(པར་ངོས14པར་མཐུད་པ།)ཁོང་རྣམས་ཀྱི་མཚན་སྙན་དང་དབང་ཤུགས་ཀྱང་ཇེ་མཐོ་ཇེ་ཆེར་སོང་བས་བཙན་པོ་ཁྲི་འདུས་སྲོང་ལ་མཚོན་ན། གཅིག་ནས་མགར་སྤུན་མཆེད་ཀྱིས་བཙན་པའི་སྲིད་དབང་འཕྲོག་པར་དོགས་པ་དང་། གཉིས་ནས་ཐང་རྒྱལ་རབས་ལྟ་བུའི་སྟོབས་འབྱོར་རྒྱས་པའི་མི་རིགས་ཀྱི་ཟིལ་གནོན་པས། བཙན་པོས་ཀྱང་རང་རྩར་ཐུག་པ་དང་བསྟུན་ནས་དྲིན་ལན་ལོག་སྟེ་ཁོ་ཚོར་བཀྱོན་མི་ཕབ་ཀ་མེད་བྱུང་བའི་སེམས་ཁམས། བཙན་པོ་དང་མགར་སྤུན་མཆེད་ཀྱི་འབྲེལ་བ་དངོས་སུ་མ་བརྗོད་པར། འདི་ནི་མདའ་དང་དོང་རལ་གྱི་འབྲེལ་བ་ལས་རྔོན་པས་གསེར་གྱི་དོང་རལ་ནང་གི་གཡུ་མདའ་མ་བཀོལ་ན་ཤ་བ་གསོད་མི་ཐུབ་པ་ལ་གཡུ་མདའ་བཀོལ་ན་ཡང་ཕངས་པའི་གཉིས་འགལ་གྱི་སེམས་ཁམས་གསོན་ཉམས་ལྡན་པའི་ངང་ནས་བརྗོད་པ་ལྟ་བུ་སྟེ།བོད་ཀྱི་རྩོམ་རིག་ལོ་རྒྱུས་ལས་ལྷག་ཏུ་སྙན་ངག་འཕེལ་བའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་པའི་མགུར་གླུར་མཚོན་ན་ཀློག་པ་པོས་ཉན་མ་ཐག་འགོག་པའི་རྒྱན་ཡིན་པར་སྙམ་ལ་སྙམ་ཆོག་ཆོག་ཀྱང་ཡིན་པ་གསལ།

    གཉིས། བབ་ཆགས་པའི་ཚིག་གི་སྦྱོར་བ།

    མགུར་གླུ་ནི་དུས་ཡུན་རིང་བོར་དམངས་ཁྲོད་དུ་སྤེལ་ཡོང་བའི་ཐུན་མོང་རང་བཞིན་གྱི་ངག་ཐོག་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཕྱིར། དེ་ལ་སྙན་ངག་མེ་ལོང་མ་བོད་དུ་དར་ཁྱབ་སོང་རྗེས་མཁས་པ་རྣམས་ཀྱི་བརྩམས་པའི་ཡིག་ཐོག་སྙན་ངག་གི་ཚིག་སྦྱོར་ལ་ཡོད་པའི་ཚིག་གི་འཕྱོར་ཉམས་ལྟ་བུ་ཞིག་མི་འཛོམས་པའམ་མངོན་བརྗོད་དང་། ཆོས་གཞུང་། ཐལ་ཆེ་བའི་འཁྱོག་བརྗོད་སོགས་ཀྱི་མ་བསླད་པར་འཚོ་བ་དངོས་ཀྱི་ཁྲོད་དུ་བོད་ཁམས་རང་གི་ཐུན་མོང་སྤྱོད་ཡུལ་དུ་འགྱུར་བའམ་བོད་མིའི་ཆ་རྒྱུས་ཡོད་པའི་རང་བྱུང་བྱ་དངོས་དག་ཚིག་སྦྱོར་ཁྲོད་དུ་བཀོལ་བར་མ་ཟད། སྐད་ཆའི་སྦྱོར་བ་དེའང་ཁ་སྐད་ཀྱི་གདོད་མའི་རང་བཞིན་ལས་འདས་ཤིང་། གསར་དུ་ཚིག་རྒྱན་གྱི་སྦྱོར་བ་མཛེས་ཉམས་སྣ་ཚོགས་ཀྱིས་སྤྲས་ཏེ་དངོས་པོ་རང་གཤིས་ཀྱི་ཁྱད་ཆོས་ཇི་བཞིན་གསལ་བོར་བརྗོད་པ་བརྒྱུད་ནས་ཕྱི་རོལ་ཡུལ་གྱི་མཛེས་ཉམས་དང་ནང་སེམས་ཀྱི་འཇིག་རྟེན་བཅས་བཞེངས་གྲུབ་མཛད་ཡོད་པས་བརྗོད་བྱའི་དོན་གསལ་ལ། ཉམས་སྤྲོ་ཞིང་། གསོན་ཉམས་ལྡན་པའི་ཁྱད་ཆོས་ལྡན་པའོ།།

    གསུམ་པ། ཁྲི་འདུས་སྲོང་གི་མགུར་གླུའི་དཔེའི་བྱེད་ནུས་བརྗོད་པ།

    སྐད་ཆ་ལ་སྤྱིར་བཏང་གི་སྐད་ཆ་དང་རྩོམ་རིག་གི་སྐད་ཆ་གཉིས་ཡོད་པ་ལས་ཕྱི་མ་ནི་སྐད་ཆའི་སྒྱུ་རྩལ་ལ་གོ་བ་ཡིན། རྩོམ་རིག་གི་རྩ་བའི་ཁྱད་ཆོས་ཀྱང་སྐད་ཆའི་རྒྱུ་ཆ་ལ་བརྟེན་ནས་སྒྱུ་རྩལ་གྱི་རྣམ་པ་གསར་བཟོ་བྱེད་པ་ཞིག་ཡིན་པས། སྐད་ཆའི་སྦྱོར་བའི་མཛེས་ཉམས་ཀྱིས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་སྟེ་མི་རྣམས་ཀྱི་བློ་ངོར་ཤེས་རྟོགས་དང་མཛེས་རྟོགས། སློབ་གསོ་བཅས་ཀྱི་ནུས་པ་སྐྱེད་ཡོང་བ་ཡིན། གནའ་བོའི་བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་དུ་འགྱུར་བའི་མགུར་གླུའང་དེ་འདྲ་ཞིག་ཡིན་སྲིད། དེའི་སྐད་ཆའི་ཚིག་གི་སྦྱོར་བ་དེ་མངོན་བརྗོད་དང་བསྡུས་བརྗོད། འཁྱོག་བརྗོད་སོགས་ཀྱིས་མ་བསླད་པར་འཚོ་བ་དངོས་ཀྱི་ཁྲོད་དུ་བོད་རང་གི་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པའི་སྐད་ཆའི་ཚིག་གི་སྦྱོར་བ་གཞིར་བཟུང་བ་ཡིན་ལ། སྐད་ཆའི་སྦྱོར་བ་དེའང་ཁ་སྐད་དངོས་ཀྱི་གདོད་མའི་རང་བབས་ལས་འདས་ཤིང་། དེ་ལ་གསར་དུ་ཚིག་རྒྱན་གྱི་སྦྱོར་བའི་མཛེས་ཉམས་སྣ་ཚོགས་ཀྱིས་སྤྲས་ཏེ་དངོས་པོའི་རང་གཤིས་ཀྱི་ཁྱད་ཆོས་ཇི་བཞིན་གསལ་བོར་བརྗོད་ནས་ཕྱི་རོལ་གྱི་རྣམ་པ་བཞེངས་གྲུབ་མཛད་ཡོད་པར་མ་ཟད། ད་དུང་ནང་སེམས་ཀྱི་འཇིག་རྟེན་ཡང་བཞེངས་གྲུབ་མཛད་པར་སྒྱུ་རྩལ་གྱི་ནུས་པ་ཕུན་སུམ་ཚོགས་པ་ལྡན་ཡོད་པ་དང་། དེ་བཞིན་མཚོན་བྱ་མཚོན་བྱེད། ཡང་ན་མཚོན་བྱེད་གཅིག་པུའི་སྒོ་ནས་བརྗོད་བྱའི་དོན་གསལ་བར་བྱེད་པའི་རྩོམ་ཉམས་འདི་ནི་བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་ཆེས་དར་ཁྱབ་ཆེ་བའི་རྩོམ་ཉམས་ཤིག་ཡིན་པས། སྙན་ངག་མེ་ལོང་མ་བོད་ལ་མ་བསྒྱུར་བའི་ཡར་སྔོན་དུ་བོད་ལ་སྙན་ངག་གི་གཞུང་མེད་པ་མ་གཏོགས། སྙན་ངག་གི་རྒྱན་དང་གཟུགས་རྒྱན་ལ་སོགས་པའི་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའང་ཁྲི་འདུས་སྲོང་གི་མགུར་གླུ་འདི་དང་འདི་ལྟ་བུའི་རིགས་ཀྱིས་བདེན་དཔང་གི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཀྱང་ཐོན་ཡོད། དཔེར་ན་སྙན་ངག་མེ་ལོང་མའི་གཞུང་ནི་རྒྱ་གར་མཁས་པས་བརྩམས་པ་བོད་སྐད་དུ་བསྒྱུར་ནས་རིམ་བཞིན་དར་ཁྱབ་ཏུ་སོང་བ་ཞིག་ཡིན་པས་དཔེར་བརྗོད་མང་ཆེ་བ་བོད་མིའི་འཚོ་བ་དང་བསྟུན་ཐབས་བྲལ་ལ། ཐ་ན་ཚིག་སྦྱོར་ནི་མཛེས་པའི་རྒྱན་དུའང་མི་འགྲོ་བས་ཀློག་པ་པོའི་གོ་བ་ལོག་སྲིད་སྟབས། ཁ་ཤས་ཀྱིས་བོད་ཀྱི་སྙན་ངག་ནི་རྒྱ་གར་མཁས་པའི་སྙན་ངག་ལ་ལད་ཟློས་བྱས་པ་ཙམ་ཞིག་ལས་ནང་དོན་གསོན་ཉམས་ལྡན་པའི་བོད་ཀྱི་སྙན་ངག་ནི་དབུལ་བོ་རྩམ་ཁུག་ནང་གི་རྩམ་པ་ལས་དཀོན་པ་རེད་ཅེས་མངོན་སུམ་སྒོས་བཤད་པར་བརྟགས་ན།བོད་ཀྱི་སྙན་ངག་གི་གདོད་མའི་རྣམ་པར་བརྩི་བའི་གནའ་བོའི་བཙན་པོའི་མགུར་གླུ་བོད་ཀྱི་རྩོམ་རིག་བང་མཛོད་ཁྲོད་གལ་འགངས་ཆེ་ཞིང་ཟད་མཐའ་མེད་པའི་ནུས་པ་ཐོན་ཡོད། དེ་མིན་མགུར་གླུ་ཚིག་སྦྱོར་ནི་གདངས་མཚམས་དང་ཡི་གེ་ལྕི་ཡང་གི་བྱེ་བྲག་སྦྱོར་བའི་སྒོ་ནས་སྒྲ་དོན་དེ་སྒྲའི་རླབས་རྒྱུན་དང་བསྟུན་ནས་སྡེབ་སྦྱོར་གྱི་ཆ་གསལ་པོ་ཞིག་བྱས་ཡོད་པ་དེས་འཁྱོག་བརྗོད་ཀྱི་རྒྱན་ལ་སོགས་པས་མ་སྤྲས་ཀྱང་དབྱངས་ཀྱི་འགྱུར་ཉམས་ཆེ་ཞིང་གསལ་བ་འདི་ལས་རང་བཞིན་གྱིས་ཉམས་ཆེ་བ་དང་བརྗོད་བདེ་བ། རྣར་སྙན་པས་ཡིད་སེམས་དབང་མེད་དུ་འཕྲོག་པའི་སྒྱུ་རྩལ་གྱི་ཉམས་སྣང་ཕུན་སུམ་ཚོགས་པའི་ནུས་པ་ལྡན་ཡོད་ལ།བྱེ་བྲག་ཏུ་ཁྲི་འདུས་སྲོང་གི་མགུར་གླུའི་དཔེ་འགོད་སྟངས་ཀྱི་བྱེད་ནུས་བརྗོད་ན།

    1.ལེན་མཁན་གྱིས་ཤར་མར་ལེན་བདེ་བ།

    བོད་ཀྱི་སྙན་ངག་གི་ཐོག་མའི་རྣམ་པར་གྲུབ་པའི་མགུར་གླུ་ལྟ་བུར་མཚོན་ན། བོད་ཀྱི་གནའ་རབས་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་གལ་ཆེ་གྲས་ཡིན་ལ། དེའི་བྱེད་ནུས་གཙོ་བོ་ནི་སྤྱི་ཚོགས་འཚོ་བའི་ཟ་ཟུར་གང་རུང་ཞིག་གམ་རྩོམ་མཁན་རང་ཉིད་ཀྱི་ཡིད་འགྱུ་སྣ་ཚོགས་སྒྱུ་རྩལ་ལས་སྣོན་དང་བཙོ་སྦྱང་བྱས་ཏེ་ཅུང་གཅིག་སྡུད་དང་སྣང་བརྙན་རང་བཞིན་གྱིས་ཕྱིར་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་བ་ཞིག་ཡིན་པ་ལྟར། གནའ་བོ་བཙན་པོ་དུས་ཀྱི་མགུར་གླུ་འདི་དག་ནི། སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ངེས་ཅན་ཞིག་མི་རྣམས་ཀྱི་ངག་ལས་རང་ཤུགས་སུ་ཐོན་པའི་ངག་གི་སྦྱོར་བ་ཡིན་སྟབས། བརྗོད་བྱ་དང་། རྗོད་བྱེད། ཚེག་བར། ཚིག་རྐང་སོགས་ཕྱོགས་ཡོངས་ནས་གུ་ཡངས་ཤིང་། རང་དབང་དང་ལྡན་པ་སྟེ། དཔེར་ན། བརྗོད་བྱའི་དོན་གྱི་ཐད་ནས་ཚིག་རྐང་གི་རིང་ཐུང་ལ་ལྟོས་པ་མེད་པར། ལེན་མཁན་གྱི་སེམས་ཀྱི་འཕྲོ་འདུ་ལྟར་ཤར་མར་བླངས་ཆོག་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་གཏན་ཆགས་ཅན་གྱི་ཚིགས་བཅད་ཀྱི་རྣམ་པར་གྲུབ་ཡོད་ནའང་། དེར་ཡང་མེ་ལོང་མའི་ལུགས་ལྟར་མཐའ་གཅིག་ཏུ་ཚེག་བར་དོ་མཉམ་དགོས་པའི་ངེས་པ་མེད་པར། ལ་ལ་ཞིག་ཚེག་བར་དོ་མཉམ་པའི་རྣམ་པ་བཅིངས་པ་དང་ལ་ལ་ཞིག་དོ་མི་མཉམ་པའི་རྣམ་པར་བཅིངས་མོད་དངོས་སུ་མགུར་གླུ་ཞེས་པ་ནི་བརྡ་རྙིང་དང་མངོན་བརྗོད། བསྡུས་བརྗོད་སོགས་ཚིག་ཉམས་ཀྱི་མ་བསླད་པ་སྐྱེས་ཕོ་མོ་རྒན་གཞོན་སུ་ཡིན་ནའང་ངག་ཐོག་ཤར་མར་རྩོམ་ནུས།

    2.ཀློག་མཁན་གྱི་བློ་ལ་ངེས་སླ་བ།

    སྤྱི་བབ་ཀྱི་སྟེང་ནས་གནའ་བོ་བཙན་པོའི་དུས་ཀྱི་མགུར་གླུ་འདི་དག་ལ་ཚིག་གྱོང་དང་། ཚིག་ཉོག བརྡ་ཆད་སོགས་ཀྱིས་བཅིངས་མེད་པར། ཡུལ་སྐད་ཀྱི་རྨང་གཞིའི་ཐོག་སྤེལ་བ་ཤས་ཆེ་བ་ཞིག་ཡིན། བརྗོད་བྱ་ཐད་ནས་མང་ཆེ་བ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་ཀྱི་གནས་བབ་བརྗོད་པ་ཤུགས་ཆེ་བས། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཏུ་གཞོལ་ཆེ་ཞིང་། དཔེའི་སྒོ་ནས་དོན་བསྟན་ན་དོན་དེ་གསལ་བོ་ཡོང་བ་ཡིན་པས། དཔེའི་སྒོ་ནས་སྟོན་པ་ལ་དགོས་པ་ཆེན་པོ་ཡོད། སྐབས་འདིར་ཁྲི་འདུས་སྲོང་གིས་བཞེངས་པའི་མགུར་གླུའི་ཁྲོད་དུ་དོན་ཡོངས་སུ་བསྡུས་ནས་དཔེ་ཁོ་ནས་སྟོན་པའི་བསྡུས་བརྗོད་ཀྱི་རྒྱན་སོགས་ཀྱི་མཚོན་ཐབས་མང་པོ་ཞིག་དཔེ་ལ་བརྟེན་ནས་བསྟན་ཡོད་དེ།དཔེར་ན“།གསེར་གྱྀ་ནི་དོང་རལ་ན།། གཡུ་འྀ་ནི་མདའ་ཆྀག་མ།།མ་འཕངས་ན་ཤ་མྱི་ཁུམས།།འཕངས་ན་ནྀ་རལ་ཡང་སྟོངས།།”ཞེས་ཁྲི་འདུས་སྲོང་གིས་མགར་སྤུན་མཆེད་ལ་བཀྱོན་ཕབ་མིན་གྱི་ཉིས་འགལ་སེམས་ཁམས་དེ་ལེན་མཁན་གྱིས་སྐབས་སུ་སེམས་ཁམས་ཉིས་འགལ་ཡིན་པ་རྐྱང་རྐྱང་བླངས་པ་ཡིན་ན་ཉན་མཁན་གྱི་སྣང་ངོར་རབ་རིབ་ཀྱི་ཤེས་རྟོགས་ཙམ་ལས་གསལ་བོ་ཞིག་རྟོགས་ཐབས་མེད་པས། དཔེ་རྔོན་པའི་མདའ་དང་དོང་རལ་གྱི་འབྲེལ་བ་ལས་རྔོན་པས་གསེར་གྱི་དོང་རལ་ནང་གི་གཡུ་མདའ་མ་བཀོལ་ན་ཤ་བ་གསོད་མི་ཐུབ་པ་ལ་གཡུ་མདའ་བཀོལ་ན་ཡང་ཕངས་པའི་ཉིས་འགལ་གྱི་སེམས་ཁམས་གསོན་ཉམས་ལྡན་པའི་ངང་ནས་བརྗོད་པས་ཕ་རོལ་ཉན་པ་པོས་བརྗོད་བྱའི་དོན་རྣམས་བློ་ལ་ངལ་བ་མེད་པར་ངེས་ཐུབ།

    དེ་ལས་ང་ཚོས་རྒྱུན་པར་གནས་ཚུལ་ལམ་གནས་ལུགས་གང་ཞིག་གསལ་བཤད་བྱེད་དུས་ཟས་ཀྱི་རྒྱལ་པོ་ཚྭ་དང་གཏམ་གྱི་རྒྱལ་པོ་དཔེ་ཞེས་པའི་ཁ་དཔེ་ལྟར་སྐད་ཆའི་སྒྱུ་རྩལ་གྱི་ཡང་རྩེར་སོན་པའི་སྒྱུ་རྩལ་ཁྱད་པར་ཅན་དཔེ་ལ་བརྟེན་ན་གོ་སླ་ཞིང་ཉན་སྤྲོ་བ། བརྗོད་དོན་གསོན་ཉམས་ལྡན་ལ་ཕ་རོལ་བའི་ཡིད་ལ་ངེས་སླ་བ་ཡིན། ཉན་མཁན་གྱི་ཡིད་སེམས་འཕྲོག་པ་ལ་དཔེ་ལས་ལྷག་པ་མེད་པ་དང་། ཕ་རོལ་བ་སུན་སྣང་སྐྱེས་པའི་སྐད་ཆ་ཉག་ཉོག་དང་ཚིག་ལྷག་གིས་སྤྲོས་བརྗོད་བྱེད་མི་དགོས་པར།ཚིག་ཉུང་དོན་འདུས་ཀྱི་རྗོད་པ་ཐུང་ངུས་གཞན་ཡིད་ལ་གའུ་ཁ་སྦྱོར་ལྟར་བསམ་བློ་བརྒྱུད་སྤྲོད་བྱེད་ཐུབ་བོ། །

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས 15པ།2015·05·22།    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག