དང་པོ། 《ས་སྐྱ་ལེགས་བཤད》ཀྱི་བསམ་བློའི་རིན་ཐང་གླེང་བ།

    སྤྱིར་ལེགས་བཤད་ཀྱི་བསྟན་བཅོས་འདིར་རབ་བྱེད་དགུ་དང་། ཤོ་ལོ་ཀ་བཞི་བརྒྱ་དང་ང་བདུན་མཆིས་པ་ལས། འཇིག་རྟེན་གྱི་བྱ་བ་ལེགས་པར་སྒྲུབ་པ་དང་། དམ་པའི་ཆོས་རྣམ་པར་སྒྲུབ་པ། ཆོས་སྲིད་ཟུང་འབྲེལ་སྒོས་འཇིག་རྟེན་ཚུལ་བཞིན་སྐྱོང་དགོས་པའི་བསླབ་བྱ་མང་དུ་མཆིས་ཏེ།

    གཅིག ཡུལ་འཁོར་སྐྱོང་བའི་རྗེ་དཔོན་རྣམས་ཀྱིས་འཇིག་རྟེན་ལུགས་མཐུན་སྒོས་འཁོར་མངའ་འབངས་སྐྱོང་དགོས་ཚུལ་བསྟན་པ་ལ། དཔེར་ན། རྒྱལ་པོས་ཆོས་བཞིན་ས་བསྐྱང་སྟེ། །མིན་ན་རྒྱལ་བོ་ཉམས་པའི་རྟགས། །ཉི་མས་མུན་པ་མི་སེལ་ན། །དེ་ནི་གཟའ་ཡིས་ཟིན་པའི་རྟགས། །ཞེས་པ་ལྟ་བུ་ཡིན།

    གཉིས། ཉམ་ཐག་གི་འབངས་མིའི་བློ་གྲོས་ནི་བླ་ན་མེད་ཅིང་འགྲན་པའི་ཟླ་དང་བྲལ་བའི་བསམ་བློ་མཚོན་པ་ནི། དཔེར་ན། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །ཞེས་པ་ལྟ་བུ་ཡིན།

    གསུམ། རིག་པའི་གནས་ལ་འཇུག་པའི་ཚེ་འཕྲལ་གྱི་བདེ་བ་ཁོ་ནར་མི་གཡེང་བར་དཀའ་ངལ་ཁྱད་བསད་སྒོས་ཕུགས་ཀྱི་འདུན་མའི་ཆེད་དུ་འབད་པ་ལྷུར་ལེན་བྱེད་དགོས་པ་ལས་ལེ་ལོའི་དབང་དུ་གཡེང་བ་ལ་མཁས་པའི་གོ་འཕང་ཡེ་ནས་འཐོབ་དཀའ་བའི་ཕུགས་འདུན་གྱི་བསམ་བློ་ཡང་དག་མཚོན་ཡོད་པ་སྟེ། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་འཐོབ་མི་སྲིད། །ཞེས་པ་ལྟ་བུ་ཡིན།

    བཞི། མཁས་པ་རྣམས་ནི་ཡོན་ཏན་གྱི་བདག་ཉིད་དུ་གྱུར་ཡང་ཆེ་ཚུགས་སྤངས་ཏེ་བག་ཡོད་ཞི་ཞིང་དུལ་བ་དང་། བླུན་པོའི་སྤྱོད་ཚུལ་ངན་པར་མཚང་འབྱིན་པར་སྨྲ་བའི་བསམ་བློ་མཚོན་པ་ནི། བླུན་པོས་ཡོན་ཏན་ཁ་རུ་འབྱིན། །མཁས་པས་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་དུ་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་། །ཞེས་པ་ལྟ་བུ་ཡིན་ནོ། །

    གཉིས་པ། 《ས་སྐྱ་ལེགས་བཤད》ཀྱི་སྒྱུ་རྩལ་གྱི་རིན་ཐང་གླེང་བ།

    ལེགས་བཤད་འདི་ནི་མཚན་ཉིད་རིག་པའམ་བདེན་ལུགས་ཀྱིས་ཕྱུག་པའི་བརྗོད་བྱའི་དོན་དང་ལྡན་ལ། མི་རྣམས་ལེགས་ལམ་དུ་བསྐུལ་བའི་ཡང་དག་པའི་གཏམ་ངོ་མཚར་ཅན་ཏེ། དེའི་རྗོད་བྱེད་ཀྱི་ཚིག་ཀྱང་བརྡ་རྙིང་དང་སྙན་ཚིག་ཁོ་ནས་མ་བཅིངས་པར་སྡེབ་ལེགས་ཤིང་གོ་སླ་བའི་ཚིག་གིས་དོན་གྱི་སྙིང་བོ་རྗེན་པར་སྟོན་ལ། སྐྱེ་བོ་ཀུན་ལ་ཆ་རྒྱུས་ཡོད་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྐྱེ་དངོས་ཀྱི་རྩ་བའི་གཏན་ཚིགས་དང་ཆོས་ཉིད། དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་བརྗོད་དོན་བདེ་བླག་ཏུ་གོ་བའི་དཔེ་རུ་སྦྱར་ཏེ་གསལ་བར་བསྟན་ཡོད།

    གཅིག ཆོས་ཉིད་དང་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་དཔེ་ཡིས་བརྗོད་བྱ་འཁྲུལ་མེད་དུ་བསྟན་ཡོད་པ་ནི། དཔེར་ན། སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །མེ་ནི་ཐུར་དུ་ཁ་བསྟན་ཀྱང་། །མེ་ལྕེ་གྱེན་ལ་འབར་བ་མཐོང་། །ཞེས་པ་ལྟ་བུ་ཡིན།

    གཉིས། ལོ་རྒྱུས་ཁྲོད་ཀྱི་ཉམས་མྱོང་དཔེ་རུ་བཀོད་ནས་བརྫོད་དོན་གསལ་བར་བསྟན་པ་ནི། དཔེར་ན། ཆེན་པོས་དགྲ་ལ་བྱམས་བྱས་ནས། །དགྲ་ཉིད་དེ་ཡི་དབང་དུ་འགྱུར། །མང་པོས་བཀུར་བས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱལ་བོར་དབང་བསྐུར་རོ། །ཞེས་པ་ལྟ་བུ་ཡིན།

    གསུམ། ངོ་མཚར་བའི་སྔོན་བྱུང་གི་གཏམ་རྒྱུད་ལས་བྱུང་བའི་མྱོང་ཚོར་དཔེ་རུ་སྦྱར་ཏེ་བརྗོད་ཡོད་པ་ནི། བློ་དང་ལྡན་ན་ཉམ་ཆུང་ཡང་། །སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་། །རི་བོང་བློ་དང་ལྡན་པས་བསད། །ཞེས་པ་ལྟ་བུ་ཡིན་ནོ། །

    གསུམ་པ། 《ས་སྐྱ་ལེགས་བཤད》ཀྱི་སློབ་གསོའི་རིན་ཐང་གླེང་བ།

    སྤྱིར་ལེགས་བཤད་ནི་སློབ་གསོ་གཏོང་བའི་གོ་དོན་དང་ལྡན་པའི་ཚིགས་བཅད་དམ་གྲུབ་ཚིག་གི་མིང་ལ་གོ་བ་སྟེ། ས་པཎ་མཆོག་གིས་ཀྱང་བསྟན་བཅོས་འདིར་རྗེས་རབས་པ་རྣམས་ཀྱིས་རིག་པའི་གནས་ལ་བརྩོན་པ་དང་། གཞན་ཕན་དགེ་ཕྱོགས་ལ་འབད་པ། རྒན་བཀུར་བྱིས་སྐྱོང་གི་ལུགས་བཟང་སྤེལ་བ། མཐུན་སྒྲིལ་ལ་དགའ་བ། ཕུགས་འདུན་གྱི་དམིགས་པ་སོགས་ཡ་རབས་སྤྱོད་བཟང་དར་སྤེལ་ཐད་ངོ་མཚར་བའི་གདམས་ངག་དང་སློབ་གསོ་རྒྱ་ཆེན་གནང་བར་ཚིག་རེ་རེར་བཀླག་རྒྱུ་དང་དོན་རེ་རེར་བསམ་རྒྱུ་ཡོད་པས། ཡུལ་དུས་གང་རུང་དུ་གོ་སྐོན་བློ་འགུག་གི་སློབ་གསོའི་ནུས་པ་ཐོན་དང་འཐོན་ངེས་ཡིན་ཏེ།

    གཅིག སྐལ་ལྡན་སློབ་གཉེར་བ་རྣམས་ལ་འབད་བརྩོན་ལྷོད་མེད་སྒོས་ཤེས་རིག་ཡོན་ཏན་ལ་དགའ་ཞེན་དང་ཡི་རངས། བརྩོན་སྙེག་བྱེད་པ་ལས་རྣམ་གཡེང་དང་ལེ་ལོའི་དབང་དུ་གྱུར་ན་ནི་ཡོན་ཏན་ཡེ་ནས་འབྱོར་མི་སྲིད་པའི་སློབ་གསོ་གནང་ཡོད་པ་ནི། དཔེར་ན། ཕན་དང་མི་ཕན་མི་དཔྱོད་ཅིང་།།བློ་དང་ཐོས་པ་མི་བསྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །ཞེས་པ་ལྟ་བུ་ཡིན།

    གཉིས། མཁས་བླུན་གྱི་རང་གཤིས་གཤིབ་བསྡུར་སྒོས་མི་རྣམས་ལ་ང་རྒྱལ་དང་ཆེ་ཚུགས་མེད་པར་ཁེངས་སྐྱུང་གི་འདུ་ཤེས་བརྟན་པོས་མཁས་བཙུན་བཟང་གསུམ་འཛོམས་པའི་དམ་པར་བསྟེན་པ་དང་། རྒན་བཀུར་ཆུང་བྱམས་བྱེད་དགོས་པའི་ཞལ་གདམས་གནང་ཡོད་པ་ནི། དཔེར་ན། ཡོན་ཏན་སློབ་པའི་དུས་ཉིད་ན། །ཆེ་ཚུགས་སྤངས་ཏེ་སློབ་དཔོན་བསྟེན། །དམ་པ་རྣམས་ལ་བསྟེན་བྱས་ན། །ཡོན་ཏན་དབྱར་གྱི་ཆུ་བཞིན་འཕེལ། །ཞེས་པ་ལྟ་བུ་ཡིན།

    གསུམ། འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབ་ཀྱང་བརྟག་དཔྱད་དང་གཟབ་ནན་བྱེད་དགོས་པ་ལས། འོལ་ཚོད་ཀྱིས་བསྒྲུབ་མི་འོས་བའི་གཏམ་ཡང་དག་སྟེ། དཔེར་ན། ལེགས་པར་བརྟག་ནས་བྱེད་པ་ལ། །བྱ་བ་ཉམས་པ་ག་ལ་སྲིད། །མིག་ལྡན་བརྟག་ནས་འགྲོ་བ་ལས། །གཡང་སར་སྒོམ་པ་འདོད་དམ་ཅི། །ཞེས་པ་ལྟ་བུ་ཡིན་ནོ། །

    མདོར་ན། ལེགས་བཤད་བསྟན་བཅོས་འདི་ཉིད་ཀྱི་ཚིག་གི་སྡེབ་སྦྱོར་ལེགས་ཤིང་རྣ་བར་སྙན་པ་དང་། སྐྱེ་བོ་མཆོག་དམན་ཀུན་གྱིས་གོ་སླ་ལ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་དཔེ་གཉིས་ཕན་ཚུན་འབྲེལ་དམ་པོར་ཆགས་པས་བརྗོད་བྱའི་སྙིང་པོ་འབུར་དུ་ཐོན་ཡོད་པ། གོ་བདེ་ལ་བདེན་པའི་གནས་ལུགས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ཁྱད་འཕགས་ཀྱི་ཡོན་ཏན་གྱིས་ཀུན་ནས་ཕྱུག་པ་ཡིན། ཁྱད་པར་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་བྱུང་བའི་ཚེག་བར་བདུན་མ་ཅན་གྱི་བསྟན་བཅོས་ཐོག་མ་ཡིན་པས། ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་མངའ་ཞིང་མི་རྣམས་ཀྱི་བསམ་བློ་དག་སྦྱོང་དང་ཀུན་སྤྱོད་ལེགས་སྐྱོང་བྱེད་པ་ལ་ཕན་ཡོན་དཔག་དཀའ་བ་འབྱུང་ཞིང་། བོད་མི་རིགས་ཀྱི་རིག་གནས་དཔལ་ཡོན་དང་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་མཐུན་འགྲིག་ཡོང་བ་ལ་ཡང་ཕན་ནུས་གཞལ་མེད་བཏོན་དང་འདོན་བཞིན་ཡོད་དོ། །  

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག