(པར་ངོས18པར་མཐུད་པ།)ཆ་རྒྱུས་མེད་པའི་མི་ཞིག་དང་ཐོག་མར་འཕྲད་ནས་གླེང་མོལ་བྱེད་དུས། ཕ་རོལ་པོས་ཚུར་ཁ་བརྡ་མང་པོ་བྱས་ནའང་། རང་གིས་དེའི་ལན་དུ་ཁྱེད་ཀྱིས་གསུངས། ཁྱེད་གོང་ནས་བཞུགས། ཁྱེད་ཀྱིས་གསུངས་པ་བདེན་པར་འདུག ལགས་སོ་ལྟ་བུའི་ཞེ་ཚིག་སྦྱར་བའི་སྐད་ཆ་འགའ་མ་གཏོགས་གཞན་རྒྱུས་ལོན་སྐོར་གྱི་སྐད་ཆ་གང་ཡང་མ་བཤད་ན། ཕན་ཚུན་ལ་རྒྱུས་ལོན་བྱེད་མི་ཐུབ་པས་གྲོགས་པོ་རུ་འགྱུར་དཀའ་བ་ལྟ་བུ་དང་། ཡང་ན་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་ཚེ་ནམ་ཡང་སེམས་ལ་གང་དྲན་འཛེམ་དོགས་དང་སྦ་གསང་མེད་པར་ཕན་ཚུན་བཤད་ན་བརྩེ་བ་ལྷག་ཏུ་ཟབ་པའི་རྟགས་ཡིན་པས། ལན་རེར་ཕན་ཚུན་བར་སྐུ་དང་གསུང་། ཐུགས། བཞུགས། ཕེབས། བཞེས་ལྟ་བུའི་ཞེ་ཚིག་སྦྱར་ན་བར་ཐག་ཇེ་རིང་དུ་གཏོང་ངེས་པས། བརྩེ་དུང་ལ་མི་ཕན་པའི་རྒྱུ་རུ་འགྱུར་བའང་ཡོད་པ་ལྟ་བུས་མཚོན་ནོ།།

    8. རྒྱུས་མེད་ཀྱི་འབྲེལ་བ་སྙོམ་སྒྲིག་བྱེད་པ།

    དེ་ཡང་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ནས་ཞེ་ས་སྦྱར་ནས་ཚིག་འཇམ་པར་སྨྲ་བ་ནི། གོང་དུ་བཀུར་འོས་པ་རྣམས་ལ་གུས་པའི་མཆོག་སྦྱིན་པ་དང་། རང་ཉིད་དམའ་སར་བཟུང་བའི་སྒོ་ནས། འཆད་ཉན་ཕན་ཚུན་གྱི་འབྲེལ་བ་ཇེ་ཉེ་དང་ཇེ་ཟབ་ཏུ་གཏོང་བའི་ཐབས་གལ་ཆེན་ཞིག་ཡིན།ཞེས་གསུངས་པ་ལྟར་དེང་སྐབས་ཀྱི་སྤྱི་ཚོགས་ཁྲོད་དུ་རང་ལས་མཆོག་དམན་གང་ལ་ཞེ་ཚིག་སྦྱར་ནའང་འབྲེལ་བ་སྙོམ་སྒྲིག་གི་ནུས་པ་ཐོན་ཐུབ་ཏེ། དཔེར་ན། མགོ་ཁྲིད་ཅིག་གི་མདུན་དུ་སོང་། ཁྱེད་ཀྱི་སྐུ་བདེ་མོ་ཡིན་ནམ། ཕྲན་ལ་ཁྱེད་ལ་དོན་དག་ཅིག་ཞུ་རྒྱུ་འདུག ཁྱེད་ཀྱིས་ཐུགས་ལ་འཛིན་རྒྱུ་མཁྱེན།ཞེས་པ་ལྟ་བུའི་ཞེ་སའི་མིང་སྦྱར་བའི་ཞོར་དུ་མཐུན་རྐྱེན་སྦྱར་ན་དོན་དག་བདེ་ལེགས་ངང་འགྲུབ་པ་ལྟ་བུ་དང་། སློབ་མ་ཞིག་གིས་དགེ་རྒན་མཐོང་མ་ཐག་ཡར་ལངས་ནས་དགེ་རྒན་ལགས་གང་ལ་ཕེབས་རྒྱུ་ཡིན། དགེ་རྒན་ལགས་སྐུ་བདེ་ཞེས་པ་ལྟ་བུའི་འམཚམས་འདྲི་བྱས་ན། དགེ་རྒན་ཡང་སློབ་མ་ཡ་རབས་དེ་ལ་ཞེ་རྩིས་ཆེ་བ། ཡང་ན་མི་ཞིག་ལ་ཕོག་ཐུག་བཟོས་མ་ཐག་ཏུ་ཐུགས་རྒྱལ་མ་བཞེངས། དགོངས་པ་མ་ཚོམས་ཞེས་པ་ལྟ་བུའི་ཞེ་ཚིག་སྦྱར་ནས་དགོངས་དག་ཞུས་ན་བཟོད་སྒོམ་ཐོབ་སླ་བ་ལ་སོགས་པ་ལྟ་བུས་མཚོན་ནོ།།

    9. དམའ་འབེབས་དང་ཟུར་ཟའི་ནུས་པ་ཐོན་པ།

    སྤྱིར་ཞེ་ཚིག་སྦྱར་བས་བརྗོད་པ་པོར་ཡ་རབས་གུས་ཞབས་ཀྱི་ཀུན་སྤྱོད་བཟང་བོ་ལྡན་པ་མཚོན་ནུས་པར་མ་ཟད། ཉན་པ་པོར་གུས་བཀུར་དང་ཡི་རངས་བྱས་པས་ཡིད་སེམས་ལ་དགའ་བདེའི་དཔལ་སྦྱིན་པའི་ནུས་པའང་ཡོད་ལ། དེ་ལས་གཞན་མི་དང་མིའི་བར་གྱི་འབྲེལ་བ་སྙོམ་སྒྲིག་གི་ནུས་པ་སོགས་ཀྱང་ཡོད་མོད། སྐབས་ལ་ལར་སྦྱོར་མི་འོས་པའི་ཡུལ་ལ་སྦྱར་བས་དམའ་འབེབས་དང་ཟུར་ཟའི་ནུས་པ་ཐོན་པའང་ཡོད་དེ། དཔེར་ན། ཨ་མདོ་ཁ་སྐད་དུ་ཁྱོད་ངའི་སྐུ་མདུན་དུ་མི་ཡོང་ན། ང་ཁྱོད་ཀྱི་སྐྱག་མདུན་ལ་ཡོང་ནས་བ་ནི་མ་རེད། ཅེས་པ་ལྟ་བུ་ལ་དམའ་འབེབས་ཀྱི་ནུས་པ་ལྡན་པ་དང་། གཞན་ཡང་མི་ཚོན་པོ་ངོ་མི་ཡག་པ་ཞིག་ལ་ཞལ་ཡག་པ་སྟོན་པའི་སྐུ་རེད། སྐུ་ཚོན་པོ་སྟོན་ཁའི་བྱེ(འཕྱི་བ)རེད།། ཅེས་པ་དང་། སློབ་གྲོགས་རིག་པ་མི་གསལ་བ་ཞིག་ལ་མཁྱེན་དཔྱོད་མཁའ་ལས་ཡངས་པའི་སློབ་གྲོགས་ཞེས་པ། མགོ་ཡི་སྐྲ་ལྷུང་ནས་སྐྱེས་རྒྱུ་མེད་པ་ཞིག་ལ་གནག་སྣུམ་གྱི་དབུ་སྐྲ་ཕྲག་འདབས་སུ་ཐོན་པའི་ཕོ་རྒོད་དེ་སུ་རེད་ཅེས་པ་སོགས་ཀྱི་ཞེ་ཚིག་སྦྱར་ན་ཟུར་ཟའི་ནུས་པ་ཐོན་པ་ལྟ་བུས་མཚོན་ནོ།།

    10.ཞེ་ཚིག་སྦྱར་ཉེས་ན་བཞད་གད་ཀྱི་རྒྱུ་རུ་འགྱུར་བ།

    ཞེ་ཚིག་སྦྱར་ཉེས་ན་བཞད་གད་ཀྱི་རྒྱུ་རུ་འགྱུར་བ་ཡོད་ལ། དེ་ལྟ་བུའི་གནས་ཚུལ་ནི་ཁྱད་པར་དུ་ད་ལྟའི་དུས་འདིར་ཨ་མདོ་བའི་ཁྲོད་ན་མང་པོ་འབྱུང་བཞིན་ཡོད་དེ། དཔེར་ན། ལྷ་ས་བ་ཞིག་གིས་ཁྱེད་རང་གང་ལ་ཕེབས་རྒྱུ་ཡིན་པས་ཞེས་གློ་བུར་དུ་དྲིས་ཚེ། ང་ཡུལ་ལ་ཕེབས་རྒྱུ་ཡིན་ཞེས་ལན་འདེབས་པ་ལྟ་བུ་དང་། ཁྱེད་ཀྱིས་གསུང་རོགས་ཞུས་པར། ང་རང་ལ་གསར་བ་ཞིག་གསུང་རྒྱུ་མི་འདུག་ཅེས་ལན་འདེབས་པ།ཁྱེད་ཀྱིས་བཞེས་རོགས་ཞེས་པར། ངས་བཞེས་ཟིན་ཞེས་ལན་འདེབས་པ་ལྟ་བུའི་ཚིག་སྦྱོར་སྤེལ་ན་ནི་བཞད་གད་ཀྱི་རྒྱུ་རུ་འགྱུར་བའོ།།

    གསུམ་པ། ཞེ་ཚིག་ཉམས་གསོ་སྐོར།

    ཞེ་ཚིག་མང་བ་ནི་བོད་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་མོད། ད་ལྟ་བོད་ཡོངས་ཀྱི་ཆ་ནས་ཞེ་ཚིག་བཀོལ་སྤྱོད་བྱེད་མཁན་གྱི་མི་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། རང་གི་རིག་གནས་ལ་རང་གིས་བདག་སྐྱོང་བྱས་ཏེ། བོད་ཀྱི་ཞེ་ཚིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི་གལ་འགངས་ཆེ་སྙམ། དེ་བས། བོད་སྐད་ཀྱི་ཞེ་ཚིག་ཉམས་གསོ་བྱེད་དགོས་ན་གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་ཤུགས་རྒྱག་དགོས།

    1.དྲིལ་བསྒྲགས་ལ་ཤུགས་སྣོན་པ།

    བརྙན་འཕྲིན་དང་རླུང་འཕྲིན། དྲ་བ། ཚགས་པར།སྐད་འཕྲིན་སོགས་ཀྱི་དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞེ་ཚིག་བཀོལ་སྤྱོད་བྱེད་པ་ཁྱབ་གདལ་དུ་གཏོང་དགོས། དཔེར་ན་བོད་ལྗོངས་བརྙན་འཕྲིན་ཁང་གིས“སྒྲོན་མེ”ཞེས་པའི་ཞེ་ཚིག་སློབ་སྦྱོང་གི་གླེང་སྟེགས་ཤིག་བཀོད་སྒྲིག་བྱས་ཡོད་པ་བཞིན།ཨ་མདོ་དང་ཁམས་ཕྱོགས་ཀྱི་བརྙན་འཕྲིན་ཁང་གིས་ཀྱང་ཞེ་ཚིག་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་གླེང་སྟེགས་འཛུགས་པ་དང་། ན་ཆུང་བྱིས་པའི་ལེ་ཚན་དུ་ཞེ་ཚིག་གི་ཤེས་བྱ་བཀོད་སྒྲིག་བྱེད་དགོས་ལ། བོད་ཀྱི་ཚགས་པར་ཁང་དག་གིས་ཀྱང་ཞེ་ཚིག་གི་ཤེས་བྱའི་པར་ངོས་བཀོད་སྒྲིག་བྱེད་དགོས། ཕྱོགས་གཞན་ཞིག་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་སློབ་རའི་ནང་དུ་ཞེ་ཚིག་གི་ཤེས་བྱ་དྲིལ་བསྒྲགས་དང་སློབ་ཁྲིད་བྱེད་དགོས་པ་ལས་གཞན། ཁྱད་པར་དུ་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་དབང་ཐོག་དང་ཚོགས་ཐོག་ཏུ་ཞེ་ཚིག་རྒྱུན་འཛིན་དང་དར་སྤེལ་ཐད་འབད་དགོས་པར་གདམས་ན་ཞེ་ཚིག་ཁྱབ་གདལ་དུ་གཏོང་བར་དགའ་འོས་པའི་འབྲས་བུ་ཐོབ་ཐུབ་སྙམ་མོ།།

    2.དམངས་ཁྲོད་ཀྱི་ཞེ་ཚིག་ཉམས་གསོ་བྱེད་པ།

    རང་རེའི་བོད་ཀྱི་དམངས་སྲོལ་རིག་གནས་ཏེ་གླིང་སྒྲུང་དང་དམངས་གླུ། གཏམ་དཔེ། བསྟོད་པ། ལ་གཞས། གཉེན་བཤད། བསང་ཡིག་སོགས་ཀྱི་ཁྲོད་དུ་ཞེ་ཚིག་ཤིན་ཏུ་མང་བར་མ་ཟད། གཙོ་བོ་ཞེ་ཚིག་དེ་དག་ནི་བོད་མི་སྤྱིའི་གྲངས་འབོར་གྱི་མང་ཤོས་ཟིན་པས་རོང་འབྲོག་མང་ཚོགས་ཀྱི་ཁ་སྐད་ཁྲོད་དུ་ཡོད་པ་དང་། ད་ལྟ་རྒྱུ་རྐྱེན་གང་མང་གི་དབང་གིས་ཉམས་དམས་སུ་འགྲོ་བཞིན་ཡོད་པས། དེ་མྱུར་སྐྱོབ་མ་བྱས་ཚེ་བོད་རང་གི་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཆེ། དེར་བརྟེན་ངེས་པར་མྱུར་མགྱོགས་སྒོས་ཕན་འབྲས་ལྡན་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་བོད་ཀྱི་དམངས་སྲོལ་རིག་གནས་ཁྲོད་ཀྱི་ཞེ་ཚིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་ལས་ལ་འབད་ནས་བོད་སྐད་ཀྱི་ཞེ་ཚིག་མྱུར་སྐྱོབ་བྱ་དགོས་སྙམ།

    3. ཞེ་ཚིག་བསླབ་དེབ་ཏུ་དགོད་པ།

    ཆུང་དུས་སྐད་རིགས་གང་ལ་གོམས་པར་གྱུར་པ་དེ་ནི་བྱིས་པ་དེའི་མི་ཚེ་གང་བོར་བག་ཆགས་ཟབ་ཅིང་བརྗེད་ཐབས་མེད་པའི་སྐད་ཆར་འགྱུར་ཐུབ་པ་ཞིག་ཡིན་པས། ཞེ་ཚིག་ཁྱབ་གདལ་དུ་གཏོང་དགོས་ན་ཆུང་བྱིས་པའི་དུས་ནས་སློབ་གསོ་ཡག་པོ་ཞིག་གཏོང་བ་ནས་མགོ་བརྩམ་དགོས་པ་དང་། དེ་ལྟ་བུའི་སློབ་གསོ་གཏོང་བར་ཨ་མདོ་ལ་མཚོན་ན་ཁྱིམ་བདག་གིས་ཀྱང་ཞེ་ཚིག་མི་ཤེས་པས་ཁྱིམ་གྱི་སློབ་གསོ་ལས་ཀྱང་སློབ་གྲྭའི་སློབ་གསོ་ཤིན་ཏུ་གལ་ཆེ་བར་བརྟེན། འོས་འགན་སློབ་གསོའི་སྐབས་ཀྱི་བསླབ་དེབ་ཏུ་ཞེ་ཚིག་འཇོག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་འོས་འགན་ཞིག་ཏུ་སྣང་། དེའི་ཕྱིར། སློབ་ཆུང་ལོ་རིམ་གསུམ་པ་ནས་ལྔ་པའི་བར་གྱི་བསླབ་དེབ་ཏུ་རྒྱུན་བཀོལ་ཞེ་ཚིག་ཕྱོགས་བསྒྲིགས་སོགས་ཞེ་སའི་སྐོར་ཤེས་བྱ་འོས་འཚམ་རེ་བཀོད་སྒྲིག་བྱེད་པ་དང་དམའ་འབྲིང་ལོ་རིམ་དང་པོ་ནས་གཉིས་པའི་བར་གྱི་བསླབ་དེབ་ཏུ་ཞེ་ཚིག་མང་པོ་ཡོད་པའི་གཏམ་རྒྱུད་དང་རྣམ་ཐར། གླིང་སྒྲུང་སོགས་ཀྱི་ཤེས་བྱ་འོས་འཚམ་རེ་བཞག་ན་ཞེ་ཚིག་རྒྱུན་འཛིན་དང་དར་སྤེལ་ཐད་ཕན་འབྲས་དཔེ་མེད་པ་འབྱུང་སྲིད་དོ།།

    མདོར་ན། གོང་དུ་བཤད་ཟིན་པ་བཞིན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་འཕེལ་རྒྱས་དང་སྤྱོད་སྒོ་ཆེ་བ། བོད་སྐད་ཡིག་གི་འཕེལ་རྒྱས་སྤྱི་དང་ཁྱད་པར་བོད་སྐད་ཀྱི་ཚིག་གི་སྦྱོར་བ་ལ་ནུས་པ་མི་དམན་པ་ཐོན་ཡོད་པའི་བོད་སྐད་ཀྱི་ཞེ་ཚིག་འདི་ད་ལྟ་ཉམས་དམས་སུ་འགྲོ་བཞིན་པ་ཉམས་གསོ་བྱེད་རྒྱུ་ནི་ང་ཚོ་བོད་ཀྱི་ཤེས་ཡོན་ཅན་དག་གི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ནོ།།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས19པ།2015·05·22།  

 

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག