དང་པོ། ཞེ་ཚིག་གི་བྱུང་འཕེལ།

    སྙན་ཞིང་འཇེབས་པའི་སྐད་ཆ་ནི། མིའི་རིགས་ཀྱི་ལྷག་བསམ་དཀར་པོའི་མཚོན་རྟགས་ཡིན་ལ། རྣ་བར་སྙན་ཞིང་ཡིད་དུ་འོང་བའི་སྐད་ཆས་མི་རྣམས་ཕན་ཚུན་ལ་བརྩི་མཐོང་གུས་བཀུར་དང་བརྩེ་སེམས་ཆེ་བ་མཚོན་པ་དང་། ཞེ་ཚིག་ནི་དེ་ལྟ་བུའི་སྙན་ཞིང་འཇེབས་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་ལྟ་བུ་ཡིན་པས། མི་རྣམས་ཀྱིས་གུས་བཀུར་དང་ལྷག་བསམ་མཚོན་པའི་དགོས་མཁོ་ལ་དམིགས་ཏེ། ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གང་དུའང་ཞེ་ཚིག་སྤྱོད་བཞིན་ཡོད་དེ། ཁྱད་པར་དུ་བོད་སྐད་ཀྱི་ཁྲོད་དུ་དེ་ལྟ་བུའི་སྣང་ཚུལ་ཤིན་ཏུ་ནས་མང་བ་རེད། བོད་མི་རིགས་ནི་བྱམས་སྙིང་རྗེ་ཆེ་ཞིང་སེམས་ཅན་ཐམས་ཅད་ལ་ལྷག་བསམ་རྣམ་དག་གིས་རོགས་བྱེད་པའི་འདུ་ཤེས་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། དེ་ལྟ་བུའི་ནང་སེམས་ཀྱི་མཛེས་པ་དེ་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་ཕྱིར་མངོན་པ་ལས་ཞེ་ཚིག་བྱུང་བ་རེད། དེ་ཡང《བཀའ་ཐང་སྡེ་ལྔ》ལས“དེ་ནས་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕག་དང་ཞེ་ས་དེ་ནས་བྱུང་།།”ཞེས་གསུངས་ཡོད་པ་ལ་གཞིགས་ན་བོད་ལ་བཙན་པོའི་རྒྱལ་རབས་ཡར་སྔོན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་རིང་ནས་བཟུང་ཞེ་ཚིག་དར་ཡོད་པ་གསལ་བོར་རྟོགས་ཐུབ། དེ་ནས་སངས་རྒྱས་བསྟན་པ་བོད་དུ་དར་བ་ནས་མངའ་བདག་ཁྲི་རལ་བ་ཅན་གྱི་བར་དུ་ཞེ་ཚིག་འདི་དབང་སྒྱུར་གྲལ་རིམ་གྱི་རྒྱལ་པོ་དང་བཙུན་མོ་རྣམས་ཁོ་ནར་སྦྱོར་བཞིན་ཡོད་པ་དང་། མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་ཞེ་ཚིག་འདི་བཙན་པོ་དང་བཙུན་མོ་ལས་གཞན་བླ་མ་སངས་རྒྱས་དང་ཆོས།དགེ་འདུན་གྱི་སྐོར་ལའང་སྦྱོར་བཞིན་ཡོད་པར་མ་ཟད་སངས་རྒྱས་དང་ཆོས།དགེ་འདུན་བཅས་ཀྱི་ཞེ་ཚིག་མི་ཕལ་ལ་སྦྱར་ཆོག་པའང་གཏན་ཁེལ་བྱས་ཡོད། དེ་ནས་བསྟན་པ་ཕྱི་དར་ནས་བཟུང་བོད་ཀྱི་མཁས་དབང་རིམ་བྱོན་གྱི་བསྟན་བཅོས་ལ་མཇལ་ན། ཞེ་ཚིག་འདི་རང་གི་དགེ་རྒན་དང་མཁས་པ་གཞན། གྲོགས་པོ་དང་ཡབ་ཡུམ་སོགས་ལའང་སྦྱོར་བཞིན་ཡོད་ལ། ད་ལྟའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དུ་ཞེ་ཚིག་འདི་རྗོད་མཁན་གང་ཟག་གིས་རང་ལས་འཕགས་པའི་མི་དང་། མི་སྣ་དེ་དག་དང་འབྲེལ་བའི་གཉེན་ཉེ་དུ།དེ་དག་དང་འབྲེལ་བའི་བྱ་དངོས་དང་བྱ་བ་སྤྱོད་པ་སོགས་ལ་སྦྱོར་བཞིན་ཡོད་པར་མ་ཟད། རང་དང་མཉམ་པའམ་རང་ལས་དམན་པ། ཐ་ན་རང་གི་བུ་དང་བུ་མོ་སོགས་དང་དེ་དག་དང་འབྲེལ་བའི་གཉེན་ཉེ་དུ། དེ་དག་དང་འབྲེལ་བའི་བྱ་དངོས་དང་བྱ་བ་སྤྱོད་པ་སོགས་ལའང་སྦྱོར་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

    ཡིན་ཡང་འཛམ་གླིང་གཅིག་གྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་ཀྱི་སྔར་ཡོད་ཀྱི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས། བསམ་བློའི་འདུ་ཤེས་མང་པོ་ཞིག་ལ་འགྱུར་བ་ཆེན་པོ་བྱུང་བ་དང་བསྟུན་ནས་ད་ལྟའི་དུས་འདིར་བོད་ཀྱི་རིན་ཐང་ཆེ་བའི་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཆེན་པོའི་གནས་སུ་གྱུར་ཡོད་པ་དང་། ཞེ་ཚིག་ལ་མཚོན་ནའང་དེ་ལྟ་བུའི་ཉེན་ཁའི་གནས་སུ་ཚུད་ཡོད་པས། བོད་ཡོངས་ཀྱི་ཆ་ནས་ཞེ་ཚིག་བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་མཆིས་ལ། བོད་པའི་དུས་རྒྱུན་འཚོ་བ་དངོས་ཀྱི་ཁྲོད་དུའང་རྒན་བཀུར་ཆུང་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་ཉམས་ནས། གང་ཟག་ཕོ་མོ་སུ་ཡིན་ཡང་ངག་ན་ཞེ་སའི་ཚིག་ཉུང་ལ་ལུས་ན་གུས་པའི་ཉམས་མེད་པ་ཞིག་ཏུ་གྱུར་ཡོད་པ་ཀུན་གྱི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་ལྟར་རོ།།

    གཉིས་པ། ཞེ་ཚིག་གི་བྱེད་ནུས།

    བོད་སྐད་ཀྱི་ཞེ་ཚིག་ནི་རྒྱལ་ཕྲན་བཅུ་གཉིས་ཀྱི་རིང་ལ་ཐོག་མར་དར་བ་ནས་བཟུང་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ནས་ད་ལྟའི་བར་དུ་གནས་ཐུབ་པ་ནི་དེར་བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཐུབ་པའི་བྱེད་ནུས་གལ་ཆེན་ཞིག་ཡོད་པས་ཡིན་ལ། གཤམ་དུ་འདིའི་སྐོར་ནས་ཅུང་ཙམ་བཤད་ན་གཤམ་གསལ་ལྟར།

    1.ཟླ་མེད་ཀྱི་ཚིག་ཉམས་འབྱིན་པ།

    བོད་སྐད་ཀྱི་ཞེ་སའི་མིང་ལ་མིང་ཕལ་བ་དང་བསྡུར་ན་ཚིག་དོན་གྱི་ཉམས་ཆེ་རུ་འབྱིན་པའི་ནུས་པ་ཆེན་པོ་ཡོད་དེ། དཔེར་ན། “ཐ་གུའི་ལྟོ་ཅན་འཇུག་པ་བཅུ་བའི་སྒྱུས། ། ཀུན་ལས་རྣམ་པར་རྒྱལ་བ་མཚར་དུ་ཅི། །གཡོ་མེད་དྲང་པོའི་ཚུལ་གྱིས་ལྷ་བཅས་འགྲོའི། །གཙུག་ན་ཞབས་སེན་ཨུ་དམ་ཝ་ར་འཛུམ། །” ཞེས་པ་ལྟ་བུ་ཞེ་སའི་ཚིག་ལ་ཕལ་བ་ལས་ལྷག་པའི་རྟོགས་པ་རྒྱ་ཡན་དུ་བསྐྱེད་པའི་ནུས་པ་ལྡན་པ་ནི། རྒྱ་གར་སྐད་ཀྱི་མངོན་བརྗོད་ཀྱི་མིང་དང་མཚུངས་པས། ཞེ་ཚིག་ནི་བོད་སྐད་ཚིག་རྒྱན་གྱི་གསོས་སུ་ཤེས་སོ།།

    2 .བླ་མེད་ཀྱི་གུས་པ་མཚོན་པ།

    བོད་སྐད་ཀྱི་ཞེ་སའི་ཚིག་ནི་ཡུལ་མཐོ་བ་དག་ལ་སྦྱར་བས་གུས་པ་བླ་མེད་མཚོན་པའི་ནུས་པ་ཡོད་དེ། དཔེར་ན། མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་།།ཐུགས་རྗེ་ཞི་ལ་དགའ་བ་རིང་དུ་དོར།།སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན།། རྡོ་རྗེ་འཆང་དབང་རྗེ་ལ་ཕག་འཚལ་ལོ།།ཞེས་པ་དང་།རྒྱ་ཆེན་དོན་གཉིས་གྲུབ་པའི་དགའ་སྟོན་ལ་རོལ་བའི།། མ་འདྲིས་འགྲོ་བའི་རྩ་ལག་སྲས་གཙང་གི་སྲས་པོ།། མཐའ་དང་ཟད་དུ་མེད་པའི་ཕྱིན་རླབས་ཀྱི་སྦྲང་ཆར།། ཐུགས་རྗེ་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས་ཕོབ་ཅིག། ཞེས་པ་ལྟ་བུ་འགྲོ་བའི་མགོན་དང་དཔུང་གཉེན་དུ་གྱུར་པའི་ཡུལ་ཁྱད་པར་བ་དང་། ཡོན་ཏན་དྲུག་གིས་རྒན་པའི་ཡུལ་གང་རུང་ལ་ཞེ་ཚིག་སྦྱར་བས། གང་ལ་སྦྱར་ཡུལ་དེ་ལ་གུས་པ་བླ་ན་མེད་པ་བྱས་པ་མཚོན་ནོ།།

    3. ཟོལ་མེད་ཀྱི་བརྩེ་བ་མཚོན་པ།

    བོད་སྐད་ཀྱི་ཁྲོད་དུ་རང་དང་མཉམ་པ་ལ་ཞེ་ཚིག་སྦྱར་བས་ཟོལ་མེད་ཀྱི་བརྩེ་བ་མཚོན་པ་ཡིན་ཏེ། དཔེར་ན། ཀྱེ་ཀྱེ་ཡིད་འོང་སྙིང་སྡུག་གཞོན་པ། ། དང་པོ་འགྲོགས་ནས་ད་ལྟའི་བར་དུ། །བརྩེ་བའི་འཛུམ་གྱིས་བསྐྱངས་པའི་ཞལ་མཛེས། །གནག་པའི་ཁྲོ་གཉེར་བསྡུས་པ་མི་དྲན། །བྱམས་པའི་གསུང་གིས་བསྐྱངས་པའི་ངག་སྙན། །ཁྲོས་པའི་བཀའ་བཀྱོན་གནང་བ་མི་དྲན།།བརྩེ་བའི་ཐུགས་ཀྱིས་འགྲོགས་པའི་ངང་བཟང་། །ཁྲེལ་མེད་ཕྱི་ཐག་བསྟུང་བ་མི་དྲན། །འཕྲལ་དགོས་ལོངས་སྤྱོད་ཡུལ་གྱི་ཉེར་སྤྱད། །ང་ཁྱོད་ཁྱད་པར་ཕྱེ་བ་མི་དྲན། ། རྒྱུན་རིང་འཕྲལ་དང་འཕྲལ་གྱི་མཛད་སྤྱོད། །མི་དགའི་རྣམ་འགྱུར་ངོམ་པ་མི་དྲན། །གཞུང་བཟང་ཕྱི་ཐག་རིང་བའི་ཐུགས་ཀྱིས། །བསྐྱངས་པའི་སྐུ་དྲིན་སེམས་ན་ཡོད་ལགས། །”ཞེས་པ་ལྟ་བུ་རང་དང་མཉམ་པ་ལ་བསྟོད་པ་དང་། འཕྲིན་བསྐུར་བ་སོགས་ཀྱི་ཚེ་ཞེ་ཚིག་གང་ལ་གང་འཚམ་དུ་སྦྱར་བས་ཡུལ་དེ་ལ་འཆིང་བའི་ལྷད་མེད་གྱི་བརྩེ་བ་མཚོན་ནོ། །

    4. བླ་མེད་ཀྱི་སྤྱོད་བཟང་མཚོན་པ།

    རང་ལས་དམན་པ་ལ་ཞེ་ཚིག་སྦྱར་བས་བརྗོད་པ་པོར་ཀུན་སྤྱོད་ལེགས་པོ་ལྡན་པ་མཚོན་ཏེ། དཔེར་ན། ཀྱེ་མ་གྲོགས་པོ་ཁྱོད་ནི་ཐག་རིང་ལམ་ནས་འོངས། །ལ་ལུང་མང་པོ་མྱུར་དུ་བརྒལ་བ་ལ། །ཐང་ཆད་སྐུ་ནི་ངལ་བར་མ་གྱུར་དམ། །གང་འདོད་བཀའ་དེ་མྱུར་དུ་སྩོལ་ཅིག་ཨང་། །ཁྱོད་ཀྱི་འདོད་པ་བདག་གིས་སྒྲུབ་ལགས་སོ། །ཞེས་པ་དང་། ཡང་ཅིག་གསོན་དང་ཆོས་ཀྱི་དགའ་བ་ཞེས། ། ཁོ་མོའི་སྙིང་འདྲ་རྒྱལ་སྲས་དམ་པ་ཁྱེད།།བསོད་ནམས་ཅིའི་ཕྱིར་མི་གསོག་ལེགས་པར་སོམས། །ཞེས་པ་ལྟ་བུས་མཚོན་ཏེ། དེ་ལྟར་རང་ལ་སྲིད་འབྱོར་ཐོབ་ཐབས་སོགས་ཀྱིས་དམན་པའི་ཡུལ་དག་ལའང་ཞེ་ཚིག་སྦྱར་བས་སྦྱོར་མཁན་རང་ཉིད་ཀུན་སྤྱོད་ལེགས་པ་དང་སྦྱར་ཡུལ་ལ་སྙིང་ཉེ་ཉེ་བྱེད་པའི་ཚུལ་གསལ་བར་བྱེད་དོ། །

    5. ལྷད་མེད་ཀྱི་དད་སྨོན་མཚོན་པ།

    བརྗོད་མཁན་རང་ཉིད་ཀྱི་སྐྱབས་སུ་འགྲོ་སའི་ཡུལ་དང་ཤིས་པ་བརྗོད་སའི་གཞིར་ཞེ་ཚིག་སྦྱར་བས། ལྷད་མེད་པའི་དད་པ་དང་སྨོན་འདུན་མཚོན་ཏེ། དཔེར་ན། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཇི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ཅེས་པ་དང་། ཡང་ན་དགེ་རྒན་གྱི་སྐྱེས་སྐར་ཉིན་མོར། སློབ་དཔོན་ཁྱེད་ཀྱི་འཁྲུངས་སྐར་གྱི་ཉིན་མོར། སློབ་བུ་ངས་དྲི་མེད་ཀྱི་ལྷ་རྫས་ཁ་བཏགས་ཡུག་གཅིག་མཐོ་རུ་བཏེགས་ནས། ཁྱེད་ཀྱི་སྐུ་ལུས་རྒྱལ་མཚན་བརྟན་ཞིང་གསུང་གི་བདུད་རྩི་བར་མེད་དུ་འཇོ་བཞིན། ཐུགས་ཀྱི་སྲས་བོ་དག་བརྩེ་བས་བརྐྱངས་ནས། ཉིད་ཀྱི་བཞེད་དགོངས་བཞིན། མ་འོངས་གངས་ལྗོངས་དར་སྤེལ་ལ་ཕག་རྗེས་བླ་ན་མ་མཆིས་པ་འཇོག་ཐུབ་པའི་སྨོན་འདུན་ཞུ་ཞེས་པ་དང་།ཡང་ན་གཉེན་སྟོན་ཞིག་ཏུ། ཐུགས་རྒྱུད་བལ་ལས་འཇམ་ཞིང་རྣམ་དཔྱོད་གློག་གི་མྱུར་ཡིན་པའི་མག་གསར་དང་། མོ་སྒོ་སྒྲོལ་མའི་སྐུ་ཡིན་ཞིང་སྐད་ངག་རྗེ་བཙུན་མགུར་འདྲ་བའི་བག་གསར་གཉིས་ཀྱི་གཉེན་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།ཞེས་པ་ལྟ་བུའི་ཞེ་ཚིག་སྦྱར་བས་དད་པ་དང་སྨོན་འདུན་ལྷད་མེད་མཚོན་ནོ།།

    6.ཞུམ་མེད་ཀྱི་དཔའ་ཉམས་མཚོན་པ།

    བོད་སྐད་ཀྱི་ཞེ་ཚིག་འདི་ལན་རེར་དགྲ་བོ་ལའང་སྦྱོར་ཞིང་དེ་ལྟར་སྦྱར་བས་བརྗོད་པ་པོའི་ཞུམ་མེད་ཀྱི་དཔའ་ཉམས་མཚོན་པ་ཡིན་ཏེ། དཔེར་ན། གཞན་གྱི་སྲོག་ལ་རྔམ་པའི་གཤེད་མའི་ཚོགས། ། མྱུར་དུ་ཚུར་ཤོག་འདི་ན་རལ་གྲིའི་འཕྲང་། །རྣོ་ངར་འཐེབ་པའི་རྒྱལ་རྔའི་བསུ་བ་དང་། ། འཆིང་ཐག་དྲ་བར་སྦྲེལ་བའི་མཇལ་དར་གྱིས། །ཁྱེད་ཅག་ལྔ་ལམ་ཕེབས་པར་སྐྱེལ་མ་ཞུ། །ཞེས་པ་ལྟ་བུ་དགྲ་བོ་ལ་ཞེ་ཚིག་སྦྱར་བས་བརྗོད་མཁན་རང་ཉིད་དཔའ་བོའི་ཉམས་དང་གཡུལ་ལས་རྣམ་པར་རྒྱལ་བར་གདེང་ཡོད་པ་མཚོན་པ་ལྟ་བུའོ།།

    7.ཟོལ་མེད་ཀྱི་འབྲེལ་ཐག་རིང་དུ་གཏོང་བ།

    ཆ་རྒྱུས་མེད་པའི་མིའམ་ཡང་ན་བློས་ཐུབ་ཀྱི་གྲོགས་པོ་སོགས་ལ་ལན་རེར་ཞེ་ཚིག་སྦྱར་བས་འབྲེལ་ཐག་ཇེ་རིང་དུ་གཏོང་བའི་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ། དཔེར་ན།

   མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས18པ།2015·05·22།   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག