དང་པོ། མགུར་གླུ་འདི་བཞེངས་པའི་ལོ་རྒྱུས་རྒྱབ་ལྗོངས།

    ལར་བཙན་པོའི་རྒྱལ་རབས་སུ་བྱུང་བའི་མགུར་གླུ་ཕལ་ཆེར་ཞིག་སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ལོ་རྒྱུས་གཞིར་བཞག་སྟེ་བཞེངས་པ་ཡིན་ཕྱིར་མགུར་མང་པོ་ཞིག་ལ་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་ཐད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་རེ་ཡོད། སྐབས་འདིར་བརྗོད་པའི་མགུར་འདི་ལའང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཡོད་དེ། དེ་ཡང་བཙན་པོ་ཁྲི་འདུས་སྲོང་ནི་ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་འདས་རྗེས་ཁོང་བཙན་པོར་དབང་བསྐུར་ཡང་སྐུ་ན་ཆུང་བས་མགར་སྤུན་མཆེད་ཀྱི་སྲིད་སྐྱོང་རོགས་བྱེད་པ་དང་བསྟུན་ནས་བྱང་དྲུ་གུ་དང་ཤར་རྒྱ་ནག་དང་འཐབ་ནས་བོད་ཀྱི་མངའ་ཐང་ཕྱོགས་བཞིར་བསྐྱེད་པ་དང་རང་ཉིད་ཀྱི་ཆབ་སྲིད་སྲ་བརྟན་དུ་གཏོང་ཆེད་རང་གི་སྲིང་མོ་ཁྲི་མོ་སྟེངས་བྱ་བ་དྭགས་ཡུལ་དུ་གནས་ལ་བརྫངས་པ་སོགས་ནང་ལོག་ཕྱི་ལོག་བཏུལ་ཏེ་ཞི་བདེའི་ཆབ་སྲིད་སྤེལ་བ་སོགས་ཀྱི་མཛད་རྗེས་རླབས་ཆེ་བ་གང་མང་བཞག་པའི་ལོ་རྒྱུས་ཡོད་ལ། དེ་ཡང་རྗེ་བློན་བར་འགལ་ཟླ་བྱུང་ནས་བོད་ཀྱི་སྲིད་དབང་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་ཡིད་སྐྱོ་བའི་དོན་རྐྱེན་བྱུང་བའང་ཡོད་དེ། བོད་ཀྱི་མཛངས་བློན་བདུན་གྱི་ཡ་གྱལ་དུ་གྲགས་པའི་མགར་སྟོང་བཙན་ཡུལ་སྲུང་ཚེ་ལས་འདས་རྗེས། བུ་ཆེ་བ་མགར་ཁྲི་འབྲིང་གིས་བློན་ཆེན་གྱི་གོ་གནས་ཁུར་ཏེ་བཙན་པོ་འདུས་སྲོང་མང་པོ་དགུང་ལོ་བརྒྱད་བར་དུ་ཆབ་སྲིད་བཟུང་ཞིང་གཡུལ་གྱི་བྱ་བར་ཡང་ཞུགས། དེ་ལྟར་མགར་སྤུན་མཆེད་ཀྱིས་སྲིད་བསྐྱངས་པའི་རིང་དུ་བོད་ཆེན་པོའི་ཆབ་སྲིད་དང་མངའ་ཐང་སྔར་ལས་ལྷག་པའི་དར་རྒྱས་བྱུང་བར་བརྟེན། ཁོང་རྣམས་ཀྱི་མཚན་སྙན་དང་དབང་ཤུགས་ཀྱང་ཇེ་མཐོ་ཇེ་ཆེར་སོང་། འདི་འདྲའི་གནས་ཚུལ་འོག་ཏུ་བཙན་པོ་ཁྲི་འདུས་སྲོང་ལ་མཚོན་ན། དེ་ནི་བོད་ཆེན་པོའི་སྲིད་དབང་དང་བཙན་པོ་གོ་གནས་འཛིན་ཐུབ་མིན་ལ་རག་ལས་ཡོད་པས། ཁྲི་འདུས་སྲོང་གིས་ཀྱང་རང་རྩར་ཐུག་ཚེ་དྲིན་ལན་ལོག་སྟེ་མགར་ལ་བཀྱོན་ཕབ་པ་དང་ཆབས་ཅིག་ཏུ་མགུར་བླངས་ཏེ་མགར་སྤུན་མཆེད་ཀྱི་ཇུས་ངན་ཚར་དུ་བཅད།

    གཉིས་པ། ཁྲི་འདུས་སྲོང་གི་མགུར་གླུའི་དཔེ་འགོད་སྟངས་བརྗོད་པ།

    གནའ་བོའི་མགུར་གླུ་ནི་དང་པོ་བྱུང་དུས་ཚིག་རྐང་གི་གྲངས་ལ་ངེས་པ་མེད་ལ།ཚེག་དབར་གྱི་ཆ་ཡ་སྡེབ་སྟངས་སོགས་མི་འདྲ་སྟེ། ཕྱིས་སུ་ཚིག་དོན་སྔ་ཕྱི་འབྲེལ་ཆགས་པ་དང་བརྗོད་བྱའི་དོན་ཡང་གསལ་བོར་སྟོན་པ། ཚེག་དབར་གྱི་ཆ་ཡ་སྡེབ་སྟངས་སོགས་དོ་མཉམ་པ། ཚིག་རྐང་གི་གྲངས་ལ་མང་ཉུང་མེད་པ་དང་། དེ་ལ་ཚིག་རྒྱན་དང་མངོན་བརྗོད། འཁྱོག་བརྗོད་སོགས་ཀྱིས་མ་བཅིངས་པར་ཧ་ཅང་གོ་སླ་བ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་ལྷག་པར་སྙན་ངག་མེ་ལོང་མ་བོད་དུ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཁས་པ་ལ་འཇུག་པའི་སྒོར་སྙན་ངག་གི་གཞུང་འདིའི་ཚིགས་བཅད་མི་ཉུང་བ་ཞིག་བོད་སྐད་དུ་ཐོག་མར་བསྒྱུར་ནས་བཀོད་པ་དང་། ཕྱིས་སུ་ཤོང་སྟོན་རྡོ་རྗེས་རྒྱལ་མཚན་གྱིས་སྙན་གཞུང་ཆ་ཚང་བོད་ཡིག་ཏུ་བསྒྱུར་པས་རིམ་བཞིན་དར་ཁྱབ་སོང་བའི་རྒྱབ་ལྗོངས་འོག བོད་ཀྱི་མཁས་པ་རྣམས་ཀྱིས་མགུར་གླུ་སོགས་བརྩམས་དུས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གི་ཐད་ནས་སྙན་གཞུང་ཁྲོད་གཏན་ལ་ཕབ་པ་དང་བསྟུན་ཅི་ཐུབ་བྱས་ནས་དཔེའི་ལ་སོགས་པའི་ཉམས་ལའང་གངྒ། གླང་ཆེན། དེ་མིན་ཟླ་བ་རྒྱས་ནས་ལུས་ཀྱི་ཚ་གདུང་སེལ་བ་སོགས་དྲངས་ནས་རྒྱ་གར་སྤྱི་ཚོགས་འཚོ་བའི་རྣམ་པ་མཚོན་པའི་རྩོམ་ཉམས་ཤིག་བོད་ཀྱི་སྤྱི་ཚོགས་ཁྲོད་རྒྱུན་འབྱམས་སུ་འགྲོ་བའི་སྒང་ཡིན་ཕྱིར། གནའ་བོའི་རྩོམ་རིག་གི་རྩོམ་ཉམས་ཁྱད་འཕགས་ཅན་གྱི་དཔེ་མཚོན་འཁྱོག་བརྗོད་ཀྱི་རྒྱན་ལ་སོགས་པའི་མ་སྤྲས་པའི་མགུར་གླུའི་ཁྱད་ཆོས་རྟོགས་ནས། བྱེ་བྲག་ཏུ་ཁྲི་འདུས་སྲོང་མང་པོ་རྗེས་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་འོག་བླངས་པའི་མགུར་གླུ་འདི་ལྟ་བུ་དཔེ་མཚོན་ལྟར་བོད་བཙན་པོའི་དུས་སྐབས་ཀྱི་མགུར་གླུའི་དཔེ་འགོད་སྟངས་ལ་དཔྱད་པར་བྱའོ།།

    གཅིག རྒྱན་ངོས་འཛིན་བྱེད་པ།

    མི་རིགས་གང་ཞིག་ཡིན་རུང་སྙན་ངག་ནི་རྩོམ་རིག་གི་ཐོག་མའམ། ཡང་ན་རྩོམ་རིག་སྤྱིའི་རྣམ་པར་གོ་བ་ལེན་པ་ལྟར། བོད་བཙན་པོ་དུས་ཀྱི་མགུར་གླུ་དག་ཀྱང་བོད་ཀྱི་སྙན་ངག་གི་ཐོག་མར་གོ་བ་ལེན་བཞིན་ཡོད། མགུར་གླུ་འདི་དག་ལ་ལེན་མཁན་གྱི་ཤུགས་དྲག་པོའི་བདེ་སྡུག་གི་ཚོར་འདུ་སྟོན་བྱེད་ཀྱི་ཡིད་འགྱུ་རང་བཞིན་གྱི་བརྗོད་བྱ་རེ་དང་། ཚིག་གི་གཅོད་མཚམས་གསལ་ཞིང་། སྙན་ངག་དང་རོ་གཅིག་པའི་དབྱངས་འགྲོས་ངེས་ཅན་ཞིག་ཡོད་པར་མ་ཟད། ལེན་མཁན་གྱི་བསམ་བློར་འཆར་བའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལམ། བོད་མི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་གོམས་པའི་བྱ་དངོས་དག་གཟུགས་སུ་བཀོད་དེ་རང་ཉིད་ཀྱི་བསམ་ཚུལ་མཚོན་པར་བྱེད་པ་སྟེ། གནའ་རབས་མགུར་གླུའི་རྩོམ་ཉམས་ཁྲོད་དུ་ལེན་མཁན་གྱི་བསམ་བློ་མཚོན་བྱེད་དཔེའི་སྒོ་ནས་སྟོན་པ་ལ། ཆེས་མང་པོ་ནི་བརྗོད་བྱ་ཉིད་བསྡུས་ནས་མཚོན་བྱེད་དཔེའི་སྒོ་ནས་སྟོན་པ་ལས། ལེན་མཁན་རང་ཉིད་ཀྱི་བསམ་ཚུལ་མཚོན་པར་བྱེད་པའི་སྒྱུ་རྩལ་མཚོན་ཐབས་ཀྱང་སྣ་ཚོགས་ཤིག་ལྡན། སྤྱིར་བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བའི་མགུར་གླུ་ཕལ་ཆེར་ནང་དུ་ཡིད་དུ་འོང་བའི་དོན་རྒྱན་དང་སྒྲ་རྒྱན་ཧ་ཅང་མང་ལ། ཁྲི་འདུས་སྲོང་གིས་བཞེངས་པའི་མགུར་འདིའི་ནང་དུའང་བསྡུས་བརྗོད་ཀྱི་རྒྱན་གཙོ་བྱས་པའི་རྒྱན་འགའ་ཡོད་པ་དཔེར་ན།“གྱེ་དི་རིང་ནྀ་སང་ལྟ་ན།། དོག་སྲིན་ནྀ་སྦུར་བུ་འྀས།། བྱ་ལྟར་ནྀ་བཅོས་བཅོས་སྟེ།། གནམ་དུ་ནྀ་འཕུར་འདོད་ཀྱང་།། འཕུར་དུ་ནྀ་འདབ་མ་མཆིས།། འཕུར་དུ་ནྀ་འདབ་མཆིས་ཀྱང་།། དགུང་སྔོ་ནི་ཕང་མཐོས་ཏེ།། སྤྲིན་ཀྱྀ་ནི་གོ་མྱི་འདའས།། ཡ་རུ་ནྀ་དགུང་མ་སླེབས།། མ་རུ་ནྀ་དོག་མ་སླེབས།། མ་མཐོ་ནི་མ་དམའ་སྟེ།། ཁྲ་འྀ་ནི་གཟན་དུ་གྱུརད།།”ཅེས་པ་ལྟ་བུ་སྟེ། བཙན་པོས་རང་བྱུང་ཁམས་སུ་སྣང་བའི་སྲིན་འབུ་ཞིག་ལ་རྟོག་བཏགས་ཀྱིས་གནམ་འཕང་གཅོད་འདོད་ཀྱི་མོས་པ་བརྗོད་ཡོད་ཀྱང་། དོན་དངོས་སུ་བརྗོད་པར་འདོད་པ་ནི་བོད་ཀྱི་མཛངས་བློན་ཆེན་པོ་མགར་སྟོང་བཙན་ཡུལ་སྲུང་ཚེ་ལས་འདས་རྗེས། དེའི་བུ་དབོན་རྣམས་ཀྱིས་ཀྱང་བཙན་པོ་མང་སྲོང་མང་བཙན་དང་འདུས་སྲོང་ཡབ་སྲས་ཀྱི་བློན་ཆེན་མཛད་དེ་ཕན་ནུས་ཆེན་པོས་བཙན་པོའི་འཕྲིན་ལས་ལེགས་པར་བསྒྲུབ་པའི་རིང་དུ་བོད་ཆེན་པོའི་ཆབ་སྲིད་དང་མངའ་ཐང་སྔར་ལས་ལྷག་པའི་དར་རྒྱས་བྱུང་བར་བརྟེན། ཁོང་རྣམས་ཀྱི་མཚན་སྙན་དང་དབང་ཤུགས་ཀྱང་ཇེ་མཐོ་ཇེ་ཆེར་སོང་བའི་གནས་ཚུལ་འོག ཁོ་ལག་རྫོགས་པའི་བཙན་པོ་ཁྲི་འདུས་སྲོང་ལ་མཚོན་ན། བོད་ཆེན་པོའི་སྲིད་དབང་དང་བཙན་པོའི་གོ་གནས་འཛིན་ཐུབ་མིན་ལ་རག་ལས་པས། མགར་སྤུན་མཆེད་ཀྱི་དྲིན་ལན་དམིགས་ནས་ཐབས་དང་ཟིལ་གྱིས་མགར་སྤུན་མཆེད་ཀྱི་སྟོབས་ཤུགས་བཅོམ་པ་དེའོ།། མགུར་གླུ་འདི་ལྟ་བུ་ངེས་དོན་མགར་སྤུན་མཆེད་བཙན་པོ་བློ་ལོག་པ་ཉིད་ཐད་ཀར་དུ་བློས་མ་བསླངས་པར་དཔེའམ་དེ་དང་ཆོས་མཚུངས་པའི་དངོས་པོ་གཞན་ཞིག་སྐོགས་ཤུན་ཅན་གྱི་དོག་སྲིན་སྦུར་བུ་བརྒྱུད་ནས་སེམས་ཀྱི་འགྱུར་བ་སྟོན་པའི་རྩོམ་ཉམས་ཀྱིས་ཕྱུག་སྟེ། མགར་ཁྲི་འབྲིང་དང་བཙན་ཉེན་གུང་སྟོན་སྤུན་མཆེད་ཀྱི་རང་གཤིས་ཁོང་དུ་ཆུད་པའི་གཟུགས་བརྙན་ཁྱད་པར་བ་ཞིག་ཡོད་པའི་འཚོ་བའི་ཆོས་ཉིད་དངོས་དེ་དཔེ་གཞི་ཉམས་ཆུང་སྲིན་འབུའི་རང་གཤིས་འཕེལ་འགྲོས་དང་བསྟུན་ནས་དགོས་ངེས་ཀྱི་འུད་བརྗོད་དང་སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཟོ་བྱས་ཡོད་པས། སྒྱུ་རྩལ་དཔེ་གཞི་ལ་སྔར་མེད་པའི་གཟི་དཔལ་རྒྱས་ཏེ་ཡིད་ཀྱི་དབང་བོ་ཅིག་ཅར་དུ་ཕྲོགས་ནས་ཚོར་བ་བདེ་བ་ཁྱད་པར་ཅན་སྟེར་བར་བྱེད་པའི་མཛེས་སྡུག་གི་རིན་ཐང་བསྙོན་དུ་མེད་པ་ཞིག་ཡོད། བརྗོད་བྱའི་དོན་གྱི་ཆ་ནས་ཀྱང་མགུར་གླུ་འདི་ལས་བོད་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཡོད་དེ། དུས་སྐབས་དེར་བོད་ཁམས་གཅིག་གྱུར་གྱིས་བདེ་ལ་བཀོད་ཡོད་ཀྱང་སྤྱི་ཚོགས་ཐོག་དབང་སྒྱུར་གྲལ་རིམ་བར་གྱི་སྲིད་དབང་འཕྲོག་ལེན་གྱི་འགལ་བ་ཧ་ཅང་རྙོག་འཛིང་དང་རྣོ་ངར་ཆེ་བ་གསལ་བཤད་བྱས་ཡོད།

    སྤྱིར་མགུར་གླུ་འདིའི་ཁྲོད་བསྡུས་བརྗོད་ཀྱི་རྒྱན་བཀོལ་བ་ཆེས་མང་བ་ལ། དཔེ་མཚོན་གྱི་ཚུལ་དུ་དཔེར་ན“གསེར་གྱྀ་ནི་དོང་རལ་ན།། གཡུ་འྀ་ནི་མདའ་ཆྀག་མ།། མ་འཕངས་ན་ཤ་མྱི་ཁུམས།། འཕངས་ན་ནྀ་རལ་ཡང་སྟོངས།།”ཞེས་མཛངས་བློན་མགར་སྟོང་བཙན་ཡུལ་སྲུང་ཚེ་ལས་འདས་རྗེས། དེའི་བུ་དབོན་རྣམས་ཀྱིས་ཀྱང་བཙན་པོ་མང་སྲོང་མང་བཙན་དང་འདུས་སྲོང་ཡབ་སྲས་ཀྱི་བློན་ཆེན་མཛད་དེ་ཆབ་སྲིད་བཟུང་ཞིང་གཡུལ་གྱི་བྱ་བ་ཡང་བཞུགས་ནས་ཕན་ནུས་ཆེན་པོས་བཙན་པོའི་འཕྲིན་ལས་ལེགས་པར་བསྒྲུབས་པའི་རིང་དུ་བོད་ཆེན་པོའི་ཆབ་སྲིད་དང་མངའ་ཐང་སྔར་ལས་ལྷག་པའི་དར་རྒྱས་བྱུང་བར་བརྟེན། (འཕྲོ་མ་པར་ངོས15པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས 14པ།2015·05·22།   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག