རྟོན་རྒྱུའི་ཆོས་བཞི་ནི། དོན་དང་ཡེ་ཤེས། ངེས་དོན་གྱི་མདོ་སྡེ་དང་ཆོས་ཉིད་དོ། །མི་རྟོན་རྒྱུའི་ཆོས་བཞིའང་འདི་ལྟར། །ཚིག་འབྲུ་དང་རྣམ་ཤེས། དྲང་དོན་གྱི་མདོ་སྡེ་དང་གང་ཟག་བཞིའོ། །རེ་རེ་ནས་ཞིབ་ཏུ་ངོས་བཟུང་ན་རྟོན་རྒྱུའི་ཆོས་བཞིའི་དང་བོ་དོན་ནི། ཕྱིན་ཅི་མ་ལོག་པའི་རིགས་པས་གྲུབ་པའི་དོན་ཐམས་ཅད་ལ་བྱེད་ལ། མདོ་སྡེ་རྒྱན་དུ། དེ་དོན་དགོངས་པ་ཅན་དང་ནི། །ཞེས་གསུངས་སོ། །རྒྱན་གྱི་ཚིག་འདི་འགྲེལ་ཚུལ་ལ་ཞིབ་ཏུ་བརྟག་དགོས་པར་སྣང་ངོ་། །གཉིས་པ་ཡེ་ཤེས་ནི། ཡང་དག་པའི་ཤེས་རབ་སྟེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ཐམས་ཅད་ལ་བྱ་དགོས་པ་ནི་མདོ་སྡེ་རྒྱན་ལས། དེ་ཡི་བརྗོད་མེད་ཐོབ་པའོ། །ཞེས་དང་། དེའི་ཐོགས་འགྲེལ་དུ། བརྗོད་པ་མེད་པ་ཐོབ་པ་ནི་རྟོགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་སྟེ། དེ་ནི་བརྗོད་དུ་མེད་པའི་ཕྱིར། །ཞེས་གསུངས་སོ། །གསུམ་པ་ངེས་དོན་གྱི་མདོ་སྡེ་ནི། ངེས་དོན་སྟོང་བ་ཉིད་བརྗོད་བྱའི་གཙོ་བོར་བྱེད་པའི་ཤེར་ཕྱིན་གྱི་མདོ་སྡེ་སོགས་ཡིན་ལ། དེ་ལྟར་མདོ་སྡེ་རྒྱན་དུ། ངེས་དོན་ཚད་མ་ལྡན་པ་དང་། །ཞེས་དང་། ཐོགས་འགྲེལ་དུ། དེ་ལ་ཚད་མ་དང་ལྡན་པའི་དོན་ནི་སྟོན་པ་ཚད་མར་གྱུར་པའམ། དེས་ཚད་མར་མཛད་པས་ངེས་པར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པའོ། །ཞེས་གསུངས་སོ། །རྩ་འགྲེལ་འདིའི་དོན་འགྲེལ་ཚུལ་ལ་རྣལ་འབྱོར་སྤྱོད་པ་བ་དང་རང་རྒྱུད་པ་རྣམས་ཀྱིས་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་ཡོད་པས་ཞིབ་ཆ་ཐོན་དགོས་པར་སྣང་ངོ་། །བཞི་བ་ཆོས་ཉིད་ནི་མདོ་འདི་ལྟར་ན་མངོན་མཐོ་ངེས་ལེགས་ཀྱིས་བསྡུས་པའི་འཐད་སྒྲུབ་ཀྱི་རིགས་པ་སྟེ་ཆོས་ཉིད་དང་མི་འགལ་བའི་རིགས་པ་ལ་བྱས་ཀྱང་ཆོག་ལ། མདོ་སྡེ་རྒྱན་ལྟར་ན། གཙུག་ལག་བསྟན་པའི་ཆོས་དང་ནི། ཞེས་པ་ལྟར་ཐུབ་པའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་གནོད་མེད་རྣམས་འཇོག་པར་སེམས་སོ། །པར་ཡིག་ཁ་ཅིག་ཏུ། གཙུག་ལག་བརྟན་པའི་ཞེས་ར་མགོ་བྱེད་པ་ནི་ཡིག་ནོར་རོ། །

    མི་རྟོན་རྒྱུའི་ཆོས་བཞི་ནི། ཚིག་འབྲུ་དང་རྣམ་ཤེས། དྲང་དོན་གྱི་མདོ་སྡེ་དང་གང་ཟག་གོ། །དེ་ལ་དང་བོ་མི་རྟོན་རྒྱུའི་ཚིག་འབྲུ་ནི་སྤྱིར་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་ལ། ལྷག་དོན་ཐུབ་པའི་གསུང་རབ་ཀྱི་དབང་དུ་བྱས་ན་སྒྲ་ཇི་བཞིན་པ་རྣམས་ཀྱང་བཞག་ཆོག་པར་སྣང་ངོ་། །འདིའི་ཐད་དུ་མདོ་སྡེ་རྒྱན་ལས། ཇི་སྐད་བཤད་པ་དང་། ཞེས་འབྱུང་ལ། དེའི་ཐོགས་འགྲེལ་དུ། ཚིག་འབྲུ་སྒྲ་ཇི་བཞིན་གྱི་དོན་ཏེ་དགོངས་པ་ཅན་གྱི་དོན་ནི་མ་ཡིན་ནོ། །ཞེས་གསུངས་པ་ནི་ཚིག་ལ་མི་རྟོན་རྒྱུའི་གཙོ་བོར་སྒྲ་ཇི་བཞིན་པ་རྣམས་གཟུང་གི་དགོངས་ལྡེམ་དགོངས་ལ་སོགས་རྣམས་གཙོ་བོ་མིན་པ་བསྟན་པའི་ཕྱིར་དུ་ཡིན་ལ། ཅི་ཡི་ཕྱིར་ན། དོན་ལ་མི་རྟོན་ཚིག་ལ་རྟོན་པ་ནི་སྒྲ་ཇི་བཞིན་པའམ་འབྲུ་ལེགས་པར་སྦྱར་བ་ལ་བརྟེན་ནས་ཕལ་ཆེ་བ་ཚིག་ལ་ཡིད་ཆེས་པའི་གནད་ཀྱིས་སོ། །གཉིས་པ་རྣམ་ཤེས་ནི། འཁྲུལ་བའི་ཤེས་པ་སོ་སྐྱེ་ནས་འཕགས་པའི་བར་གྱི་གང་ཟག་ཐམས་ཅད་ཀྱི་རྒྱུད་ཀྱི་ཤེས་པ་རང་ག་བ་རྣམས་ཏེ། སྣང་བཞིན་དུ་བསླུ་བ་སྲིད་པའི་ཕྱིར་ངེས་པའི་དོན་གྱི་གནས་ལུགས་འཚོལ་བྱེད་དུ་ཡང་དག་པར་མི་རིགས་པའི་ཕྱིར། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྗོད་དང་བཅས་པ་ཐོབ་པ་དག །ཅེས་དང་། དེའི་ཐོགས་འགྲེལ་དུ། བརྗོད་པ་དང་བཅས་པའི་ཤེས་པ་སོ་སོ་རང་གིས་རིག་པར་བྱ་བ་མ་ཡིན་པའོ། །ཞེས་གསུངས་སོ། །འདི་ནི་ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་དང་། འཇུག་པ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའམ་མ་ཡིན་ནོ། །རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་པ་དང་ཁོག་གཅིག་པར་སྣང་ངོ་། །གསུམ་པ་དྲང་དོན་གྱི་མདོ་སྡེ་ནི། ཀུན་རྫོབ་བདེན་པ་དངོས་བསྟན་གྱི་གཙོ་བོར་བྱས་ཏེ་སྟོན་པའི་མདོ་སྡེ་རྣམས་ཡིན་མོད། འོན་ཀྱང་རང་རྒྱུད་པ་དང་རྣལ་འབྱོར་སྤྱོད་པ་བའི་ལུགས་རྣམས་འདིར་མ་འདྲེས་པར་བྱའོ། །འདིའི་སྐབས་ཀྱི་མདོ་སྡེ་རྒྱན་ལས། ལོག་པར་ཡང་དག་ཤེས་པ་དང་། ཞེས་དང་། ཐོགས་འགྲེལ་དུ། ལོག་པར་བསམས་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ། །ཞེས་པ་ནི་གཙོ་བོའི་མཚན་གཞི་ངོས་བཟུང་བའམ་ཡང་ན་སེམས་ཙམ་གྱི་ལུགས་སུ་བཀྲལ་ཀྱང་འགལ་བ་ཆེར་མི་སྣང་ངོ་། །བཞི་བ་གང་ཟག་ནི། ཚུར་མཐོང་ཐ་མལ་བ་ནས་བཟུང་སྟེ་སྟོན་པ་ཚད་མའི་སྐྱེས་བུའི་བར་གྱི་གང་ཟག་ཐམས་ཅད་ལ་བྱ་དགོས་པ་ནི་སྐབས་ཀྱིས་ཤེས་ལ། མདོ་སྡེ་རྒྱན་ལས། སྤོང་དང་། ས་དང་། ཐོགས་འགྲེལ་དུ། གཙུག་ལག་གི་ཆོས་སྤོང་བའི་གང་ཟག་དགག་པར་བསྟན་ཏོ། །ཞེས་འབྱུང་བའམ་མཚན་གཞི་ངོས་བཟུང་བ་ཙམ་ལས་ཁྱབ་པར་བསྟན་པ་མིན་ནོ། །རྣམ་བཞག་ཇི་ལྟར་སྦྱོར་ཚུལ་ནི། ཐབས་སམ་རྒྱུ་མཚན་ཡང་དག་པས་འགྲུབ་པའི་དོན་དག་ནི་བླང་བར་བྱ་ལ། དེ་གཉིས་ལ་བརྟེན་ནས་མི་འགྲུབ་པའི་དོན་དག་ནི་ཚིག་དང་འབྲུ་སྦྱར་བ་ཅི་ཙམ་བཟང་ཡང་ཉེས་པར་བཤད་པ་སྟེ་སྤང་བར་བྱ་བ་ཡིན་པས། ཚིག་འབྲུ་ལ་མི་རྟོན་དོན་ལ་རྟོན་པའི་རྣམ་བཞག་མཛད་དོ། །ངེས་དོན་ཟབ་མོ་འཚོལ་བའི་ཚེ་གང་གི་གཟིགས་ངོར་ཡོད་པའི་དོན་དེ་ཉིད་གཤིས་ལུགས་མཐར་ཐུག་ཏུ་གྲུབ་ན་དེ་ཉིད་ལ་རྟོན་རིགས་ཀྱི། ཡིན་ལུགས་ལ་འཁྲུལ་བའམ་ངེས་དོན་ཟབ་མོ་འཚོལ་བྱེད་དུ་མི་རིགས་ན་ངེས་དོན་ཟབ་མོ་འཚོལ་བའི་སྐབས་སུ་རྟོན་རིགས་པ་མིན་ནོ། །ཞེས་པ་གོ་བའི་ཆེད་དུ་ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པའི་རྣམ་བཞག་མཛད་དོ། །དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་རྣམས་ནི་སྒྲས་ཟིན་ལྟར་རུང་མི་རུང་ཇི་ལྟར་ཡང་འཐད་སྒྲུབ་ཀྱི་རིགས་པ་དང་བཅས་ཏེ་རྟོན་རིགས་ཀྱི་དེ་ལས་གཞན་པའི་གསུང་རབ་དག་ནི་གཞན་དུ་འདྲེན་པའི་ཐབས་ཀྱི་ཚུལ་ལས་མ་འདས་པའི་ཕྱིར་ན། ངེས་དོན་གྱི་གསུང་རབ་ཏུ་ཡིད་ཆེས་པ་སྤང་བར་བྱ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་དུ་རྟོན་པ་གསུམ་པའི་རྣམ་བཞག་འདི་ཉིད་མཛད་པ་ཡིན་པར་མངོན་ནོ། །

    ཚུལ་བཞིན་དུ་དཔྱོད་པར་བྱེད་པའི་ཡང་དག་པའི་རིགས་པ་བཞི་སོགས་ཀྱིས་ཇི་ལྟར་དཔྱད་པའི་དོན་ལ་རྟོན་རིགས་ཀྱི་གང་ཟག་མཆོག་དམན་སོགས་ཀྱི་དབང་ལས་རྟོན་པ་མི་རིགས་སོ་ཞེས་པའི་རྣམ་བཞག་གོ་བའི་ཆེད་དུ་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའི་རྣམ་བཞག་འདི་ཉིད་མཛད་པར་མངོན་ནོ། །ཆོས་གྲྭའི་ལུགས་ཀྱི་རིགས་པ་ཅུང་ཟད་བཀོད་ན་འདི་ལྟར། ཚིག་དང་འབྲུ་ལེགས་པར་སྦྱར་བའི་བཀའ་དང་བསྟན་བཅོས་རྣམས་ཆོས་ཅན། མི་རྟོན་རྒྱུའི་ཚིག་འབྲུ་མ་ཡིན་པར་ཐལ། རྟོན་རྒྱུའི་དོན་ཡིན་པའི་ཕྱིར་ཏེ། ཐབས་སམ་རྒྱུ་མཚན་ཡང་དག་པས་འགྲུབ་པའི་དོན་ཡིན་པའི་ཕྱིར། ཞེས་པ་དང་། ཐུབ་པའི་བཀའ་དང་བསྟན་བཅོས་ལ་ཡིད་ཆེས་མི་རིགས་པར་ཐལ། དེ་དག་མི་རྟོན་རྒྱུའི་ཚིག་འབྲུ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཚིག་འབྲུ་ལེགས་པར་སྦྱར་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་བཀའ་བསྟན་བཅོས་ལ་རྟོན་མི་རིགས་པའི་ཆ་ནས་འཇོག་དགོས་པ་གོང་དུ་ཞུས་ཟིན་པ་དེའི་ཕྱིར་ཞེ་ན། ཇི་ལྟར་དཔྱོད། དེ་ལ་ཁོ་ན་རེ། ལེགས་པར་སྦྱར་བའི་ཐུབ་པའི་བཀའ་དང་བསྟན་བཅོས་རྣམས་ཆོས་ཅན། རྟོན་མི་རྟོན་གཉིས་ཀྱི་གཞི་མཐུན་དུ་ཐལ། མི་རྟོན་རྒྱུའི་ཚིག་འབྲུ་དང་རྟོན་རྒྱུའི་དོན་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར་ན་མ་ཁྱབ། དེས་མཚོན་ནས་བསྟན་བཅོས་གཞན་ལའང་ཤེས་པར་བྱའོ། །དེ་བཞིན་དུ་འདུས་བྱས་མི་རྟག་པར་སྟོན་པའི་མདོ་ཆོས་ཅན། རྟོན་པར་བྱ་བའི་མདོ་སྡེ་ཡིན་པར་ཐལ། རྣལ་འབྱོར་སྤྱོད་པས་རྟོན་པར་བྱ་བའི་མདོ་སྡེར་འདོད་པའི་ཕྱིར་ན་མ་ཁྱབ་སྙམ་སྟེ་དཔྱད་པར་བྱ་ལ། རྟགས་གྲུབ་སྟེ། དེའི་ལུགས་ཀྱི་ངེས་དོན་གྱི་མདོ་སྡེ་ཡིན་པའི་ཕྱིར། གཞན་ཡང་། ཤེས་རབ་སྙིང་པོ་ཆོས་ཅན། མི་རྟོན་རྒྱུའི་མདོ་སྡེ་མ་ཡིན་པར་ཐལ། རང་རྒྱུད་པའི་ལུགས་ལ་མ་ཡིན་པ་དེའི་ཕྱིར་ཟེར་བ་དང་། ཐུབ་པ་སངས་རྒྱས་ཆོས་ཅན། མི་རྟོན་རྒྱུའི་གང་ཟག་མིན་པར་ཐལ། རྟོན་རྒྱུའི་གང་ཟག་ཡིན་པའི་ཕྱིར་ཏེ། རྟོན་རིགས་པའི་གང་ཟག་ཡིན་པའི་ཕྱིར་ཟེར་བ་རྣམས་ལ་ལན་ཅི་མཚོན་བློ་གྲོས་ཟབ་མོས་བརྟགས་ཏེ་གདབ་པར་བྱའོ། །བདག་དང་བདག་འདྲ་བའི་བློ་དམན་རྣམས་ཀྱིས་ངོས་འཛིན་སླ་བའི་ཕྱིར་རྟོན་རྒྱུའི་བཞི་དང་མི་རྟོན་རྒྱུའི་ཆོས་བཞི་ཞེས་ཕྲལ་ཏེ་སྦྱར་བ་མ་གཏོགས་སྤྱིར་གཞུང་འགའ་ཞིག་ཏུ་སྟོང་ཉིད་རྟོགས་པའི་རྗེས་དཔག་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་མཚན་གཞིར་སྦྱར་ཏེ་འཇོག་ཚུལ་ཉིད་བཟང་བར་སེམས་སོ། །རྟོན་བཞིའི་རྣམ་བཞག་ཤེས་པའི་ཕན་ཡོན་ནི། ཐོས་བསམ་སྒོམ་གྱི་ཤེས་རབ་མ་ཐོབ་པ་རྣམས་ཐོབ་པ་དང་། ཐོབ་པ་རྣམས་མི་ཉམས་རབ་ཏུ་འཕེལ་བའི་དགེ་མཚན་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། མོས་དང་རྣམ་པར་དཔྱོད་པ་དང་། གཞན་ལས་ཇི་བཞིན་ཐོས་པ་དང་། །བརྗོད་པ་མེད་པའི་ཡེ་ཤེས་ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཞེས་རྟོན་བཞིའི་རྣམ་བཞག་ཅུང་ཟད་བསྡུས་པ་འདི་ཉིད་རང་ཉིད་དང་སྐལ་མཉམ་གྱི་དབང་རྟུལ་རྣམས་ལ་དོགས་པའི་ཟུར་རྒྱན་དུ་རེ་ནས་བྲིས་པ་ཡིན་ཡང་ནོངས་པ་གང་མཆིས་གཟུར་གནས་ཡོངས་ལ་བཟོད་པར་གསོལ་ལོ། །   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག