དང་པོ། ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོའི་མཛད་རྣམ་མདོར་བསྡུས།

  རྗེ་ཁོང་ཉིད་སྐུ་མ་འཁྲུངས་པའི་སྔོན་ནས་བཟུང་སྐྱེས་ཆེན་དམ་པ་གང་མང་ཞིག་གིས་མ་འོངས་པར་གངས་ལྗོངས་ཙོང་ཁའི་ཡུལ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བར་ཐུགས་རྒྱུད་ཀྱི་ཡོན་ཏན་ཟབ་པོའི་རྒྱལ་བ་གཉིས་པ་ཞིག་འཁྲུངས་པར་མཚན་དང་ལུང་མང་དུ་གསུངས་ཡོད་དེ། 《རྣམ་ཐར་སྐལ་ལྡན་པད་ཚལ་རྒྱས་པའི་འོད་སྟོང》ལས་ཀྱང"ཁ་ཅིག་འདི་མཁས་མཆོག་དབྱིག་གཉེན་ལུང་བསྟན་པའི་ཚིག་ཡིན་གསུངས་ཀྱང་། ཡི་གེ་དང་པོ་བར་གྲགས་པ་མཚུངས་ཀྱང་། གྲགས་པ་འཛིན་པར་ཤེས་པར་བྱ། ཞེས་འབྱུང་བའི་དབྱིག་གཉེན་གྱི་མཚན་ལ་གྲགས་པ་ཞེས་མི་འབྱུང་བས་རྗེ་ཉིད་ཀྱི་ལུང་བསྟན་དུ་འཁྲུལ་བ་མེད་དོ།"① ཞེས་གསུངས་ཡོད། ཡང《ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ》ལས། "བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །"ཞེས་དང་། 《མདོ་སྡེ་རྒྱན》ལས། "དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་སྟེ། །བཤད་པའི་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །"② ཞེས་ཁོང་ཉིད་ཀྱིས་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་གསོལ་བའི་མཚན་ཡང་གསལ་བོར་བསྟན་པ་བཅས་ལུང་མང་དུ་བསྟན་ཡོད།

  སྤྱི་ལོ1357བོད་རབ་བྱུང་གསུམ་པའི་མེ་བྱ་ལོར་མདོ་ཁམས་སྨད་ཀྱི་ཤར་ཙོང་ཁའི་ཡུལ་ཞེས་བྱ་བ་རུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་སུ་ངོ་མཚར་གྱི་ལྟས་ཅི་མ་དང་ལྡན་པའི་སྒོ་ནས་འཁྲུངས་ཤིང་། དེ་ནས་ལོ་གསུམ་ཙམ་ན་ཆོས་རྗེ་ཀརྨ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་སྙིང་པོ་གསོལ། ཆོས་རྗེ་དོན་འགྲུབ་རིན་ཆེན་ལ་སྔོན་ནས་བཟུང་ལྟས་དུ་མ་བྱུང་བའི་དབང་གིས་རྗེ་ཉིད་ཀྱི་ཡབ་ཡུམ་ལ་རྟ་ལུག་སོགས་ཟིང་ཟིང་གི་སྤྱིན་པ་དཔག་མེད་མཛད་ནས་ཁོང་གཉིས་ཀྱི་བུ་སྤྲོ་བ་དང་བཅས་ཆོས་རྗེ་དོན་འགྲུབ་རིན་ཆེན་ལ་ཕུལ་ཞིང་། ཆོས་རྗེ་ཉིད་ཀྱིས་རྗེ་བདག་ཉིད་ཆེན་པོ་འདི་བསྟན་པ་རིན་པོ་ཆེའི་བདག་པོར་འགྱུར་བའི་ཆེད་དུ་ཐུགས་དགོངས་ཟབ་མོ་བཏང་ནས་འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་ཅིང་། ཆུ་བྱི་ལོ་སྟེ་སྤྱི་ལོ1372ལོར་དབུས་གཙང་ཕྱོགས་སུ་འབྱོན་པར་བརྩམས་པའི་ཚེ་ཡང་ཆོས་རྗེ་ཉིད་ཀྱིས་ཕྱི་དངོས་པ་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་སྦྱར་ཡོད། དགུང་ལོ་བཅུ་གསུམ་ནས་བཟུང་སྟེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་སྤེལ་དུ་གཏོང་བའི་ཆེད་དུ་གྲུབ་མཐའ་ལ་ཕྱོགས་རིས་མེད་པར་ཐུན་མོང་གི་རིག་གནས་དང་སྒོས་སུ་ཟབ་མོ་མདོ་སྔགས་ཀྱི་ཆོས་ལ་སྐོམ་པའི་ཆུ་བཞིན་དུ་སྦྱངས་ཤིང་། ཡུལ་ག་གེ་མོ་ན་གཞུང་གང་ལ་མཁས་པའི་བླ་མ་ཆེན་པོ་ཡོད་ཚེ་རྗེ་ཉིད་ཀྱིས་ལམ་གྱི་དཀའ་ཚེགས་དང་བཀྲིས་སྐོམ་ལྟོགས་གསུམ་གྱི་དཀའ་ངལ་ཁྱད་དུ་བསད་དེ་སྟོད་ནས་སྨད་དང་སྨད་ནས་སྟོད་ལ་ལན་བརྒྱ་ཕྲག་ཏུ་ཕེབས་ཤིང་དགེ་བའི་བ་ཤེས་གཉེན་མང་པོར་བསྟེན། ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་ཆོད་རག་བར་དུ་ཆོས་ལ་ཚིམ་པ་མེད་པར་སྦྱངས། 《ཐུའུ་བཀྭན་གྲུབ་མཐའ》རུ་མང་དུ་ཐོས་པ་ལུང་གི་ཡོན་ཏན་ལ་མངའ་བརྙེས་པའི་ཚུལ་བརྗོད་དུས"བཤེས་གཉེན་མཁས་པའི་དེད་དཔོན་ལ་བརྟེན་ནས། ཐོས་པའི་གྲུ་ཆེན་ལྷག་བསམ་གྱི་བ་དན་དཀར་པོ་འཕྱར་བ། བརྩོན་པའི་རླུང་ཤུགས་དྲག་པོས་བསྐྱེད་དེ། གསུང་རབ་དགོངས་འགྲེལ་དང་བཅས་པའི་རྒྱ་མཚོ་ཆེན་པོར་ཞུགས་ནས་གཞུང་དོན་ཡིད་བཞིན་གྱི་ནོར་བུ་འཚོལ་བ་ལ་བརྩོན་པ་རྒྱལ་སྲས་རྟག་ཏུ་ངུ་དང་མཚུངས་པར་མཛད་དོ། །"①ཞེས་རྗེ་ཉིད་ཀྱིས་བོད་བརྒྱུད་ནང་བསྟན་དར་སྤེལ་དུ་གཏོང་བར་ཐུགས་རིག་ཇི་འདྲའི་ཟབ་མོ་ཞིག་བཅིངས་ཡོད་པ་དང་དེའི་ཆེད་དུ་དཀའ་བ་དང་བརྩོན་འགྲུས་ཇི་འདྲ་ཞིག་སྤྱད་པ་ཡང་རྗེན་པར་མཚོན་ཐུབ།

  རྗེ་ཉིད་ཀྱིས་དགུང་ལོ་བཅུ་བདུན་ནས་སོ་གསུམ་གི་བར་དུ་ཐོས་པ་རྒྱ་ཆེན་པོ་བཙལ་ཞིང་དགུང་ལོ་སོ་བརྒྱད་ནས་བཟུང་ཆོས་རྣམས་རང་ཉིད་ཀྱི་ཐུགས་དགོངས་ལས་ཡང་ནས་ཡང་དུ་དཔྱད་པ་བྱས་ནས་སྔོན་འཕགས་བོད་ཀྱི་མཁས་ཆེན་མང་པོ་ཡང་ལོག་རྟོག་ཏུ་སོང་བའམ་ཡང་ན་མ་རྟོག་པའི་གནས་རྣམས་ཀྱི་སྒྲོ་འདོགས་བཅད། དེར་རྗེ་ཁོང་ཉིད་ཀྱིས་གསུང་བ་ནང་བཞིན་དུ་ཡང་ནས་ཡང་དུ་རྣམ་པར་དཔྱོད་ཅིག་དང་། །གོང་ནས་གོང་དུ་བློ་གྲོས་ཁྱད་ཞུགས་ནས། །ཤན་ཏུ་ཕྲ་བའི་གནས་ཀྱང་རྟོགས་པར་འགྱུར་ཞེས་པའི་དགོངས་པ་ལས་བྱུང་བ་ཡིན། རྗེ་ཉིད་ཀྱི་རྣམ་ཐར་དུ"ཐེག་པ་ཆེ་ཆུང་གི་གཞུང་དོན་ཡོངས་ལ་སྒྲོ་སྐུར་གྱི་དྲི་མ་མཐའ་དག་འཁྲུད་པ《དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་བཤད་སྙིང་བོ》ཁྱད་པར་དུཐར་བའི་ནོར་གླིང་དུ་འཇུག་པར་མེད་དུ་མི་བཟོད་པ། མཐར་འཛིན་གྱི་ཆུ་བོ་ཐད་དུ་གཅོད་པའི་གྲུ་བོ་ཆེ《དབུ་མའི་རྣམ་བཤད་ཆེན་མོ》"①སོགས་རྨད་དུ་བྱུང་བའི་གཞུང་མང་པོ་དང་དེའི་དགོངས་འགྲེལ། ད་དུང《རྟེན་འབྲེལ་བསྟོད་པ》སོགས་ནི་ཟབ་མོ་སྟོང་བ་ཉིད་ཀྱི་གཞུང་དཔལ་མགོན་ཀླུ་སྒྲུབ་ནས་སློབ་དཔོན་ཟླ་གྲགས་སོགས་ཀྱི་དབུ་མ་སོགས་ལ་སྦྱངས་ནས་དེ་དག་ནི་རྩ་བའི་ལྟ་བར་འཁྲུལ་བ་མེད་པར་རྒྱུད་ནས་རྟོགས་ནས་བརྩམས་པ་ཡིན་ཞིང་། གཞུང་དོན་དེ་དག་གི་དོན་ལ་བསམ་ན་ལྷུན་པོའི་བརྗིད་ལྟར་ལྕི་ཤིང་། རྩོམ་སྟངས་ཀྱི་ཐད་ནས་དོན་གསལ་ཞིང་ཁ་ལ་བདེ་བའི་སྙན་ཆིག་གི་འགྱུར་དང་ལྡན་པས་དུས་ཕྱིས་ཀྱི་མཁས་པ་མང་པོའི་བསྟོད་བསྔགས་ཚད་མེད་བྱས་ཡོད་དེ། རྗེ་གུང་ཐང་བསྟན་པའི་སྒྲོན་མེས"གསུང་རབ་ཀུན་ལ་རྒྱས་བཏབ་ཕྱག་རྒྱ་སྟེ། །མཁས་པ་ཀུན་གྱི་གཙུག་ན་ནོར་བུའི་ཏོག ། སྨྲ་ངན་ཀུན་ལ་དུས་ཀྱི་ཆད་པ་བཞིན། །གྱུར་པ་ཁྱོད་གསུང་རྣམ་པ་ཀུན་དང་ལྡན། །དེ་ཡི་བྲག་ཆ་ཕྱོགས་ཀྱི་རི་བོ་མགུལ། །ཀུན་ནས་བསྒྲགས་པ་མ་སྨད་རི་བོའི་དབྱངས། །རྒྱ་མཚོའི་སྐ་རགས་འཆང་བའི་འཛིན་མ་འདིར། །མཐའ་དབུས་མེད་པ་ལྷ་ཡི་རྔ་བཞིན་ཁྱབ། །"②ཞེས་གསུངས་པ་དང་། ཡང"སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། །སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། །ཡིད་ཆས་གཏིས་ནས་རྙེད་པའི་སྒོ་གཅིག་པུ། །ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང་།"③ཞེས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོས་གསུངས། དེ་བས་ང་ཚོས་རྗེ་ཉིད་ཀྱི་གཞུང་དོན་དངོས་ལ་མ་སྦྱངས་པར་མ་གོ་ལོག་རྟོག་ཏུ་སོང་ནས་འོས་མིན་གྱི་གཏམ་ངན་སྣ་ཚོགས་བཤད་ན་དེ་ཁབ་མིག་ལས་ནམ་མཁའ་ཚོད་འཛིན་དང་ཁྱི་རྒྱགས་གནམ་ཟུག་གི་བརྟུལ་ཞུགས་ཡིན་པ་ལས་གཞན་མིན་ནོ། །

  རྗེ་ཉིད་ཀྱིས་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར་བ་དང་རྫིང་ཕྱིའི་བྱམས་པ་ཞིག་གསོ། ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་པ་བཙུགས་པ། དགའ་ལྡན་ཆོ་འཕྲུལ་ཆེན་མོ་སོགས་ཀྱི་མཛད་འཕྲིན་མང་པོ་དང་། རྗེའི་དངོས་སློབ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ། ཞང་ཞུང་ཆོས་དབང་གྲགས་པ། མུས་སད་པ་བློ་གྲོས་རིན་ཆེན་སོགས་ཕྱི་ནང་གི་རིག་གནས་མཐའ་དག་ལ་འཇུག་མཁན་གྱི་བུ་སློབ་གང་མང་བསྐྱངས་ནས་རྒྱལ་བའི་དགོངས་པ་བསྟན་པ་རིན་པོ་ཆེ་ཕྱོགས་གང་ཐད་ནས་དར་རྒྱས་སུ་འགྲོ་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད། མཐར་དགུང་ལོ་ང་གསུམ་སྟེ་སྤྱི་ལོ1419ས་ཕག་ལོར་རྗེ་ཙོང་ཁ་པ་ཆེན་མོའི་སྐྱེས་པ་སྔོན་མའི་ལས་ཀྱིས་བྱིན་པའི་རྨད་བྱུང་གི་དོན་དང་འདུལ་བྱ་རྣམས་མ་ལུས་པར་རྫོགས་ནས་འབྲོག་རི་བོ་དགའ་རྡན་རྣམ་པར་རྒྱལ་བའི་གླིང་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །

  གཉིས་པ། 《བྱང་ཆུབ་ལམ་རིམ》བརྩམས་གྲུབ་བྱུང་ཚུལ།

  གཅིག 《བྱང་ཆུབ་ལམ་རིམ》བརྩམས་གྲུབ་མ་བྱུང་བའི་སྔོན་གྱི་ཐུབ་པའི་བསྟན་པ།

  བོད་གངས་ཅན་གྱི་ཡུལ་དུ་རྒྱ་གར་འཕགས་པའི་ཡུལ་གྱི་ཐུབ་པའི་ཆོས་ལུགས་དར་ཚུལ་ལ་ཆོས་འབྱུང་ཀུན་ཏུ་སྤུར་རྒྱལ་བཙན་པོ་གདུང་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དབུ་བརྙེས་ཤིང་། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་སྲོལ་ཕྱེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་སད་མི་བདུན་ཐོག་མར་རབ་ཏུ་བྱུང་ནས་རུབ་པའི་བསྟན་པ་རྒྱ་ཆེར་དར་བར་མཛད་པར་གྲགས། རྗེས་སུ་བཙན་པོ་ལྷ་སྲས་དར་མའམ་འུའི་དུམ་བརྟན་གྱིས་བོད་བཙན་པོའི་དཔལ་འབྱོར་དང་དམག་སྟོབས། འབངས་ཀྱི་འཚོ་བ་སོགས་བོད་སྤྱི་ཚོགས་མི་ཉམས་གོང་འཕེལ་དུ་འགྲོ་བར་དམིགས་ནས། རྒྱ་གར་གྱི་རྩ་བའི་ཉན་ཐོས་སྡེ་བཞི་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་སྟེ་འདུལ་བ་གཙིགས་སུ་འཛིན་པའི་སྡེ་རྩ་མེད་དུ་བཏང་མོད། བྱ་བ་ལམ་དུ་མ་སོང་བ་ཞིག་ནི་བསམ་ཡས་ཀྱི་མཁན་པོ་སྐུ་ཐོག་དགུ་བ་ལྷ་ལུང་དཔལ་གྱི་རྡོ་རྗེ①ཡིས་བཙན་པོ་མདའ་མོ་གཅིག་གིས་བཀྲོངས་པས་བོད་འབངས་ཀུན་མགོན་མེད་སྐྱབས་མེད་དུ་གྱུར་ནས་རེ་ཞིག་སིལ་བར་འཐོར། སིལ་བའི་དུས་སྐབས་ཀྱི་ལོ་ངོ་བརྒྱ་ལྷག་གི་རིང་ལ་བོད་ཀྱི་སྲིད་དབང་ནི་འབངས་གྱེན་ལོག་དང་བཙན་པོའི་བང་སོ་སློག་པ་སོགས་ཡུལ་ས་བཅད་བཟུང་གི་རྣམ་པར་གྱུར་ཞིང་། དུས་སྐབས་དེར་ནང་བསྟན་ཆོས་ལུགས་ཀྱི་འདུལ་བའི་བསྟན་པ་ནི་བསྣུབས་ཀྱང་བཙན་པོའི་དུས་སུ་བསྒྱུར་དུ་མི་རུང་ཞིང་བསླབ་ཏུ་མི་རུང་བའི་གསང་སྔགས་དང་རྫོགས་པ་ཆེན་པོའི་ཆོས་སོགས་ཆོས་གང་མང་ཞིག་དར་ཐུབ་པ་བྱུང་། "བོད་བཙན་པོའི་དུས་སྐབས་སུ་འདུལ་སྡེ་དར་ཤུགས་ཆེ་ལ། བཅན་པོའི་སྲིད་དབང་ཐོར་རྗེས་དེ་ལས་ལྡོག་སྟེ་གསང་སྔགས་ཀྱི་གཞུང་དག་དར་ཁྱབ་ཆེ་བ་བྱུང་ཡོད། དེ་དང་ཆབས་ཅིག་ཏུ་སྒོམ་གྱི་རིག་པའི་ལྟ་བ་དང་གཞུང་ལུགས་གསར་བ་ཞིག་དར་བཞིན་ཡོད་པ་ནི་རྫོགས་ཆེན་ཞེས་པ་དེ་ཡིན"② ཞེས་གསུངས་པ་ལས་བོད་སིལ་བར་འཐོར་བའི་ལོ་བརྒྱའི་ནང་དུ་བོད་ཀྱི་ཆོས་ལུགས་དར་ཚུལ་གྱི་རྣམ་པ་སྤྱི་ཙམ་ཤེས་ཐུབ།

  བསྟན་པའི་མེ་རོ་ཐོག་མར་མདོ་སྨད་ནས་གསོས་ཏེ་དབུས་ཀྱི་ཚ་ན་ཡེ་ཤེས་རྒྱལ་མཚན་གྱིས་ཀླུ་མེས་སོགས་མི་བཅུ་མདོ་སྨད་ལ་མངགས་ནས་བླ་ཆེན་དགོངས་པ་རབ་གསལ་ནས་འདུལ་བའི་ཆོས་རྒྱུན་བླངས་ཏེ་དབུས་ནས་བསྟན་པའི་མེ་རོ་གསོས། སྐབས་དེར་མངའ་རིས་ཕྱོགས་ནས་ཀྱང་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཁུ་ཚ་གཉིས་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་འདུལ་ཁྲིམས་གཙང་མ་ཞིག་དར་བར་རང་སྲོག་ཕར་བསྡོས་དང་། རྒྱུ་འབྱོར་བ་མང་པོ་བཏང་ནས་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་གནང་ཞིང་།ལོ་ཆེན་རིན་ཆེན་བཟང་བོ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་ལོ་ཙཱ་བ་མང་པོ་རྒྱ་གར་དང་ཁ་ཆེ་སོགས་ཡུལ་ཕྱོགས་སོ་སོར་ཆོས་སློབ་ཏུ་བཏང་མོད། དུས་སྐབས་དེར་གསང་སྔགས་ལ་ཁ་གཡར་བའམ་དེ་འོག་ནས་གསང་སྔགས་མ་ཡིན་པའི་ཆོས་མང་པོ་སྤེལ་ཡོད་པ་ཤེས་ཐུབ་སྟེ། "སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར། བར་སྐབས་ཀྱི་ཚིག་བརྗེད་ནས་མ་ཐོན་པ་རྣམས་ལ་བློ་བཟོའི་བསླད་བཅུག བརྡ་ཁྱད་གང་བྱུང་སྦྱར། ཡང་ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གིས་གང་འདོད་དུ་བྲིས། སྔགས་པ་འགའ་ཞིག་གིས་རང་གི་ཆུང་མ་ལ་དེ་རིང་ཆང་ཞིམ་པ་བཟོས་དང་། ངས་རྒྱུད་པོ་ཏི་ལོངས་པ་ཞིག་རྩོམ་པ་ཡིན་ཟེར་བའང་བྱུང་། རྒྱ་གར་ནས་ཨ་ཙརྱ་དམར་པོ་ཞེས་བྱ་བ་དང་། པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་ལ་སོགས་པ་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་། དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་། གཞན་ཡང་སྔགས་ལ་སྙད་བཏགས་པའི་རྩང་སྤྱོད་མང་པོ་ཞིག་དར་བར་བྱས། དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར"③ཞེས་གསུངས་པ་ལས་ཀྱང་སྦྱོར་སྒྲོལ་ཞེས་པའི་མིང་ལ་གོ་བ་ཟབ་མོ་མ་ལོན་པར་ཆོས་ལོག་མང་པོ་དར། སྤྱོད་པ་རྩིང་བོ་ཅན་མང་དུ་བྱུང་། སྤྱིར་ཆང་འཐུང་བ་དང་བུད་མེད་ལ་སྤྱོད་པ། འཚེ་བའི་ལས་སོགས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཀྱི་སྤངས་བྱ་ཡིན་པས་རྒྱལ་བའི་དགོངས་པ་དང་ལྟག་སྤྲོད་དུ་སོང་ཡོད། དེ་ལྟ་བུའི་རྩིང་བའི་སྤྱོད་པ་ལོངས་མེད་དུ་སྤྱད་པའི་དབང་གིས་ལྷ་བླ་མ་ཡེ་ཤེས་དང་ཕོ་བྲང་ཞི་བ་འོད་སོགས་ཀྱིས་བཀའ་ཤོག་བཀྲམ་ནས་སྔགས་ལ་སུན་འབྱིན་བྱས་པ་དང་རྒྱ་གར་ནས་མཁས་པ་ཆེན་པོ་ཞིག་གདན་དྲངས་ཏེ་ཆོས་ལ་དག་ཐེར་བྱ་དགོས་པར་དགོངས།

  ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པར་དམིགས་ནས་བླ་མའི་མཆོད་ཡོན་་ལ་གསེར་བཙལ་དུ་སོང་ནས་གར་ལོག་གིས་བཟུང་སྟེ་བརྩོན་ནས་གཤེགས་པར་བཤད་ལ། དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཁུ་བོ་ཡེ་ཤེས་འོད་ཀྱི་ལས་འཕྲོ་བསྐྱངས་ནས་རྒྱ་བརྩོན་འགྲུས་སེང་གེ་དང་ནག་ཚོ་ལོ་ཙཱ་བ་གཉིས་རྒྱ་གར་དུ་བཏང་ནས་ཇོ་བོ་རྗེ་ཨ་ཏི་ཤ་སྤྱན་དྲངས། ཇོ་བོ་རྗེ་བོད་ལ་འབྱོར་ནས་བྱང་ཆུབ་འོད་ཀྱིས་དྲི་པ་བདུན་ཙམ་དྲིས་ཤིང་། དེ་དག་ལས་ཆེས་གནད་ཆེ་བའི་དྲི་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་སྔགས་ཟེར་བ་ཞིག་ཡོད་མེད་དང་། མདོ་སྔགས་གཉིས་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་འཇུག་རྒྱུ་སོགས་དྲིས། དེར་བརྟེན་ཨ་ཏི་ཤས་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས། ཉམས་སུ་ལེན་པའི་རིམ་པ་དྲིལ་བའི་གཞུང《བྱང་ཆུབ་ལམ་གྱི་སྒྲོན་མ》མཛད་ནས་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་རྣམས་མ་ལུས་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་ཉམས་སུ་བླངས་ནས་ཆེས་ལོག་པར་དར་བ་རྣམས་དག་ཐེར་བྱས་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་བར་བྱས་ཏེ། "ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་པ་ལ་བརྟེན་ནས། སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་སོགས་ལོག་པར་སྤྱོད་པ་རྣམས་དང་། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་འཛིན་པའི་ལོ་རྟོག་རྣམས་ཉི་མ་ཤར་བས་མུན་པ་རང་སངས་ལ་སོང་བ་བཞིན་དུ་གྱུར།" ④བརྗོད་ཡོད་པ་ལས་ཀྱང་དུས་དེར་བོད་བརྒྱུད་ནང་བསྟན་ཀྱི་མདོ་སྔགས་གཉིས་འགལ་བའི་ཚུལ་གྱིས་གནས་ཤིང་། སྔགས་ལོག་མང་པོ་དར་བ་གསལ་བོར་མངོན་ཐུབ། ཁྱད་པར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་ནས་ནང་བསྟན་ཆོས་ལུགས་ཚུལ་མཐུན་དུ་དར་བར་མཛད་རྗེས་བླ་ན་མེད་པ་བཞག་གོ།

  གཉིས། རྗེ་ཙོང་ཁ་པའི《བྱང་ཆུབ་ལམ་རིམ》བརྩམས་ཚུལ།

  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ནས་བོད་ལ་ཆོས་ལོག་དར་བ་གཙོ་བོ་ལས་འབྲས་ཀྱི་རྣམ་དབྱེ་མ་ཤེས་པ་ཉིད་ལ་རགས་ལས་པར་དགོངས་ནས་གཙོ་བོར་ལས་རྒྱུ་འབྲས་ཀྱི་ཆོས་ཞིབ་ཏུ་གསུངས་ཤིང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གནད་ཀུན་ཚང་བའི་གཞུང《བྱང་ཆུབ་ལམ་གྱི་སྒྲོན་མ》སོགས་མཛད་ནས་བསྟན་པ་རྣལ་མའི་གཞུང་བཙུགས་ཤིང་། བསྟན་པའི་རྩ་བ་འདུལ་བ་ཡིན་པར་དགོངས་ནས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་ཕྱག་སྲོལ་བཙུགས་ཏེ་ཆོས་ལོག་བྱུང་བ་རྣམས་ལ་དག་ཐེར་བྱས། འབྲོམ་སྟོན་པ་རྒྱལ་བོ་འབྱུང་གནས་སོགས་བུ་སློབ་མང་པོར་ཆོས་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་གྱིས་བསྐྱངས་ཏེ་བཀའ་གདམས་གྲུབ་མཐའི་སྲོལ་ཕྱེ་ཞིང་བསྟན་པ་གོང་དུ་སྤེལ། ཁྱད་པར་དུ་ཁོང་ཉིད་ཀྱི་འཕྲིན་ལས་ལ་བརྟེན་ནས་བཀའ་བརྒྱུད་དང་ས་སྐྱ་བ། དགེ་ལྡན་པར་གྲགས་པ་འདི་རྣམས་ཀྱང་བྱུང་བ་ཤ་སྟག་ཡིན་ཞེས་བརྫོད་ཡོད་ལ། ས་རྙིང་དཀར་དགེ་སོགས་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་དང་། གསལ་སྟོང་སོགས་ཀྱི་ལྟ་གྲུབ་རྣམས་ཇོ་བོས་གདམས་པའི་ཆོས་ལས་སོ་སོའི་གང་ལ་གང་མཁོའི་ཚུལ་གྱིས་ཚུར་ལེན་དང་རྒྱུད་འཛིན། ཉམས་ལེན་བྱས་ཡོད། དེ་ལས་དགེ་ལུགས་པའི་སྲོལ་འབྱེད་མཁན་ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོས་སློབ་དཔོན་མཐོ་བཙུན་གྲུབ་རྗེས་བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཞིང་། །གང་ཞིག་རིགས་པར་ལྡན་པའི་ཚིག། དེཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་པའི་རིང་ལུགས་བཟུང་ནས་ཐོག་མར་ལུང་གི་ཆོས་སྡེ་སྣོད་གསུམ་དང་མི་འགལ་བའི་ལྟ་སྒོམ་སྤྱོད་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་རང་རྒྱུད་ལ་སྒྲུབ་ནས་ཐེག་ཆུང་མདོ་ཕྱོགས་འདུལ་བའི་བསྟན་པ་ལ་སློབ་གཉེར་གནང་ཞིང་། དེ་ནས་ཁོང་ཉིད་སྔ་མོ་ནས་གསང་སྔགས་ལ་ངེས་པར་དུ་སྦྱངས་དགོས་པའི་ཐུགས་དགོངས་ཟབ་མོ་བཅིངས་ཡོད་པས་གསང་སྔགས་དང་ཐེག་ཆེན་གྱི་བསྟན་པ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་དང་སྟོང་ཉིད་སྙིང་རྗེའི་སྙིང་བོ་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། མདོར་ན་ཁོང་གིས་བཀའ་གདམས་སོགས་དར་ཟིན་པའི་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་རིས་མེད་དུ་སྦྱངས་ཤིང་། དེ་ནས་སྔོན་བྱོན་གྱི་འཕགས་བོད་མཁས་གྲུབ་མང་པོའི་མ་རྟོགས་པ་དང་ལོག་པར་རྟོག་པ་རྣམས་དྲང་བོར་བསྲང་། དཀྲུགནས་པ་རྣམས་ཁྲིགས་སུ་སྡེབ། གབ་པ་རྣམས་རྗེན་ཆེར་ཕྱུང་བར་བྱས། ཁྱད་པར་དུ་དཔལ་མར་མེ་མཛད་ཀྱིས་བརྩམས་པའི《བྱང་ཆུབ་ལམ་གྱི་སྒྲོན་མ》དང་། བསྟན་རིམ་གཉིས་ལ་སོགས་པའི་སྙིང་བོའི་དོན་ཐམས་ཅད་གཅིག་ཏུ་བསྡུས་པ། ཟེག་པ་གསུམ་གྱི་བྱེད་སྒོ། སྐྱེས་བུ་གསུམ་གྱི་འཇུག་རིམ། ཆེ་བ་བཞི་ལྡན་གྱི་སྒོ་ནས་བདེ་བར་གཤེགས་པའི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་མཐའ་དག་བེའུ་བུམ་གཅིག་ཏུ་བསྒྲིལ་བའི《བྱང་ཆུབ་ལམ་རིམ》བརྩམས་ཤིང་། གཞུང་འདི་ཉིད་ཡང་རྗེ་བདག་ཉིད་ཆེན་པོའི་དང་པོར་གཞུང་ཀུན་ལ་ཕྱོགས་རིས་མེད་པར་དང་པོ་ཐོས་པ་བཙལ། བར་དུ་སྒོམ་སྒྲུབ། ཐ་མར་ཉམས་སུ་བླངས་པའི་སྙིང་བོའི་སྙིང་བོ་ཡིན་པ་ལས་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་དུ་སོང་བ་དང་རྒངི་བླ་མ་རྣམས་ཀྱིས་བཤད་སྒྲོས་ལ་དཔྱད་པ་དང་བསྡུར་བ་མ་བྱས་པར་བརྩམས་པ་ཞིག་མིན། "བཀའ་གདམས་པའི་ལམ་རིམ་མང་པོ་ཡོད་ནའང་། དེ་དག་ལས་ཀྱང་རྗེའི་ལམ་རིམ་ཁྱད་པར་དུ་འཕགས་ཏེ། མཁས་གྲུབ་རྗེས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་ལམ་གྱི་རིམ་པ་ལའང་། གཞུང་པ་དང་། གདམས་ངག་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གིས་མཛད་པའི་གདམས་ངག་གི་ཡི་གེའི་རིམ་པ་དུ་མ་དང་། སེམས་དཔའ་ཆེན་པོ་པོ་ཏོ་བ་དང་། སྤྱན་སྔ་བ་དང་། འཆད་ཁ་བའི་གསུང་སྒྲོས་ལ་སོགས་པ་སྔ་ཕྱི་དུ་མ་དང་། དགེ་བཤེས་ཆེན་པོ་ཁམས་ལུང་པའི་གསུང་གི་རྗེས་སུ་འབྲང་བ་དགེ་བཤེས་ཆེན་པོ་གྲོ་ལུང་པའི་བསྟན་རིམ་ཆེ་ཆུང་ལ་སོགས་དེ་དག་ཐམས་ཅད་ལའང་རྒྱལ་བ་དགྱེས་བའི་ལམ་གྱི་རིམ་པ། གསུང་རབ་ཆེནམོ་དག་གི་རྗེས་སུ་འབྲང་བ། དམ་པ་བརྒྱུད་པའི་གསུང་གིས་བརྒྱན་པ། མཁས་པ་དགའ་བ་བསྐྱེད་པའི་འཇུག་ངོགས་རྨད་དུ་བྱུང་བ་ཡོད་མོད་ཀྱི། དེ་ལྟ་ནའང་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་གི་གདམས་པའི་གསུངས་རབ་གྱི་གླེགས་བམ་མཛད་པ་འདི་དག་ལ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྲོ་བའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གྲངས་དང་གོ་རིམ་ལ་སོགས་པ་དང་། ད་ལྟ་རྒྱུད་ལ་བསྐོར་བའི་དམིགས་རྣམས་ཀྱི་རིམ་པ་མྱོང་ཐོག་ཏུ་འཁྱེར་ཚུལ་སོགས་ལམ་གྱི་ལུས་སྤྱི་དང་། ཡན་ལག་སོ་སོ་ཐམས་ཅད་ལ་སྔོན་ཆད་གངས་རིའི་ཁྲོད་འདིར་སུས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་ཕུལ་དུ་བྱུང་བའི་ཁྱད་པར་བླ་ན་མེད་པ་ཡོད་པའི་ཚུལ་ལ་བློ་སྐྱོན་མ་ཞུགས་པའི་དཔྱོད་པ་ཞིབ་པར་བྱས་ནས་ངེས་པ་རྙེད་པ་དང་། "⑤ ཞེས་གཞུང་སྤྱི་ནས་བྱེ་བྲག་ལ་བབས་ནས་རྗེ་ཉིད་ཀྱི་ལམ་རིམ་ལ་དཔྱད་འཇོག་ཆེན་མོ་བྱས་ཤིང་། མདོར་ན་རྗེ་བདག་ཉིད་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་སོགས་གང་ནས་བལྟས་བལྟས་ཀྱང་གྲུབ་མཐའ་ཀུན་ལས་ཆད་ལྷག་མེད་ཅིང་ཆགས་དམ་པ། བསྐྱར་དུ་མ་ཟློས་པ་སོགས་དགེ་མཚན་དུ་མ་ལྡན་ཏེ། "ལྟ་སྒོམ་སྤྱོད་གསུམ་ལ་ནོར་བ་སྐྱོན་ཅུང་ཟད་ཀྱང་མེད་པ་དགེ་ལྡན་པ་དང་མཚུངས་པ་གངས་ཅན་གྱི་གྲུབ་མཐའ་གཞུན་གང་ལ་ཡང་མ་མཆིས་པས། དེ་གསུམ་གྱི་སྒོ་ནས་གྲུབ་མཐའ་གཞན་ཐམས་ཅད་ལས་དགེ་ལུགས་པ་ཁྱད་དུ་འཕགས་པ་ཡིན་ཏེ"⑥ཞེས་བརྗོད་པ་ལྟར་དང་། དེ་འདྲའི་ཁྱད་དུ་འཕགས་པའི་གནས་ཞིག་ཏུ་ཐོན་རྒྱུར་ཡང་རྗེ་ཉིད་ཀྱིས་ཐོག་མ་ནས་སྨོན་པ་མཛད་ཡོད་དེ། རྗེ་ཉིད་ཀྱིས"གནས་ལུགས་ཟབ་མོའི་དོན་ལ་སྐྲུག་གྱུར་ནས། །བློས་བྱས་ཉི་ཚེའི་སྟོང་པ་མཆོག་འཛིན་པའི། །ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ནས། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་པར་ཤོག"⑦ ཅེས་རྒྱལ་བའི་དགོངས་པ་དྲི་མེད་སྐྱོན་མེད་གསལ་ལ་དག་པ་ཞིག་དར་བའི་ཐུགས་དགོངས་རྒྱ་ཆེན་པོ་བཏང་ཡོད། མདོར་ན་རྗེ་ཉིད་ཀྱིས་ལམ་རིམ་མ་བརྩམས་པའི་སྔོན་ལ་གྲུབ་མཐའ་སོ་སོའི་གཞུང་མཐའ་དག་ལ་ཐོས་བསམ་རྒྱ་ཆེན་པོ་བཏང་བའི་གཞིར་བཞག་ཐོག་ནས་དུས་གསུམ་ལ་འཇིགས་པ་མེད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བཤད་པའི་གཞུང་ཆེན་པོ་འདི་བརྩམས་པ་ཡིན།

  ཡང་རྗེ་ཉིད་ཀྱིས་ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བ་ཁྱད་དུ་འཕགས་པ་ཚུལ་ཡིན་ལ་རུ"བོད་སྔ་རབས་སུ་ཁ་ཅིག་སྟོང་པ་ཉིད་ཀྱི་དོན་ཅི་ཡང་མེད་པ་ཞིག་ཏུ་བཟུང་ནས་དགེ་མི་དགེ་ལས་འབྲས་སོགས་གཏན་མེད་དུ་འདོད་པའི་ཆད་ལྟ་ངན་པ་ལྟ་བ་མཆོག་ཏུ་འཛིན་པར་བྱེད་པ་དང་། ཡང་འགའ་རེའི་སྟོང་པ་ཉིད་བདེན་གྲུབ་ཡིན་ཅིང་། དེ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པའི་གཞན་སྟོང་ནི་གནས་ལུགས་མཐར་ཐུག་ཡིན་ནོ་ཞེས་ཟེར་བ་དང་། ཡང་བསམ་གཏན་པར་ཁས་འཆེ་བ་དག་སྤྲོས་བཅས་ཀྱི་དགེ་སྤྱོར་ནི་གཡེང་བ་ལས་མ་འདས་པས་གནས་ལུགས་ཀྱི་དོན་འབའ་ཞིག་བསྒོམ་དགོས་ལ། དེ་ཡང་རིགས་པའི་རྗེས་སུ་འབྲངས་བའི་དཔྱད་པ་བྱེད་མི་དགོས། མ་འོངས་པའི་སྔུན་མི་བསུ། ད་ལྟར་ཤེས་པ་སོ་མ་ལ་བཟོ་བཅོས་མི་བྱེད་པར་གསལ་སྟོང་འཛིན་མེད་ཀྱི་ངང་ལ་རྣམ་རྟོག་གི་བཟོ་ཐམས་ཅད་དོར་ནས་ཅི་ཡང་ཡིད་ལ་མི་བྱེད་པར་འབོལ་ལེ་ཤིག་གེ་གློད་ནས་བཞག་པས་སེམས་ཆོས་སྐུའི་རང་ངོ་རྗེན་ཆེར་གྱིས་མཐོང་ནས་ཡོང་བ་ཡིན།" ⑧ཞེས་སྔ་རབས་པ་དེ་དག་ལས་འབྲས་བསྙོན་མེད་དུ་བཞག་པ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་གདགས་གཞིའི་ངོས་ནས་དོན་དམ་དུ་གྲུབ་མ་གྲུབ་སོགས་ལ་གོ་འཛོལ་བྱུང་ནས་རྟེན་འབྲེལ་གྱི་ཆོས་ལ་ངེས་པ་དྲངས་པ་ཉིད་ཀྱིས་རང་བཞིན་མེད་པ་ལ་ངེས་པ་ཆེར་འགྲོ་བས་སྟོང་བརྟེན་འབྱུང་གཉིས་གཅིག་གྲོགས་སུ་གཅིག་འཁྱེར་བའི་ཟབ་མོ་སྟོང་བ་ཉིད་ཀྱི་ཆོས་ལ་གོ་བ་མི་ཆགས་སོ། དེ་བཞིན་དུ་སྒོམ་ལ་མཚོན་ན་ཡང་བསམ་གཏན་ལྟར་རྣམ་རྟོག་སྤང་བྱ་ཡིན་ཟེར་བ་དང་སྒོམ་པའི་སྐབས་སུ་འཇོག་སྒོམ་ཁོ་ན་དགོས་བསམ་པའི་སྒོམ་གྱི་ངོ་བོ་ལ་འཁྲུལ་བ་དང་། སྤྱོད་པའི་སྒོ་ནས་བཤད་ན་ཡང་སྔ་མ་དག་གིས་མྱོས་འགྱུར་གྱི་བཏུང་བ་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་ཐེག་པ་འོག་མ་དམན་པ་ལ་མོས་པ་སོགས་འདུལ་བའི་བསླབ་ཁྲིམས་རྣམ་དག་ལ་སུནའབྱིན་བྱེད་པའི་སྣང་ཚུལ་ཐམས་ཅད་ལ་རྗེ་ཉིད་ཀྱིས་རེ་རེ་བཞིན་ལུང་རིགས་གཉིས་ཀའི་འཁྲུལ་མེད་དུ་དག་ཐེར་བྱས་ནས་བསྟན་པ་རྣམ་དག་ཅིག་དར་བར་བརྩོན་པ་བྱས། རྗེ་ཉིད་ཀྱིས་བརྩམས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བཤད་པའི་གཞུང་འདི་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་སོ་སོའི་ལམ་གྱི་རིམ་པ་བཤད་ནས་རྒྱལ་བའི་བསྟན་པ་ལ་འཇུག་པར་བློ་སྦྱོང་ག་འདྲ་ཞིག་བྱེད་དགོས་ཚུལ་གསལ་བོར་བསྟན་ཡོད་ལ། སྐྱེས་བུ་རབ་འབྲིང་ཐ་གསུམ་སོགས་གང་གི་ལམ་ལ་འཇུག་ཀྱང་བྱམས་སྙིང་རྗེ་ནི་ཀུན་གྱི་ཐུན་མོང་གི་ལམ་ཡིན་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཕར་ཕྱིན་གསུམ་ལ་སོགས་པའི་ལམ་ལ་སྦྱངས་པ་བྱ་དགོས་ཚུལ་བསྟན། མདོར་ན་བྱམས་སྙིང་རྗེ་བྱང་ཆུབ་ཆེན་མོའི་སེམས་རྒྱུད་ནས་ཆགས་རྒྱུ་ནི་རྒྱལ་བོའི་ཆོས་ཀྱི་སྙིང་བོའི་སྙིང་བོ་ལ་འཇུག་པའི་ཐེམ་སྐས་ལྟ་བུ་ཡིན། དེ་བས་ལམ་རིམ་གྱིས་ཐབས་མཆོག་ཏུ་གྱུར་བ་དུ་མའི་སྒོ་ནས་སྐྱེས་བུ་རབ་འབྲིང་ཐ་གསུམ་གང་ཡིན་རུང་རང་རང་གི་ལམ་གྱི་རིམ་པ་ལ་འཁྲིད་ཅིང་རྒྱལ་བའི་བསྟན་པའི་བརྗོད་བྱ་དང་སྙིང་བོ་སོགས་ལེགས་པར་སྟོན་ལ། དེས་ཕྱིས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་ཡུན་རིང་དུ་དར་བར་རྨང་བརྟན་པོ་ཞིག་བཅུགས་སོ། །

  གསུམ། 《བྱང་ཆུབ་ལམ་རིམ》གྱིས་དེང་རབས་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་དང་དོན་སྙིང་།

  དེ་ཡང་ཆོས་ལུགས་ཀྱི་ཡོངས་ཁྱབ་རིན་ཐང་ཞེས་པ་ནི་འགྲོ་བ་མི་སྤྱིའི་བསམ་པའི་རེ་འདོད་མཚོན་རྒྱུ་ལས་མི་སྒེར་དང་སྲིད་གཞུང་གང་རུང་གིས་བཙན་གྱིས་སྒེར་གཅོད་ཀྱི་ལག་ཐབས་སྤེལ་ནས་རང་སྣང་གང་ཤར་གྱིས་སྐྲུན་ཐུབ་པ་ཞིག་མ་ཡིན་པར། དེ་ནི་འགྲོ་བ་མིའི་འཚོ་བའི་ལོ་རྒྱུས་འཕེལ་རིམ་གྱི་གོ་རིམ་ཁྲོད་ནས་དཔྱོད་ཤེས་ཀྱིས་རྟགས་ཤིང་དཔྱད་པ་བྱས་ནས་ཀུན་གྱི་ཁས་བླངས་ཤིང་དང་ལེན་བྱེད་ཐུབ་པའི་མི་ཆོས་ཀྱི་ཀུན་སྤྱོད་ཅིག་ཡིན་ལ། གལ་ཏེ་ཆོས་ལུགས་གང་རུང་ལ་ཡོངས་ཁྱབ་ཀྱི་རིན་ཐང་ལྡན་ཚེ་དེར་མི་རིགས་ཀྱི་ཁྱད་པར(རིགས་ཀྱི་ཁྱད་པར)དང་རྒྱལ་ཁབ་ཀྱི་ཁྱད་པར(ས་ཁུངས་ཀྱི་ཁྱད་པར)། མི་རབས་ཀྱི་ཁྱད་པར(དུས་ཀྱི་ཁྱད་པར)སོགས་མེད་པར་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིན་ཐང་མངོན་འགྱུར་བྱ་ཐུབ་པར་སྐུལ་གནང་དང་ནུས་པ་སྦྱིན་ཐུབ་པའི་མི་འཚེ་བའི་ཆོས་ལུགས་ཤིག་ཡིན་དགོས། 1997ལོར་རྒྱལ་སྤྱིའི་ཆོས་ལུགས་ཚོགས་འདུའི་སྟེང་སུའེ་ཏེན་གྱི་ཆོས་ལུགས་སྨྲ་བ་ཧན་སི་ཁུན(འྭོེཝྱུ·སྠོ(Hanskung)གྱིས《གླིང་སྤྱིའི་ཀུན་སྤྱོད་བསྒྲགས་ཡིག》(ཏུཾཋིཾཪྵཱུྈྐཀྪོཀྛཽ)ཞེས་པའི་དཔྱད་རྩོམ་སྒྲོག་སྦྱོང་བྱས་ཤིང་། དེ་ནང་དུ་མི་འཚེ་བ་དང་མ་བྱིན་པ་མི་ལེན་པ། རྫུན་མི་སྨྲ་བ། ལོག་པར་མི་གཡེམ་པ་སོགས་ནི་འཇིག་རྟེན་གྱི་ཆོས་ལུགས་སྤྱི་ལས་མངོན་པའི་ཡོངས་ཁྱབ་ཀྱི་རིན་ཐང་ཡིན་ལ་དེས་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་མི་དང་མི་རང་ཉིད། མི་དང་སྤྱི་ཚོགས། མི་དང་རང་བྱུང་སོགས་འཁྲུག་ཏུ་མི་འཇུག་པར་གོ་རིམ་ལྡན་ཞིང་ཆོས་ཉིད་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོགས་ཆེན་མོ་ཐོན་ཐུབ་པར་བཤད། མི་འཚེ་བ་དང་མ་བྱིན་པ་མི་ལེན་པ། རྫུན་མི་སྨྲ་བ། ལོག་པར་མི་གཡེམ་པ་སོགས་ལ་ཡོངས་ཁྱབ་ཀྱི་རིན་ཐང་ལྡན་ཚེ་བོད་བརྒྱུད་ནང་བསྟན་གྱིས་སྙིང་བོ་ནི་ཐབས་ཤེས་ཟུང་འཇུག་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། ལྟ་བའི་སྙིང་བོ་འདི་ལ་འཇུག་སྐབས་ཐོག་མར་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱ་རྒྱུ་དང་། བདེན་བཞི་དང་ཕར་ཕྱིན་གསུམ བསྡུ་བའི་དངོས་པོ་བཞི་ལ་སོ་གས་ཀྱི་ལས་ལ་བཞུགས་དགོས་པར་བཤད། དེ་བས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདིའི་མི་འཚེ་བ་བཤད་ལ། གལ་ཏེ་སྤྱི་ཚོགས་འདིའི་ནང་གི་མི་རྣམས་ཀྱིས་ཕན་ཚུན་དབར་མི་འཚེ་བར་བྱམས་སྙིང་རྗེ་དང་འདྲ་མཉམ་སྒོམ་ཚེ་མི་རང་ཉིད་དང་ཚོགས་སྤྱི་ཕན་ཚུན་ཞི་བདེ་དང་འཆམ་མཐུན་ཡོང་ཐུབ་པ་དང་། མ་བྱིན་པར་མི་ལེན་པ་དང་རྫུན་མི་སྨྲ་བ་སོགས་སྤངས་ཚེ་ཚོགས་སྤྱི་སྒྲིག་ཁྲིམས་གྲ་དག་ཅིང་དཔལ་འབྱོར་སོགས་རྨང་གི་བཀོད་པ་གཡོ་གཟེར་མ་བྱུང་བར་འཛུགས་སྐྲུན་བྱ་ཐུབ། ལོག་པར་མི་གཡེམ་པ་ནི་མི་ཕན་ཚུན་གྱི་ཁེ་དབང་དང་རིན་ཐང་ལ་སྲུང་སྐྱོབ་བྱས་ནས་མི་དང་མིའི་བར་གྱི་ཀུན་སྤྱོད་མ་ལག་བདེ་ཐང་དུ་ཆགས་ཐུབ་རྒྱུ་དེ་ཡིན། དེས་དབང་གིས་རྗེ་ཉིད་ཀྱིས་བརྩམས་པའི་ལམ་རིམ་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་རིག་གི་ཁྱབ་ཁོངས་ན་ཡོངས་ཁྱབ་ཀྱི་རིན་ཐང་དང་བསམ་བློ་མང་པོཞིག་ཡོད།

  ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས་ཕན་ཚུན་བར་ཆེས་རྣོ་ངར། གྱི་འགལ་ཟླ་མི་རིགས་ཕན་ཚུན་དང་ཆོས་ལུགས་ཕན་ཚུན་དབར་གྱི་འགལ་ཟླ་ཡིན་ཞིང་། གནདརྡན་དེ་གཉིས་ཆེ་རུ་བྱིན་ནས་འཛམ་གླིང་ཧྲུལ་བོ་འཆམ་མཐུན་མ་ཡོང་བར་འཁྲུག་རྩོད་མང་པོ་བྱུང་ནས་མི་མང་པོར་འཚེ་བ་བྱུང་བ་དང་། ནད་ཡམས་དང་དུག་ཡམས་མང་པོ་ཁྱབ་བརྡལ་དུ་སོང་ནས་སེམས་ཅན་ཐམས་ཅད་ལ་གནོད་འཚེ་ཐེབས་ཀྱིན་ཡོད། མི་རིགས་དང་ཆོས་ལུགས་བར་གྱི་འབྲེལ་བ་ལས་དཔྱད་ན་ཆོས་ལུགས་ཀྱིས་མི་རིགས་སོ་སོའི་རིན་ཐང་གི་ལྟ་ཚུལ་དང་མི་ཆེའི་ལྟ་བ། བསམ་པའི་འཁྱེར་སོ་དང་རིག་གནས་ཀྱི་སྒྲིག་གཞི་ཆགས་པར་ཟས་རིན་མི་དམན་པ་ཞིག་བྱིན་ཡོད། གལ་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་། མི་རིགས་སོ་སོ་འཆམ་མཐུན་དང་ཞི་བདེ་ཡོང་དགོས་ན་ཆོས་ལུགས་ཕན་ཚུན་དབར་ནས་འཆམ་མཐུན་དང་བརྩི་བཀུར་གྱི་སྒོ་ནས་བགྲོ་གླེང་བྱ་དགོས། ད་ལྟའི་ཆོས་ལུགས་རིག་པ་སྨྲ་བ་ཚོས་ཆོས་ལུགས་ཕན་ཚུན་བར་གྱི་ཞི་བདེ་མེད་ཚེ་མི་རིགས་ཕན་ཚུན་བར་གྱི་ཞི་བདེ་མེད་ལ། མི་རིགས་ཆོས་ལུགས་ཕན་ཚུན་བར་ལ་ཞི་བདེ་མེད་ཚེ་འཛམ་གླིང་ལ་ཞི་བདེ་མེད་ཅེས་བརྗོད་པ་ནང་བཞིན་ཡིན། སྤྱིར་ཆོས་ལུགས་གང་ཡིན་རུང་སྐབས་བབ་ཀྱི་སྤྱི་ཚོགས་ནང་ལེགས་པར་འཁོར་བསྐྱོད་བྱས་ན་སྤྱི་ཚོགས་བདེ་ལ་འགོད་པ་དང་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོགས་ལ། དེ་ལས་ལྡོག་ཚེ་སྤྱི་ཚོགས་འཕེལ་རྒྱལ་ཀྱི་གེགས་སུ་འགྲོ་བ་མ་ཟད་ཟློག་ཐབས་མེད་པའི་གནོད་འཚེ་ཆེན་པོ་ཐེབས་ཀྱིན་པ་མངོན་སུམ་ཏུ་མཐོང་སྟེ། ཡེ་ཤུའི་ཆོ་ས་ལུགས་དང་མུའུ་སི་ལིན་ཆོ་ས་ལུགས་ཕན་ཚུན་བར་འགལ་ཟླ་བྱུང་ནས་ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་གཉིས་དང་མུའུ་སི་ལིན་ཆོས་ལུགས་ཀྱི་མི་རིགས་རྒྱལ་ཁབ་བར་ལ་འཐབ་འཁྲུག་བྱུང་སྟེ་ཨ་རིའི་དགུ་གཅིག་གཅིག་དོན་རྐྱེན། ཨ་ཧྥུ་ཧན་འཐབ་འཁྲུག ཨ་རི་དང་དབྱི་ལང་བར་གྱི་དམག་འཁྲུག་བྱུང་། ཡང་ཡིའུ་ཐའེ་ཆོས་ལུགས་དང་མུའུ་སི་ལིན་ཆོས་ལུགས་བར་གྱི་འགལ་བ་ལས་ཨ་རབ་རྒྱལ་ཁབ་དང་དབྱི་སི་ལེན་རྒྱལ་ཁབ་བར་འཐབ་འཁྲུག་བྱུང་། རྒྱལ་ཁབ་དེ་གཉིས་ཀྱི་འགལ་བ་ཐོག་མར་རྡོ་སྣུམ་སོགས་དཔལ་འབྱོར་གྱི་འཐོབ་ཤོར་ལས་བྱུང་བ་ཞིག་ཡིན་མོད། འཐབ་འཛིང་དེའི་ཁྲོད་ཆོས་ལུགས་དད་མོས་ཀྱི་སྐྱ་འཐིབ་པས་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་བའི་རྙོག་དྲ་ཤིན་ཏུ་ཆེ་བའི་དོན་རྐྱེན་ཞིག་ཏུ་གྱུར་ཡོད། ཧིན་རྡུ་ཆོས་ལུགས་དང་མུའུ་སི་ལིན་ཆོས་ལུགས་བར་གྱི་འགལ་བ་ལས་ཧུན་རྡུ་དང་པ་ཁི་སི་ཐན་བར་གྱི་འཐབ་འཁྲུག་བྱུང་། དེ་ཡང་ཐོག་མར་ཀེར་སྨི་ས་ཁུལ་གྱི་བདག་དབང་འཕྲོག་རྩོད་ལས་བྱུང་བ་ཡིན་མོད། འོན་ཀྱང་འགལ་ཟླར་གྱུར་བའི་མི་རིགས་ཅིག་གིས་ཧིན་རྡུ་ཆོས་ལུགས་ལ་དད་ཅིང་མི་རིགས་ཅིག་ཤོས་ཀྱིས་མུའུ་སི་ལིན་ཆོས་ལུགས་ལ་དད་པའི་མི་རིགས་ཕན་ཚུན་གྱི་སེམས་ཁམས་མ་གཅིག་པས་མཐར་འཛམ་གླིང་སྟེང་ཆེས་རྙོང་འཛིང་གི་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་གྱུར། དེ་མིན་ད་དུང་ཤཱཀྱ་ཐུབ་པའི་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས་བར། མུའུ་སི་ལིན་ཆོས་ལུགས་ནང་ཁུལ་གྱི་འགལ་བ་བཅས་བྱུང་ནས་རྒྱལ་ཁབ་དང་མི་རིགས་མང་པོ་འཁྲུག་ལོངས་ཁོ་ནའི་ཁྲོད་ན་འཚོ་བ་རོལ་གྱིན་ཡོད། ཞི་བདེ་ཡོང་མི་ཐུབ་པའི་གནད་གཙོ་བོ་ནི་ཆོས་ལུགས་དེ་དག་ཕན་ཚུན་བགྲོ་གླེང་བྱས་པ་ཉུང་དྲགས་པས་ཡིན་ལ། གལ་ཏེ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་དང་དེ་མིན་མི་རིགས་ཀྱི་ཆོས་ལུགས་སྣ་མང་གཞི་གཅིག་ཏུ་འདུས་ནས་བགྲོ་གླེང་བྱས་སྟེ་རང་སོ་སོའི་ཆོས་ལུགས་ཀྱི་ཁུངས་ལས་བྱམས་སྙིང་རྗེ་དང་བརྩེ་བ། འགྲོ་བ་ཀུན་ལ་ཕན་པའི་ཆ་རྣམས་ཕྱིར་བསྒྲགས་ཚེ་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་ངེས།

  《བྱང་ཆུབ་ལམ་རིམ》དུ་མི་ཀུན་ཞི་ཞིང་སྙིང་རྗེ་ཡི་ཕྱོགས་སུ་སྐུལ་བ་དང་། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ། རང་ལས་གཞན་གཅེས་ཀྱི་དགོངས་པ་མངོན་པར་མཚོན་ཡོད་ལ། གལ་ཏེ་དེང་དུས་སུ་རང་གཤིས་ལ་ཚོད་འཛིན་མེད་པར་ཚོགས་སྤྱིའི་ཁེ་དབང་ལ་གནོད་ཅིང་འཛམ་གླིང་གི་ཤེས་རིག་ཐམས་ཅད་རང་གི་ཁོངས་སུ་བསྡུ་བསྒྲིགས་བྱེད་པར་རྔམ་པའི་ཆོས་ལུགས་ཀྱི་ལྟ་བས་བསྐྱེད་པའི་རྒྱལ་ཁབ་བཙན་དྲག་ཅན་གྱིས་བྱམས་སྙིང་རྗེ་ཆེ་རུ་བསྐྱེད་དེ། འགྲོ་པ་མིའི་རིགས་ནས་འབུ་སྲིན་ཡན་གྱི་སྲོག་ཆགས་ཐམས་ཅད་ལ་གནོད་སྐྱོན་ཐེབས་བཞིན་པའི་གནས་ལ་བཤགས་བསྡོམ་བྱས་ནས་ལམ་རིམ་ལས་མངོན་པའི་མི་ཆོས་བསམ་བློ་དག་ཚུར་ལེན་བྱས་ཤིང་ལག་བསྟར་བྱས་ཚེ། ཡུལ་ཕྱོགས་ཀུན་ཞི་བདེས་ངང་འཕེལ་རྒྱལ་སུ་འགྲོ་ལ་རང་གཞན་མཐའ་དག་ལ་འཆེ་བ་འབྱུང་བའི་གནས་རྣམས་སྔོན་འགོག་བྱ་ཐུབ། དཔལ་འབྱོར་དང་རང་གཅིག་པུའི་ཁེ་ཕན་ལ་མི་བསམ་པར་བློ་ཁོག་ཡངས་པོར་ཕྱེ་ནས་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་འབྲས་སམ་གཅིག་ལ་གཅིག་རྟེན་གྱིས་སྒོ་ནས་འཕེལ་གྱིན་པའི་དགོངས་པ་བསླབ་ན། ཕྱི་གླིང་པའི་ཤིང་སྡོང་གཅིག་པུ་ལས་ནགས་ཚལ་མི་མཐོང་བས་སྣེ་གཅིག་རང་བཞིན་ཀྱི་མཐོང་སྣང་ལས་བརྒལ་ཏེ་འགྲོ་བ་མིའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་ཕན་ཚུན་དང་མི་རིགས་ཕན་ཚུན། ཤེས་རིག་ཕན་ཚུན་སོགས་ཀྱང་གཅིག་ལ་གཅིག་རྟེན་ཡིན་པའི་བློ་སྐྱེས་ནས་ཕན་ཚུན་ལ་གནོད་སྐྱེལ་པའི་ལས་ཡང་ཉུང་ནས་ཉུང་ཏུ་ཕྱིན་འགྲོ་ངེས་ཡིན།

  ཨ་རིའི་ཆབ་སྲིད་བསམ་བློ་མཁན་གྲགས་ཅན་ཧེང་ཐིང་ཏུན་གྱིས《ཤེས་རིག་གི་འགལ་ཟླ་དང་འཛམ་གླིང་གི་སྒྲིག་ལུགས་སླར་འཛུགས》(པྲཾཨྱཱུ༣《སྱཻཧྱཱསྦུརྣཥྭཱརྔྷཱནྭོགྒིཊྜཾཀྼེསྦུཋྩུཝྲྀ》)ཞེས་པའི་དཔེ་དེབ་ནང་མ་འོངས་པའི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ནི་ཤེས་རིག་སྣ་མང་དང་གཞི་མང་ཅན་དུ་འགྱུར་ངེས་ལ། སྤྱི་བསྡོམ་པའི་ནུབ་གླིང་གི་ཤེས་རིག་སྟེ་ཡེ་ཤུའི་ཆོས་ལུགས་དང་། ཀྲུང་ཧྭ་ཤེས་རིག་སྟེ་རུའུ་ཡི་བསམ་བློ། ཧིན་རྡུ་ཤེས་རིག་སྟེ་ཧིན་རྡུ་ཆོ་ས་ལུགས། འཇར་པན་ཤེས་རིག དབྱི་སི་ལན་ཤེས་རིག སི་ལ་ཧྥུ་ཤེས་རིག་སྟེ་ཏུང་ཀྲིང་ཆོས་ལུགས(ཡེ་ཤུའི་ཆོས་ལུགས་ཁག་ཆེན་པོ་གསུམ་ཏུ་གྱེས་པའི་ནང་གསེས་ཞིག)ལ་ཏེང་མེ་གླིང་ཤེས་རིག་ད་དུང་ཧྥེ་གླིང་ཤེས་རིག་བཅས་ཤེས་རིག་བདུན་ནམ་བརྒྱད་དུ་འགྲུབ་ངེས་པར་བཤད་ཅིང་། ལྟ་ཚུལ་དེར་དཔྱད་པ་ཞིག་བྱས་ཚེད་ལྟ་དམག་ཆས་ཀྱི་འཐབ་འཁྲུག་མཇུག་རྫོགས་ནས་ཤེས་རིག་ཕན་ཚུན་བར་གྱི་མཐའ་འཁྲུག་གི་མགོ་བསླངས་པར་སྣང་ལ། ཤེས་རིག་ཕན་ཚུན་གྱི་འགྲན་རྩོད་དང་འཐབ་འཁྲུག་ནི་གཙོ་བོ་ཤེས་རིག་དེར་ཡོངས་ཁྱབ་ཀྱི་རིན་ཐང་ལྡན་མིན་དང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཕན་བདེ་ཇི་འདྲ་སྐྲུན་ཐུབ་མིན་ལ་རག་ལས་ཤིང་། ཤེས་རིག་གང་ཞིག་གིས་མིའི་སྤྱི་ཚོགས་ལ་ཕན་ན་དེ་ཀུན་གྱིས་དང་ལེན་བྱེད་ལ་འཛམ་གླིང་རིག་གནས་ཀྱི་གྲས་ནས་གོ་གནས་ཆེན་པོ་ཟིན་ངེས། དེ་བ《བྱང་ཆུབ་ལམ་རིམ་གཙོ》བྱས་པའི་བོད་བརྒྱུད་ནང་བསྟན་གྱི་གཞུང་ན་ཀུན་ལ་ཕན་པའི་བསམ་བློ་མང་པོ་ཡོད་རྐྱེན། ང་ཚོས་དེ་དག་རྔོག་འདོན་བྱས་ནས་ད་ལྟའི་སྤྱི་ཚོགས་འཕེལ་ཕྱོགས་ཀྱི་དགོས་མཁོ་དང་བསྟུན་ནས་འགྲེལ་གསར་བ་བརྒྱབ་སྟེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོར་ངོ་སྤྲོད་དང་བརྒྱུད་སྒྲོག་བྱ་དགོས་ལ། གལ་ཏེ་སྔར་བཞིན་རང་མི་རིགས་གཅིག་པུར་དམིགས་པའམ་རང་གྲུབ་མཐའ་འམ་རང་ཡུལ་ཁོ་ན་ནས་མགོ་འཁོར་ནས་བསྡད་ཚེ་ཤེས་རིག་ཅི་འདྲ་ཞིག་ཡིན་རུང་གཞན་ལ་ཆ་རྒྱུས་མེད་ཀྱང་དང་ལེན་དེ་བས་ཀྱང་བྱ་མི་སྲིད་པར། དེ་ལས་ལྡོག་ཏེ་ནམ་ཞིག་གི་དུས་ལ་ཤེས་རིག་གཞན་ཞིག་གིས་ཁྱུར་མིད་བྱ་ངེས་ཡིན་ནོ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག