག་གིས་མི་ཚེ་གཅིག་ལ་རེ་སྒུག་བྱས་པའི་གེ་སར་ལོ་རྒྱུས་ལ་དཔྱད་པ་ཅུང་རྒྱས་པའི་དཔེ་ཆ་ཞིག་ལྟ་བ་དང་འབྲི་བའི་རེ་བ་སྐོམ་པས་ཆུ་བཞིན་བསྒུགས་ཀྱང་ཆེད་རྩོམ་ཙམ་མ་གཏོགས་འདི་འདྲ་རྒྱས་པ་ཞིག་མཐོང་མ་མྱོང་།མཁས་དབང་ནོར་སྡེ་དང་ཕྲན་སོགས་ཀྱིས་སྤྱི་ལོ1989ལོའི་ཟླ11པའི་ཚེས1ནས་ཚེས4ཉིན་བར་གེ་སར་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་སྐབས་དང་པོའི་ཐོག་སྐད་གསང་མཐོན་པོས་འབོད་མྱོང་བ་དང་བོད་ལྗོངས་ཞིབ་འཇུག་གི་དུས་དེབ་ཐོག་སོགས་བཀོད་མྱོང་བ་ཉུང་ཤས་མཐོང་མྱོང་། ཡིན་ནའང་གླིང་གེ་སར་གྱི་ཕ་ས་ནས་ཕེབས་པ་དང་གེ་སར་སྒྲུང་ལས་ལ་ཆེད་དུ་མཁས་པའི་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་བྲིས་པ་ནང་དོན་གསལ་ལ་ཁ་ཕྱོགས་བརྟན་པ།ལོ་རྒྱུས་དང་གཏམ་རྒྱུད་དབྱེ་མཚམས་གསལ་བོར་ཕྱེས་པ།གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་མཐའ་དཔྱད་འདིའི་ཁྱད་ཆོས་གཙོ་བོར། སྔར་གྱི་ལོ་རྒྱུས་ཡིག་རྙིང་དག་ལ་ཁུངས་བཅོལ་ཅིང་རང་རེའི་བོད་ཀྱི་མེས་པོ་མཁས་པ་དག་གི་དགོངས་དོན་བཙལ་བ་དང་གཅིག གླིང་ཚང་རྒྱལ་རབས་རིམ་བྱུང་གིས་དབང་བསྒྱུར་བྱས་པའི་ཡུལ་གྲུ་དངོས་ལ་ཞབས་ཀྱིས་བཅགས་ཏེ་གནའ་ཤུལ་ལ་བརྟག་དཔྱད་གནང་བ་དང་གཉིས། རྒྱ་ནག་གི་ལོ་རྒྱུས་དང་ས་ཁྲ་ལ་བརྟག་ནས་གནའ་བོའི་མི་རིགས་གཞན་གྱིས་གླིང་གང་ལ་འབོད་ཅིང་ཡོད་པའི་ཁུངས་བསྟན་པ་དང་གསུམ། ཁམས་ཀྱི་དགོན་སྡེ་ཁག་ཏུ་ཉར་ཚགས་བྱས་པའི་གེ་སར་རྒྱལ་པོ་དང་འབྲེལ་ཡོད་ཀྱི་གནའ་རྫས་དག་ལ་ཞིབ་འཇུག་གནང་བ་དང་བཞི།ཉེ་དུས་གླིང་གེ་སར་ཞིབ་འཇུག་སྐོར་ལ་མ་རྟོགས་ལོག་རྟོགས་འཁྲུལ་རྟོགས་གང་འདུག་འཚོལ་སྡུད་དང་དབྱེ་ཞིབ་གཏིང་ཟབ་གནང་བ་དང་ལྔ། གླིང་གེ་སར་རྒྱལ་པོ་ལ་བརྩེ་གདུང་དང་དད་པ་དག་སྣང་ཆེ་བ་དང་དྲུག དངོས་གཙོ་རིང་ལུགས་ཀྱི་ལྟ་བ་བཟུང་ནས་རྩུབ་རྟོལ་བཅུད་ལེན་གྱི་ལྟ་ཚུལ་སྤྱོད་པ་དང་བདུན། ཡི་གེ་དག་ཞིང་དཔེ་ཆ་སྐྲུན་པ་ལེགས་པ་དང་བརྒྱད་ལྡན་གྱི་གླིང་གེ་སར་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་མཐའ་དཔྱད་འདི་ནི། བོད་ཀྱི་ལོ་རྒྱུས་ཐོག་ཏུ་གེ་སར་ཞིབ་འཇུག་གི་གྲུབ་འབྲས་གསར་པ་ཞིག་ཡིན་ཞིང་། ལེགས་བྱས་འདི་ཡིས་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་ལོག་བཤད་ཆར་སྤྲིན་ལྟར་འཁྲིགས་པ་འདི་དག་ཆུ་འཛིན་རླུང་གིས་གཏོར་བའི་ནམ་མཁའ་གཡའ་དག་པ་ལྟར་གསལ་ཞིང་དྭངས་ལ་དྲི་མ་མེད་པ་ཞིག་ཡོང་བའི་བདེན་པའི་ལམ་ལ་འགྲོ་ངེས་རེད། རྩོམ་པ་པོ་ཡིས་གེ་སར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དོན་སྙིང་དེ་ཡང་རྒྱ་ཆེ་ས་ནས་བཤད་ན་གཤམ་གསལ་གྱི་དོན་ཁ་ཤས་ཡོད་པ་སྟེ། དང་པོ་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དངོས་ཤེས་རྟོགས་བྱེད་རྒྱུ་དེ་བོད་ཀྱི་གནའ་རབས་བཤེས་གཉེན་དང་ལྷག་པར་དུ་བོད་ཀྱི་ལོ་རྒྱུས་རིག་གནས་གོང་འཕེལ་ཚད་གཞིར་གདེང་འཇོག་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་བཞིན་བོད་གནའ་རབས་ཀྱི་འཚོ་བའི་གནས་ལུགས་དང་ཡུལ་སྲོལ་གོམས་འདྲིས། རྩོམ་རིག་གི་རྣམ་པ་སོགས་ལ་ཞིབ་འཇུག་བྱེད་པའི་མེ་ལོང་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། གེ་སར་གྱི་ལོ་རྒྱུས་མཛད་རྗེས་འཚོལ་ཞིབ་བྱ་རྒྱུ་ནི་བོད་ཀྱི་གནའ་རབས་སྲོལ་རྒྱུན་ཤེས་རིག་ལ་ཤེས་རྟོགས་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན། གཉིས་པ། གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུ་དེ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཞིག་ཡོད་པས། གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དངོས་གསལ་རྟོགས་བྱས་པ་ཡིས་བོད་ཀྱི་རིག་གཞུང་ལོ་རྒྱུས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཕན་ཐོགས་ཆེན་པོ་ལྡན་ཡོད། གསུམ་པ།གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་དེ་བོད་ཀྱི་གནའ་རབས་ཆོས་འབྱུང་ལོ་རྒྱུས་ཡིག་ཆར་གོ་བ་ཡང་དག་པ་ལེན་རྒྱུ་སྔོན་འགྲོའི་ཆ་རྐྱེན་བྱས་ནས་གནའ་དཔེའི་དཔྱད་ཡིག་གི་ནུས་པ་ཆེ་རུ་གཏོང་རྒྱུ། བཞི་པ།གླིང་རྗེ་གེ་སར་རྒྱལ་པོའི་ཁུངས་བཙན་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཚེ་བོད་ཀྱི་གནའ་བོའི་བསམ་བློའི་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ཐུབ་པ་བཅས་ཀྱི་དོན་སྙིང་ལྡན་པར་སེམས་སོ།།

    ཤེས་བཀྲ་གཟུགས་བཟང་གི་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་སྒྲུབ་ཐབས་བཞི་ནི་ཧ་ཅང་གལ་ཆེ་བའི་མྱོང་ཚོར་ཕྲན་བུ་བ་ལ། སྤྱི་ལོ1982ལོ་ནས་མགོ་བཟུང་ནང་ཆེན་རྒྱལ་སྲས་ཨ་ཆེན་རིན་པོ་ཆེའི་དགོངས་པ་དང་ཁུལ་ཨུའི་དབུ་ཁྲིད་ཁྲི་འདུ་བ་འཆི་མེད(清明)ཀྱིས་ཐག་བཅད་དེ་ཕྲན་གྱིས་ཁུལ་ལོ་རྒྱུས་ལས་ཁུངས་ནང་བྱ་བ་བྱས། དེ་ནས་བཟུང་གེ་སར་ལྟ་བུ་བོད་ཀྱི་ལོ་རྒྱུས་མི་སྣ་བགྲང་ལས་འདས་པའི་ལོ་རྒྱུས་མཐོང་། ཁྱད་པར་དུ་སྤྱི་ལོ2013ལོའི་ཟླ་བ6པའི་ཚེས10ཉིན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པར་འཇལ་སྐབས། ཁོང་གིས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པ་ཤེས་པ(ཀརྨ་པ 1204ནས1283)

    དགུང་ལོ12སམ་སྤྱི་ལོ1214ལོར་མདོ་ཁམས་ས་ཡི་ཐིག་ལེ་འདམ་ཁ་ཤིས་གོང་ཟེར་བ་ད་ལྟ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ(ཁམས་སྟོད)བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་འདམ་གཞུང་ཤོག་ཡོ་ཉིན་རུ་ཁག་གི་ས་ཆ་ནས། དཔལ་ཀརྨ་པ ་རིན་པོ་ཆེ་དགུང་ལོ12དུས་གླིང་གེ་སར་རྒྱལ་པོའི་མཛད་པ་མང་པོ་མཁྱེན་ནས་གེ་སར་ནི་དགྲ་ལྷ་ལྟ་བུར་བསྒོམས་ནས་སེང་ཆེན་སྐྱེས་བུ་དོན་འགྲུབ་ལ་བསང་མཆོད་འབུལ་བའི་དེབ་ཆུང་མཛད། བསང་གི་དབུ་ནས་གེ་སར་སྐྱེས་བུ་དོན་འགྲུབ་ཁོང་ནི་རིགས་གསུམ་མགོན་པོའི་སྐྱེ་བ་ཞེས་པ་སོགས་ཀྱི་བསྟོད་པ་མཛད་པར་མ་ཚད། དབུ་སྐྲ་ཉི་ཁྲི་དགུ་འབུམ་ལ།། འཇའ་ཚོན་ཉི་ཁྲི་དགུ་འབུམ་བཞུགས༎མ་དང་མཁའ་འགྲོ་འདུས་པའི་རྟགས༎ དེ་ནས་ཕྲག་པ་གཡས་དང་གཡོན།ལྟེ་བ།པུས་མོ་གཡས་གཡོན་བཅས་སྐུ་ལུས་ཡོངས་ལ་བསྟོད་པ་དང་ལུས་ལྷ་འདུས་པའི་རྣམ་པ་གསུང་ནས་མཆོད་པ་ཕུལ། འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོ་ཚང་མས་དཔའ་བོ་དཔའ་མོ་མང་པོ་དང་པོ་འགྲོ་བ་མི་ཡིན་པ་རྗེས་ནས་ག་ལེ་ག་ལེར་ཕྱིན་ན་ལ་ལ་ལྷ་ལ་བསྒྱུར་བ་དང་ལ་ལ་འདྲེ་ལ་བསྒྱུར་བ་རེད། འོན་ཏེ། གླིང་རྗེ་གེ་སར་རྒྱལ་པོ་ནི་ལྷ་སྒྲུང་ལ་བསྒྱུར་ནས་དགུན་ངོ་གངས་སྒྲིལ་ལྟར་ཇེ་ཆེ་ཇེ་ཆེར་གྱུར་ནས་ད་ལྟ་འཛམ་གླིང་ཐོག་ཆེས་རིང་བའི་སྙན་རིང་དུ་གྱུར། དེ་དག་གི་བརྒྱུད་རིམ་རྩོམ་པ་པོས་དཔེ་ཆའི་ནང་དུ་གསལ་བོར་བསྟན་ཡོད། ཁྱད་པར་དུ་ཀརྨ་པ ས་མཛད་པའི་བསང་ཡིག་ལས། ང་ཚོ་བོད་རིགས་ཀྱི་ལོ་རྒྱུས་ནང་བསྟན་པ་ཕྱི་དར་དང་བོད་སིལ་བུའི་སྐབས་བོད་ལ་གཅིག་གྱུར་གྱི་རྒྱལ་པོ་མེད་པས་གླིང་གེ་སར་ལྟ་བུ་མི་རིགས་ཀྱི་བསམ་པའི་ནང་དཔའ་བོ་ལ་གྱུར། དཔེར་ན། གླིང་རྗེ་གེ་སར་རྒྱལ་པོ་མཆོག་དུས་རབས་བཅུ་གཅིག་པའི་ནང་སྐུ་འཁྲུངས། མཛད་པ་ཐབས་ཅད་ལྒ་ལྡན་སྐྱུར་གསུམ་ཡུལ་ལ་བཞག གསལ་བོ་བཤད་ན་རྩོམ་པ་པོས་བསྟན་པའི་ས་ཁྲ་ལས་གསལ། ཁམས་གླིང་ཚང་གི་མཛད་རྣམ་ལ་གཞིར་བྱས་ནས་དུས་རབས་བཅུ་གཉིས་པ(1100)ནས་མགོ་བཟུང་སྟེ་ལྷ་སྒྲུང་ལ་སྒྱུར་མགོ་ཚུགས། དུས་རབས་བཅུ་གསུམ་པའི(1200)ནང་ཁམས་ཕྱོགས་ནས་གེ་སར་རྒྱལ་པོ་ལྷ་སྒྲུང་ལ་བསྒྱུར། དཔལ་ཀརྨ་པ་སྐུ་ཕྲེང་གཉིས་པའི་རྣམ་ཐར་ལས་གསལ། སྐུ་ཉིད་དགུང་ལོ12སྐབས་བོད་ཡིག་ཡག་པོ་མཁྱེན་པ་དང་ཁྱད་པར་དུ་ནང་པའི་ཆོས་ཡག་པོ་མཁྱེན། གླིང་རྗེ་གེ་སར་རྒྱལ་པོའི་མཛད་པ་མང་པོ་ཐོས་མྱོང་བས་མ་ཚད་ཁོང་གི་དགོངས་པ་ལས་དགྲ་ལྷ་ཞིག་ཡིན་པར་མཛད། སྐུ་ཉིད་ས་མགོ་ཧ་ཅང་མཐོ་སར་སླེབས་སྐབས་སྐུ་ལུས་མི་བདེ་བ་དང་གནམ་གཤིས་མི་བཟང་བ། ཐ་ན་བསམ་ཡིད་ལས་འདས་པའི་སྡུག་བསྔལ་མྱོང་སྐབས་གེ་སར་དགྲ་ལྷ་ལ་གྱུར་ནས་སྐུ་ཉིད་སྐྱབས་པའི་རྣམ་པ་ཤར་བའོ༎ དེ་བས་རྩོམ་པ་པོས་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་དོན་ཚན་ནམ་ལེའུ་ལྔ་བྲིས་འདུག གཅིག གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དང་སྒྲུང་གི་གནད་དོན་སྐོར། གཉིས།དེང་དུས་གླིང་གེ་སར་གྱི་བཤད་སྲོལ་སྣ་ཚོགས་ཀྱི་སྐོར། གསུམ།གནའ་བོའི་གླིང་ཡུལ་གྱི་ཁྱབ་ཁོངས་ཀྱི་སྐོར། བཞི། གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དཀའ་གནད་འགའ་ཞིག་གི་སྐོར།ལྔ།གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་ཀྱི་མཐའ་དཔྱད་ཅེས་པ་དོན་ལྔ་ཡིས་གེ་སར་རྒྱལ་པོ་ནི་མི་ངོ་མ་ཡིན་པ་དང་ས་གནས་གང་ལ་བྱུང་བ། རིགས་རྒྱུད་གང་གི་ཡིན་པ་སོགས་ཁ་གསལ་བོས་བསྟན་ཡོད། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་མི་ཚན་བཞིར་གྱེས་པའི་ནང་གི་ལྡོང་ཞེས་པ་དེ་ལ་ཨ་སྤོ་ལྡོང་ཞེས་ཟེར་ལ། ཇི་སྐད་དུ། ལྡོང་ཆེ་གཉན་ཅན་ཞེས་དབུ་འཕང་མཐོ། ཞེས་པ་དང་། རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་། བར་ཁམས་ཀྱི་ས་ཆ་འདི་ནི་ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟབ་མོའི་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ། གླིང་ཁྲི་གོང་མའི་ས་ཁམས་སྟོད་འབྲི་ཀླུང་གི་ས་ཆ་ཡིན། ལྡོང་གླིང་པ་དེ་ལ་ཆེ་རྒྱུད་དང་འབྲིང་རྒྱུད། ཆུང་རྒྱུད་གསུམ་ཡོད། ཆེ་རྒྱུད་ཀྱི་དཔོན་པོ་སྟག་རོང་གི་གཟིག་འཕེན།(འཕྲོ་མ་པར་ངོས19པར་གཟིགས།)

       མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས18པ།2015·07·24།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག