(པར་ངོས18པར་མཐུད་པ།)འབྲིང་རྒྱུད་ཀྱི་དཔོན་པོ་འབྲི་རོང་གི་སྟག་ལྷ། ཆུང་རྒྱུད་ཀྱི་དཔོན་པོ་བླ་རོང་ཨ་མྱེ་ཁྲ་རྒན་ཁྲོ་བོ་ཞེས་ཁྲོ་བོ་འདི་ནི་བོན་པོའི་རིག་འཛིན་ཞིག་ཡིན་ལ། དེའི་སྟེང་དུ་བཙད་པོ་དབུ་རིགས་ཀྱི་ས་སྟག་ནམ་མཁའ་གཟུངས་དང་། རླངས་སྟོན་པ་ཨར་མི་དབང་ཕྱུག་བྱང་ཆུབ་ཀྱི་དྲུང་ནས་ཆོས་དང་། འཆི་མེད་ཚེ་ཡི་དབང་མཆོག་དང་གདམ་པ་ཟབ་མོ་ཐོབ་པ་ཞིག་ཡིན་ཞིང་ཚེ་ཤིན་ཏུ་རིང་བའི་ཚད་ཅིག་ཡིན་པས་ཁྲོ་རྒན་ཟེར་ཞིང་། མིང་དངོས་ལ་ཁྲོ་བོ་སྐྱབས་ཞུ། དེའི་སྲས་ཆེ་བ་ཁྲོ་བོ་འཕན་ནི་ཁྲོ་ཐུང་ཡིན། འབྲིང་བ་སེང་བློན་དང་། ཆུང་བ་སྣང་ཆུང་གཡུ་སྟག་ཡིན། སེང་བློན་དང་རྒྱ་བཟའི་སྲས་རྒྱ་ཚ་དང་། འགོག་མོའི་བུ་ཇོ་རུ་ཡིན། ཁོང་ཆུང་ཐེ་གེ་ཙམ་ནས་ཕོ་རྩལ་སྣ་དགུ་དང་ལྡན་ཞིང་སེང་ཆེན་འདྲ་བས་སེང་ཆེན་ནོར་བུ་དགྲ་འདུལ་བཏགས། བཙུན་མོ་འབྲུག་མོ་བླངས། བློན་པོ་གླིང་ཆུང་རྒྱུད་ཀྱི་ཚ་བོ་དང་ཞང་པོ་གཉིས་ཀར་གྱུར་པའི་ལྒ་དཔའ་ཐུལ་ཚ་ཞང་འདན་མ་བྱང་ཁྲ་དང་། སྦྲ་དཔའ་ཡང་ཐུལ་སྐྱེས་མཆོག་ཐར་པ་དང་། སྦྲ་སྐྱེས་མཆོག་སྦྲ་ཚ་ཤར་ཡག་དང་། སྦྲ་ཨ་བསེ་སྐྱེན་པོ་འཐེབ་དྲུག་རྣམས་བློན་ཆེན་ཡིན། ཁྱད་པར་དུ་གླིང་གེ་སར་ནི་རླངས་སྟོན་པ་ཨར་མི་བྱང་ཆུབ་འདྲེ་བཀོལ་གྱི་དམ་པའི་ཆོས་ཀྱི་སློབ་མར་གྱུར་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ལ། བོན་གྱི་གྲུབ་ཐོབ་ཆེན་པོ་ཡང་ཡིན་པས་གནམ་སྔོན་རྒྱལ་མོ།རྨ་རྒྱལ་སྤོམ་ར། ཨ་བོ་གེར་མཛོད་སོགས་ཡུལ་ལྷ་རྣམས་ཀྱིས་སྡོང་གྲོགས་མཛད་པ་ལ་སྐད་ཅིག་གཡེལ་བ་མེད། གླིང་ཁྲི་གོང་མའི་རྗེ་དཔོན་ནི་སྔོན་འབྲི་ཀླུང་ཉིན་ཕོ་བྲང་ཆེན་མོ་ལྕགས་ར་བསམ་འགྲུབ་རྩེར་གླིང་ཆེན་པོ་བདག་དྲུང་གི་བར་དུ་ཡོད། དེའི་གདུང་རྒྱུད་ཞབས་དྲུང་བ་རུ་བསོད་ནམས་བཟང་པོ་ཡིན། དེའི་རྒྱུད་པ་སྡེ་དགེ་རྒྱལ་པོ་ཡིན། ཡང་བར་ཁམས་གླིང་གི་རྒྱུད་པ་ས་སྐྱོང་བླ་མ་རིག་འཛིན་མགོན་པོ་ལྷུན་གྲུབ་ཞེས་རྙིང་མའི་བླ་མ་ཡིན། ཀརྨ་ཆགས་མེད་བཞུགས་པའི་སྐབས་ཀྱི་གདུང་རིགས་ཡིན། གླིང་ཁྲི་བར་མའི་གདུང་རིགས་ནི་འབྲི་ཀླུང་ཉིན་གྱི་གླིང་མཁར་རག་སྟག་ཕོ་བྲང་དུ་བཞུགས་པའི་རྗེ་རིགས་རྣམས་ལས་དེང་སྐབས་སུ་གླིང་རྗེ་རིན་ཆེན་དང་། གླིང་དཔོན་མགོན་པོ་ཐར་སྐུ་མཆེད་ད་ལྟ་བཞུགས་པ་འདི་ལེགས་སོ། ། འདིའི་རིགས་ཤིག་ལ་པདྨ་ཚེ་བརྟན་ཟེར་བ་མགོ་ལོག་ཡུལ་དུ་འཁྱམས་ནས་བུ་དང་འཁོར་མང་། ཁོ་རང་ཡང་དཔའ་རྩལ་ཆེ། མགོ་ལོག་གསུམ་གླིང་དང་བཞི། མ་ཚད་རྗེ་དང་འདྲ་འདྲ་ཡིན། ཚད་ན་རྗེ་ཡི་ལྷག་པ་ཡིན། ཟེར་བ་དེ་བྱུང་ལ། དེའི་མི་རྒྱུད་ནི་ད་ལྟའི་དབང་ཆེན་སྟོད་མའི་གླིང་འདི་རྣམས་ཡིན། ཡང་བར་སྐབས་གཤེད་དུ་གླིང་བར་པ་འདིའི་རྗེ་རིགས་ལྷ་དབང་ཟེར་བ་ཞིག་བུད་དེ་འོངས་ནས་མགོ་ལོག་སྨར་རོལ་ཉིན་གྱི་སྨུག་ཆེན་ཨ་ལྤི་ནང་དུ་བསྡད་པར་དེའི་བུ་ཆེ་བ་ཚེ་དབང་དང་།ཆུང་བ་མགོན་པོ་དབང་གཉིས་ཡིན། ཚེ་དབང་ལགས་སོག་པོས་བཙོན་དུ་བཟུང་ནས་ཁྱེར་བའི་རྗེས་ནས་སོག་མོ་ཞིག་ཁྲིད་ནས། ཡར་རང་ཡུལ་དུ་སླེབས་པར་སོག་པོ་ཚང་དང་། མགོན་དབང་གི་མི་རྒྱུད་ལ་གླིང་ཟེར་བ་ཡིན་ཀྱང་། སྔ་མའི་མི་རྒྱུད་ལ་སོག་པོ་སྐལ་བཟང་འབུམ་དེས་ཨ་སྐྱོང་གཟའ་སྐར་སྐྱིད་བསུས་ནས། དེ་ལ་བུ་བདུན་ཡོད་པའི་མི་རྒྱུད་ལ་ཕོ་རྩལ་སྣ་དགུ་འཛོམས་པ་མང་དུ་ཡོད་པས་ད་ལྟའི་སོག་པོ་ཁ་གསུམ་རྣམས་སོ༎དེའི་བུ་ཆུང་བ་སོག་པོ་ཀླུ་ཁོ་ཞེས་མི་བློ་རྩལ་གྲུང་པོ་ཅན་དེ། རྒྱ་ཡི་གམ་དུ་ཐེགས་ནས་ཁོ་ཡི་སྤུན་བླ་མ་པདྨ་འཕྲིན་ལས་ལ་མགོན་པོ་རང་འཁོར་དུ་ཡོད་པ་དང་། གྲུབ་རྟགས་མངོན་སུམ་དུ་བསྟན་ནས་སྨུག་ཆེན་ཨ་ཏེ་མགོ་མན་དང་། དྲེས་མགོ་ཡན་གྱི་ས་དང་མི་སྡེ་དབང་བའི་བཀའ་ཤོག་གནང་ནས་ཡར་སྐྱེལ་མཛད་དོ།། བླ་མ་དེའི་དཔོན་རིགས་མང་དུ་ཡོད་པའི་གྲུབ་ཐོབ་ཡང་འགའ་བྱུང་། དེ་ཡི་ཕྱི་མའི་མི་རྒྱུད་ལ་གླིང་བཀྲ་ཤིས་འབུམ་དང་། དེའི་བུ་གླིང་བླ་མ་དྲི་མེད་དང་། རིག་འཛིན་ཞེས་དཔལ་ཡུལ་བླ་མ་པདྨ་ནོར་བུའི་དངོས་སློབ་བྱུང་། འདི་འདྲ་བ་བོད་ཡུལ་གྱི་ས་ཆ་མང་པོར་བགྲང་རྒྱུ་ཡོད། དེ་ཕྱོགས་ལྟ་བུའི་ཐད་རྩོམ་པ་པོས་དམངས་ཁྲོད་གཏམ་རྒྱུད་དང་དོན་སྙིང་ནན་པོའི་ཐོག་གི་ལོ་རྒྱུས་གཉིས་དབར་ངོ་བོའི་ཁྱད་པར་ཡོད་རུང་། དམངས་ཁྲོད་གཏམ་རྒྱུད་དེ་ཡང་སྤྱིར་ན་མིང་འདོགས་ས་ཡོད་པ་ཞིག་ཡིན་ཞིང་། དེའི་ནང་རེ་འགའ་ནི་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣ་ཡིན་པ་དང་། ལོ་རྒྱུས་དོན་རྐྱེན་བྱུང་བའི་ཞིབ་ཕྲའི་དུས་ཚོད་དང་ས་གནས་ཡོད་པ་ཞིག་ཡིན་ལ། འགའ་རེ་ད་རུང་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཆེན་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེས་ན་དམངས་ཁྲོད་གཏམ་རྒྱུད་ལ་ལྷ་རབས་གཏམ་རྒྱུད་ཀྱི་གྲུབ་ཆ་ལྡན་རུང་ལོ་རྒྱུས་ཀྱི་གཞི་འཛིན་ས་མེད་པར་རང་སྣང་གར་ཤར་གྱིས་བརྩམས་པ་ཞིག་མིན་པར་དེ་ཡང་ལོ་རྒྱུས་ཀྱི་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡིན་པར་སྙམ།དེ་བས་དཔྱད་རྩོམ་འདིའི་ནང་གེ་སར་གྱི་མི་རྒྱུད་འཛིན་རྒྱུ་ཡོད་པ་རྣམས་ཧ་ཅང་གསལ་བོས་བསྟན་ཡོད་པས་གེ་སར་ལ་ཞིབ་འཇུག་མཁན་དང་ཕྱི་རབས་པ་རྣམས་ལ་ཤིན་ཏུ་གལ་ཆེའོ། ། ཡང་གླིང་ཡུལ་ངོས་འཛིན་ཚུལ་དང་།དེང་དུས་ཀྱི་གླིང་ཚང་དང་གནའ་བོའི་གླིང་ཡུལ་བར་གྱི་འབྲེལ་བ། ཡིག་ཚང་རྙིང་བ་ཁག་ལས་བསྟན་པའི་གླིང་ཡུལ་སྐོར། གེ་སར་སྒྲུང་ལས་བསྟན་པའི་གླིང་ཡུལ་སོགས་ཀྱི་སྐོར་ལ་དབྱེ་ཞིབ་བྱས་པ་དང་། གེ་སར་གྱི་ལོ་རྒྱུས་དང་འབྲེལ་བའི་གནའ་ཤུལ་གྲགས་ཅན་དང་། ལོ་རྒྱུས་དང་འབྲེལ་བའི་རྩ་ཆེའི་རིག་དངོས་གནའ་རྫས་སྐོར་ལ་དབྱེ་ཞིབ་བྱས་ནས་གླིང་རྗེ་གེ་སར་ལགས་ཀྱི་མཛད་རྗེས་དང་ལོ་རྒྱུས་དངོས་ར་སྤྲོད་བྱས་འདུག ཁྱད་པར་དུ་ང་ཚོ་བོད་ལ་སྔ་མོ་ཅུང་དཀོན་པའི་ས་ཁྲའི་ཐོག་གི་གླིང་ཚང་གསལ་བོར་བསྟན་འདུག ཁམས་གླིང་ཚང་ལ་རྒྱ་ནག་ཡི་གེར(灵藏)ཞེས་བྲིས་པ་འདི་ཧོར་གྱི་དུས་སུ་ཡིན་པས་ཁམས་ལ་གླིང་ཚང་གི་ཤོག་ཁ་འདི་ལྡན་ཁོག་ལ་ཅུང་ཉེ་བས་ཤིན་ཏུ་བདེན་པ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་སྐབས་ང་རང་ཉིད་བརྟག་དཔྱད་བྱས་ནས་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་འོད་གསར་པའི་མེ་ལོང་ལས་ངོ་སྤྲོད་པའི་གླིང་ཚང་གདུང་རབས་དྲུག་ཅུ་རེ་ལྔ་པ་འཇིགས་མེད་དབང་འདུས་ད་ལྟ་རྒྱ་ནག་ཁྲེན་ཏུར་ཞལ་བཞུགས་བཞིན་ཡོད་གསུངས་པར་ཡིད་ཆེས་དང་མཇལ་བའི་སྐལ་བ་སྨིན། ཡང་དཔྱད་རྩོམ་ལས་སྔ་རབས་ཡིག་ཚང་དང་རྣམ་ཐར་ཁག་ལས《བསྟན་འགྱུར་གྱི་སྒྲ་རིག་པའི་སྡེ་ཚན་གཤམ་དུ་བཞུགས་པའི་དག་ཡིག་སྨྲ་སྒོ་མཚོན་ཆ》ལས། རྒྱ་གར་གྱི་པ ་ཏ་ནོར་བཟང་གྲགས་པས《ཙནྡྲ་བྱ་ཀ་ར་ནའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ་ཞེས་བྱ་བ》ཞིག་བརྩམས་པ་ལས་འདི་དང་དཔལ་ལྡན་ན་རོ་པ་གཉིས་ཀྱི་སློབ་མ་པ ་ཏ་སྨྲྀ་ཏི་ཏིཛྙ་ན་ཀིརྟི་དྲན་པའི་ཡེ་ཤེས་གྲགས་པ་བོད་དུ་ཕེབས་ནས་འབྲོམ་སྟོན་པ(1004ནས1064)དང་། གླིང་གེ་སར(1002ནས1084)གྱི་སློབ་དཔོན་མཛད་ཅེས་འཁོད་ཡོད་ཟེར་བ་ནི་གེ་སར་དགུང་ལོ་བཞི་བཅུའི་སྐབས་ཡིན། གེ་སར་འཁྲུངས་པའི་ལོ་ཁམས་ནི《འཁྲུངས་གླིང་མེ་ཏོག་ར་བ》ལས་ཡབ་སེང་བློན་རྒྱལ་པོ་དང་ཡུམ་འགོག་བཟའ་གཉིས་ལས་རབ་བྱུང་ཚུགས་ཁའི(ཆུ)སྟག་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ཉིན་པར་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས། འཇའ་འོད་ཀྱི་གུར་ཕུབ་པ་དང་བཅས་པའི་རྟེན་འབྲེལ་བཟང་པོ་མངོན་པ་དང་ཆབས་ཅིག ཁྱེའུ་ལོ་གསུམ་ལོན་པ་ཙམ་བལྟ་བས་ཆོག་མི་ཤེས་པ་སྤྱན་མིག་ཁྲ་ཅེ་རེ་ཡོད་པ་ཞིག་ལེགས་པར་སྐུ་འཁྲུངས་ཞེས་པ་ལས་གསལ་ལོ། །དེ་ཡང་གངས་ལྗོངས་ཁྱོན་དང་ཁྱད་པར་དུ་ཁམས་ཕྱོགས་ཀྱི་ཡུལ་གྲུ་ཀུན་ལ་གླིང་རྗེ་གེ་སར་གྱིས་གཙོས་པའི་དཔའ་རྟུལ་སུམ་ཅུ་སོགས་ཀྱི་ལོ་རྒྱུས་མཚོན་པའི་གནའ་ཤུལ་དང་། གནའ་རྫས། ཐ་ན་ཞབས་རྗེས་དང་། ཕག་རྗེས། རྟ་རྗེས་སོགས་ཤུལ་རྟེན་རྩ་ཆེན་མཇལ་རྒྱུ་ཡོད་པ་དེ་དག་གླིང་རྗེ་གེ་སར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པས། དེ་དག་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

    ཚང་མས་ཤེས་གསལ་ལྟར། ལོ་རྒྱུས་ནི་གནས་ཚུལ་བྱུང་རབས་ལ་གོ་དགོས་པས་དེ་ནི་འདས་ཟིན་པའི་གནས་ཚུལ་ཤེས་བྱེད་ཡིན། དེ་ལ་ཡི་གེ་བྲིས་པ་དང་། ངོས་ལ་བརྐོས་པ། སྒྲ་རུ་ཕབ་པ། རིས་སུ་བཀོད་པ་སོགས་མཚོན་བྱེད་སྣ་ཚོགས་ཡོད་མོད། མཚོན་བྱེད་གཙོ་བོ་ནི་གོམས་པའི་དགོས་དབང་གིས་ལོ་རྒྱུས་ཡིག་ཆ་ལ་ཟེར། སྤྱིར་ན་གང་ཞིག་ལ་ལོ་རྒྱུས་ཟེར་བ་འདི་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་བརྗོད་གཞི་ཞིག་ཡིན། ང་ཚོས《གླིང་གེ་སར་རྒྱལ་པོའི་སྒྲུང》ལ་ཞིབ་འཇུག་བྱེད་སྐབས་ཀྱང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་། རིག་དངོས་རྟོག་ཞིབ་ཀྱི་ལས་དོན་གཏིང་ཟབ་ཏུ་འགྲོ་བ་དང་ཕྱོགས་མཚུངས་གླིང་རྗེའི་འཁྲུངས་རབས་ལོ་རྒྱུས་སྐོར་གྱི་དོན་དངོས་ངོས་འཛིན་ཟབ་ཏུ་འགྲོ་བ་དང་།མི་རིང་བར་དཔྱད་རྩོམ་འདི་ཡི་ལྟ་བ་དང་གཅིག་གྱུར་གྱི་ལྟ་བ་འབྱུང་ངེས་ཡིན་པ་སྨོས་ཅི་དགོས། སྤྱིར་ལོ་རྒྱུས་སྐོར་ལ་ངོས་འཛིན་གཅིག་གྱུར་བྱེད་རྒྱུ་ནི་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་ཡང་། དེ་ནི་ཡང་སྐོར་བསྐྱར་སྐོར་གྱི་ངོས་འཛིན་གོ་རིམ་བརྒྱུད་དགོས་པ་ཞིག་ཡིན། ལོ་རྒྱུས་ལ་ངོས་འཛིན་བྱེད་པའི་བདེན་པའི་རང་བཞིན་ཡང་བལྟོས་བཅས་ཤིག་ཡིན། འོན་ཏེ་ལོ་རྒྱུས་ཀྱི་དཔྱད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་། ལོ་རྒྱུས་ལྟ་བ་ཡར་རྒྱས་འགྲོ་བ།མིའི་རིགས་ཀྱི་ངོས་འཛིན་ནུས་པ་མཐོ་རུ་འགྲོ་བ་དང་ཆབས་ཅིག་ངོས་འཛིན་གསར་པ་ལོ་རྒྱུས་ཀྱི་དོན་དངོས་དང་ཐག་ཇེ་ཉེར་ཕྱིན་ཏེ། བལྟོས་བཅས་ཀྱི་བདེན་པ་ནས་བལྟོས་མེད་ཀྱི་བདེན་པར་རིམ་བཞིན་འགྱུར་བ་ཞིག་ཡིན་པ་དང་།ལོ་རྒྱུས་ཀྱི་ངོས་འཛིན་ནི་བལྟོས་བཅས་ཀྱི་བདེན་པ་ནས་བལྟོས་མེད་ཀྱི་བདེན་པའི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན། དེར་བརྟེན། རླབས་ཆེ་བའི་མིའི་རིགས་ཀྱིས་ལོ་རྒྱུས་ལ་ངོས་འཛིན་བྱེད་རྒྱུ་ནི་མུ་མཐའ་མེད་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་མེད་བརྗོད་གཞི་ཞིག་ཡིན།དེ་རིང་ང་ཚོས་མཁས་དབང་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱི་དཔྱད་རྩོམ་འདི་ལ་བལྟས་རྗེས་མགྲིན་པ་གཟེངས་སུ་བསྟོད་ནས། ཁྲ་མོ་གླིང་ནི་འབྲི་ཟླ་སྒང་ལ་ཆགས༎གེ་སར་རྒྱལ་པོ་ལྡོང་གི་རྒྱུད་ལ་འཁྲུངས༎མཆོག་གིས་མཛད་པ་སྒང་པ་བོད་ལ་བཞག། མང་ཚོགས་སེམས་ལ་ཝ་ལེར་གསལ་ནས་ཡོད༎ཅེས་འབོད་ཆོག་གོ། སརྦ་མངྒ་ལམ།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས19 པ།2015·07·24།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག