དང་པོ། རྒྱུ་རྐྱེན་གཙོ་བོ་བཤད་པ།

    སྤྱིར་བོད་སྐད་ཁྲོད་ཡུལ་སྐད་མང་དུ་གྱེས་པར་བོད་བཙན་པོ་རྒྱལ་རབས་ཐོར་ཞིག་ཏུ་སོང་བ་ཁོ་ནའི་རྒྱུ་མཚན་གྱིས་བྱུང་བར་འདོད་ཅིང་། ལ་ལ་ཞིག་གིས་བཙན་པོ་རྒྱལ་རབས་ཀྱི་སྐབས་ནས་ཀྱང་གྱེས་ཡོད་པར་ངེས་འཛིན་བྱེད་བཞིན་ཡོད་པས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཤིག་སྣང་ནའང་། སྐད་བརྡ་རིག་པའི་གཞུང་དོན་ལྟར་ན། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འབྲེལ་བའི་ཕྱི་རྐྱེན་དང་སྐད་བརྡ་ནང་ཁུལ་གྱི་རྒྱུ་རྐྱེན་གཉིས་བརྗོད་ཡོད་པའི་སྤྱི་འགྲོས་ལྟར་དབྱེ་ཞིབ་བྱས་ན།

    བོད་ཀྱི་ལོ་རྒྱུས་སྤྱི་ལ་བསམས་ན། བོད་མེ་སྟག་ལོ་སྟེ་སྤྱི་ལོ846ལོར་རྒྱལ་པོ་འུ་དུམ་བཙན་ནམ་གླང་དར་མར་གྲགས་པ་དེ་ཉིད་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་པའི་དུས་ནས་བཟུང་བཙུན་མོ་ཆེ་ཆུང་གི་སྲས་གཉིས་སྲིད་དབང་གཟུང་རྒྱུར་ཁ་མ་འཆམས་པར་བཙུན་མོ་གཉིས་དང་བློན་པོ་རྣམས་ནང་ཁུལ་མི་མཐུན་པའི་ཕྱོགས་ཁག་གཉིས་སུ་གྱུར། ལ་ལས་མངའ་བདག་འོད་སྲུང་ལ་རྒྱབ་སྐྱོར་བྱས་ཏེ་སྲིད་དབང་འཛིན་པའི་རེ་བ་དང། ལ་ལས་མངའ་བདག་ཡུམ་བརྟན་གྱི་རྒྱལ་དབང་བགྱི་ཐུབ་པར་འདུན་པ་བཅངས། མངའ་བདག་ཡུམ་བརྟན་གྱི་ཕྱོགས་ཁག་དབུ་རུ་སྟེ། ཤར་ཕྱོགས་ཀྱི་མཚམས་འོལ་ཁའི་ཤུག་པ་སྤུན་བདུན། ལྷོ་ཕྱོགས་ཀྱི་མཚམས་རྨ་ལ་ལ་རྒྱུད། ནུབ་ཕྱོགས་མཚམས་གཞུ་སྙེ་མོ། བྱང་ཕྱོགས་ཀྱི་མཚམས་སྤྲགས་ཀྱི་གླང་མ་གུར་ཕུབ་ཏུ་བརྩིས་པའི་དཀྱིལ་ལྷ་ས་ར་མོ་ཆེ་ལ་བྱས་པའི་ས་ཁོངས་བདག་གིས་བཟུང་ཞིང་། འོད་སྲུང་གི་ཤོག་ཁས་གཡོ་རུ་སྟེ་ཤར་ཕྱོགས་ཀོང་ཡུལ་བྲེས་སྣ། ལྷོ་ཕྱོགས་ཤ་འུག་ལྟག་སྒོ། ནུབ་ཕྱོགས་ཇོ་མོ་ཁ་རག བྱང་ཕྱོགས་རྨ་ལ་ལ་རྒྱུད་བཅས་ཀྱི་དཀྱིལ་ཁྲ་འབྲུག་ལ་བརྩིས་པ་བཅད་བཟུང་གིས་བདག་ཏུ་བཟུང་སྟེ། སྤྱི་ལོ856ལོ་ནས་བཟུང་ཤོག་ཁ་གཉིས་ཀྱི་དབར་གཡུལ་འཐབ་ལོ་གསུམ་ཙམ་ལངས། མཐར་ཡུམ་བརྟན་གྱིས་འོད་སྲུང་གི་གདུང་རྒྱུད་རྣམས་ཕམ་སྟེ་མངའ་རིས་ཀྱི་ཕྱོགས་སུ་བྲོས། དེའི་བློན་འབངས་མང་ཆེ་བ་ལྷོ་མོན་གྱི་ཕྱོགས་སུ་བྲོས་ཤིང་། དེ་གཞན་རྣམས་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་སྟེ། ཡུལ་གྲུ་སོ་སོར་ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་བ། ཤ་ཟན་དང་རྩ་ཟན་ཞེས་པའི་ཕྱོགས་ཁག་གཉིས་སུ་གྱེས་ཤིང་ཕན་ཚུན་བར་ནང་འཁྲུག་གི་རྒྱུན་མ་ཆད་པར་བྱུང་དང་འབྱུང་མུས་ཀྱི་སྐབས། གཞི་རྒྱ་ཆེ་ཤོས་ཀྱི་འབངས་གྱེན་ལོག་རིམ་པར་བྱུང་ཞིང་། དེ་ལྟར་བོད་ཀྱི་ལོ་རྒྱུས་སྟེང་གི་བོད་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་སོང་བ་བསྟུན་ནས་གཅིག་འོག་གཅིག་ལ་མ་འདུས་པའི་རྒྱལ་ཕྲན་གསར་བ་མང་པོ་གང་འདོད་ཀྱིས་བཙུགས་ནས། རང་རང་དཔོན་པོ་རང་རང་བྱེད་པའི་ས་ཁོངས་བཅད་བཟུང་གི་སྤྱི་ཚོགས་སྒྲིག་གཞི་ལམ་ལུགས་ཤིག་རིམ་གྱིས་ཆགས་ཏེ། དབུས་གཙང་དང་སྟོད་མངའ་རིས་ཕྱོགས་སུ་ཁྲི་དར་མའི་སྲས་རྩོད་མེད་འོད་སྲུང་གི་གདུང་རྒྱུད་ཀྱིས་མངའ་རིས་ཕྱོགས་སུ་བཙུགས་པའི་ལ་དྭགས་རྒྱལ་རབས། གུ་གེ་རྒྱལ་རབས། སྤུ་རངས་རྒྱལ་རབས་དང་ཡ་ཙེ་རྒྱལ་རབས། ད་དུང་ཡར་ལུང་འཕྱིང་བ་སྟག་རྩེ་ནས་གཞི་བྱས་པའི་ཡར་ལུང་རྒྱལ་རྒྱུད་དང་། མངའ་བདག་ཡུམ་བརྟན་གྱི་གདུང་རྒྱུད་ཀྱིས་བཙུགས་པའི་ལྷ་སའི་རྒྱལ་རྒྱུད་སོགས་བྱུང་ཞིང་། མདོ་སྨད་ཕྱོགས་སུ་མཚོན་ནའང་། གནམ་ལྡེ་འོད་སྲུང་གི་རྒྱུད་པ་ཁྲི་ལྡེ་བྱ་བ་འདིའི་ཕྱོགས་སུ་བྱོན་ནས་ཙོང་ཁ་སྡེ་ཁམས་སུ་གྲགས་པའི་ཙོང་ཁའི་རྒྱལ་རྒྱུད། དཔའ་རིས་བོད་ལུང་གསུམ་སོགས་རྒྱལ་ཕྲན་མང་པོ་བྱུང་ལ། དེ་བཞིན་དུ་ཁམས་རྒྱལ་རོང་སོགས་སུའང་རྒྱལ་ཕྲན་མང་པོ་བྱུང་བ་དག་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་དེབ་ཐེར་དུ་གསལ་བོར་མཐོང་ཐུབ་པ་རེད། དེ་ལྟར་བཅད་བཟུང་བྱས་པའི་ས་ཁུལ་བར་འགྲོ་འོང་གི་ཁ་གྲངས་ཉུང་བར་གྱུར་ལ། ཕན་ཚུན་བར་མང་ཚོགས་ཡོངས་ཁྱབ་ནས་འབྲེལ་འདྲིས་བྱེད་པའི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་ཐུབ་མེད་པས། རང་ས་རང་མི་ལས་ཨ་མ་མ་གཏོགས་མི་ངོ་མི་ཤེས་པ་དང་ཐབ་ཁུང་མ་གཏོགས་ས་ཆ་མ་ཤེས་པའི་དཔེའི་ཚད་དུ་སླེབས་ཏེ། དུས་ཡུན་རིང་པོ་འདས་ཕྱིར་བོད་དུ་ཡུལ་སྐད་ཆེན་པོ་གསུམ་དུ་གྱེས་པར་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་པ་རེད། བོད་བཙན་པོ་རྒྱལ་རབས་སིལ་བུར་ཐོར་ཏེ་བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་ལ་རིམ་གྱིས་འགྱུར་ལྡོག་ཅི་རིགས་ཤིག་བྱུང་ཞིང་། མི་དམངས་མང་ཚོགས་བར་གྱི་འབྲེལ་གཏུག་དང་མཉམ་འདྲེས་ཀྱི་གྲངས་ཚད་དང་ངོ་བོའི་སྟེང་གྱེས་འབྱེད་དང་གཅིག་མཐུན་མ་བྱུང་བར་དུས་ཡུན་རིང་པོ་ཞིག་འགོར་ཕྱིར། ས་ཁུལ་སོ་སོའི་བོད་སྐད་ཀྱི་སྒྲ་གདངས་དང་བརྡ་དོན་བཅས་འཕེལ་འགྱུར་བྱུང་ནས་མི་མཐུན་པར་གྱུར་ཏེ། སྒྲ་གདངས་ལ་སྔར་ཡོད་ཟུར་ཆག་པའམ་ཉམས་པ་དང་། སྔར་མེད་འཕར་སྣོན་བྱུང་བའམ་སྒྲ་ནང་ཁུལ་དུ་ཕན་ཚུན་ལ་ཤན་ཞུགས་ཤིང་སྡེབ་ལུགས་མི་འདྲ་བ། གདངས་སམ་ང་རོ་ལ་འཕེལ་འགྱུར་ཆེ་ཙམ་བྱུང་བ་ཅི་རིགས་སྣང་ལ་བརྗོད་བདེར་ཕྱོགས་པ། བརྡ་དོན་ལ་ཕྱི་ནང་གི་རྐྱེན་དང་འགྲན་ནུས་མི་འདྲ་བའི་དབང་གིས་རོབ་སྤྱི་ཙམ་དུ་སྣང་བའམ་སྔར་བས་གཏིང་ཟབ་ཅིང་ཡང་དག་དང་ཕྲ་ཞིབ་ཏུ་གྱུར་པ། ཡང་ན་སྔར་མེད་གསར་གཏོད་དང་སྔར་དོན་ཕྱི་དུས་སུ་ཉམས་པའམ་སྔར་བས་གོ་འཛོལ་དུ་གྱུར་ལ། དེ་བཞིན་དུ་མིང་ལའང་ནང་ཁུལ་དུ་གྲངས་ཀ་སྔར་ལས་མང་ཞིང་བརྡ་གསར་ཞིབ་ཚགས་སུ་འཕེལ་བ་དང་། སྒྲ་དོན་གྱི་སྦྱོར་ལུགས་དང་འཇུག་ཚུལ་མི་འདྲ་བ། བརྡ་རྙིང་རྣམས་བཀོལ་རྒྱ་གཅིག་མཐུན་མ་བྱུང་དང་རིམ་གྱིས་ཉམས་པའམ་བརྡ་གསར་གྱིས་ཚབ་བྱས་པ་སོགས་འཕེལ་འགྱུར་གཅིག་གྱུར་མ་བྱུང་བས་མིང་གི་སྒྲུབ་ཚུལ་སྡེབ་སྟངས་དང་། མིང་ཕྲད་ཚིག་གྲུབ་ཀྱི་སྦྱོར་ལུགས། བརྡ་དོན་སྐབས་བསྟུན་གྱིས་སྦྱོར་བའམ་འགྱུར་ཚུལ། ཚིག་འགྲོས་ཀྱི་ཡར་བཅད་མར་གཅོད་དམ་དོན་གྱི་དབྱེ་མཚམས། སྒྲ་གདངས་ཀྱི་དྲག་ཞན་ལྕི་ཡང་དང་ཡར་འདེགས་མར་ཕབ་ཀྱི་འཕེལ་ཚད་སོགས་གཅིག་མཐུན་མ་བྱུང་བར་ལོ་ངོ་མང་བོ་ཕར་འདས་གཤིས། བོད་སྐད་ཁྲོད་བྱེ་བྲག་ཏུ་ཡུལ་སྐད་ཆེན་པོ་གསུམ་བྱུང་བའི་རྒྱུ་མཚན་གྱིས་བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་བའི་སྤྱི་ཚོགས་འཕེལ་འགྱུར་ནི་བོད་དུ་ཡུལ་སྐད་བྱེ་བྲག་ཆེན་པོ་གསུམ་བྱུང་བའི་རྩ་བའི་རྒྱུ་རྐྱེན་དུ་ངེས་སོ། །

    གཉིས་པ། རྒྱུ་རྐྱེན་ཕལ་བ་བཤད་པ།

    བོད་ཀྱི་བཙན་པོ་གླང་དར་མ་སྐུ་འདས་རྗེས། བཙན་པོ་རྒྱལ་རབས་ཐོར་ཞིག་ཏུ་སོང་བ་ཁོ་ནའི་རྒྱུ་མཚན་གྱིས་བོད་དུ་ཡུལ་སྐད་ཆེན་མོ་གསུམ་བྱུང་བར་མི་འདོད་དེ། དེ་ནི་བོད་སྐད་གྱེས་འབྱེད་ཀྱི་རྩ་བའི་ཆ་རྐྱེན་དུ་ངེས་ནའང་། འདི་འདྲའི་སྤྱི་ཚོགས་ཀྱི་ཆ་རྐྱེན་འོག་བོད་སྐད་གྱེས་འབྱེད་བྱུང་བར་རྒྱུ་རྐྱེན་ཕལ་བ་རིགས་སྣ་ཚོགས་ཤིག་ཡོད་ཅིང་། དེ་དག་ཕྱོགས་ཆེན་པོ་གསུམ་དུ་བསྡུས་ཏེ་བརྗོད་ཆོག

    གཅིག རང་བྱུང་གི་རྒྱུ་རྐྱེན།

    བོད་ཀྱི་བཙན་པོ་རིམ་བྱོན་གྱིས་སྤྱི་ཚོགས་འཕེལ་རྒྱས་དང་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་དམག་སྣ་དྲངས་ཏེ་ས་ཁོངས་རྒྱ་བསྐྱེད་དེ་ཡུལ་གྲུ་མང་པོ་འཛིན་བཟུང་བྱས་པ་འཛམ་གླིང་སུམ་ཆའི་གཉིས་འདུས་ཞེས་གསུངས་པ་ལྟར་རོ། །ཡིན་ནའང་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་གངས་ཅན་གྱི་ལྗོངས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྤྱི་སྨི་སུམ་སྟོང་ཡས་མས་ཙམ་ཡིན་པས་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པ་དང་། བོད་ཀྱི་ཡུལ་དུ་ཆུ་ཀླུང་མང་ཞིང་རི་ལུང་མོད་ལ། གཡའ་རི་དང་བྲག་རི། ནགས་ཚལ། གངས་རི་བཅས་ཀྱིས་ཡོངས་སུ་ནང་སྐོར་དང་ཕྱི་སྐོར་བྱས་ནས་ཆགས་ཡོད་པར་མ་ཟད། གནམ་གཤིས་དྲོད་གྲང་རྩིབ་པ་བཅས་ཀྱི་རང་བྱུང་གི་ས་བབ་ཆགས་སྟངས་མི་ལེགས་པའི་རྒྱུ་མཚན་གྱིས་བཅད་བཟུང་གི་ས་ཁུལ་ཕན་ཚུན་བར་འགྲོ་འོང་གི་འགྲིམ་འགྲུལ་སྟབས་བདེ་མིན་ལ། ཡུལ་གྲུ་བར་ལ་རང་བཞིན་གྱིས་མཚམས་ཆད་དེ་ཁ་ཁར་གྱུར་པས་ན། ས་ཁོངས་བཅད་བཟུང་བྱས་ཐོག་ཡུལ་སྐད་ཀྱང་བཅད་བཟུང་མི་བྱེད་ཀ་མེད་དུ་གྱུར་པ་རེད།

    གཉིས། མི་གྲངས་ཀྱི་རྒྱུ་རྐྱེན།

    མི་གྲངས་ཀྱི་འདུས་ཚད་དང་མི་འབོར་གྱི་མང་ཉུང་གིས་སྐད་བརྡའི་འཕེལ་འགྱུར་ལ་ཤན་ཤུགས་གང་རུང་ཞིག་ཐེབས་ཞིང་། སྐད་བརྡའི་གྱེས་འབྱེད་དང་གཅིག་གྱུར་འཕེལ་རྒྱས་ལ་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཞིག་བཏོན་ཐུབ་པ་རེད། བོད་ལ་མཚོན་ན་ས་ཁོངས་རྒྱ་ཆེ་ཡང་མཚོ་སྡོད་ཀྱི་ཆ་རྐྱེན་དམའ་བ་དང་། རབ་བྱུང་གི་དགོན་སྡེ་མང་དུ་བཙུགས་ཏེ་རབ་བྱུང་གྲྭ་བཙུན་གྱི་མི་འབོར་མང་དུ་འཕེལ་བར་བརྟེན་ནས་མི་གྲངས་འཕེལ་ཚད་མར་དུ་ཆེར་འགྲིབ་པའི་རྒྱུ་མཚན་གྱིས་བོད་ཀྱི་སྤྱིའི་མི་འབོར་ཇེ་ཉུང་དུ་ཕྱིན། ས་ཁོངས་བཅད་བཟུང་གི་ཡུལ་གྲུ་ནས་རང་ཁ་རང་གསོ་བྱེད་ཐུབ་པར་བརྟེན་ཡུལ་གཞན་དུ་འབྲེལ་གཏུག་བྱེད་པའི་དགོས་དབང་མེད་པར་གྱུར་ཕྱིར་ཡུལ་སྐད་བྱེ་བྲག་པ་ཙམ་བཀོལ་ནས་ལོ་ཟླ་མང་པོར་ལུས་པ་དང་། རིམ་གྱིས་ཡུལ་བྱེ་བྲག་པའི་སྐད་ལ་ཁྱད་ཆོས་སྣ་ཚོགས་ཅི་རིགས་ཤིག་ངང་གིས་བྱུང་བར་གྱུར་པ་རེད།

    གསུམ། ལོ་རྒྱུས་དོན་རྐྱེན་གྱི་རྒྱུ་རྐྱེན།

    བོད་བཙན་པོ་རྒྱལ་རབས་སིལ་བུར་ཐོར་ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་རྗེས། བླ་ཆེན་དགོངས་པ་རབ་གསལ་སོགས་མདོ་ཁམས་པ་མང་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བསྟན་པའི་མེ་རོ་སྨད་ནས་གསོས་ལ། སྤྱིར་སངས་རྒྱས་ཆོས་ལུགས་བོད་ལ་དར་བའི་རྒྱུན་རིང་ཞིང་བག་ཆགས་ཟབ་པས་ནང་པའི་བསྟན་པ་སླར་གསོ་བྱེད་ཐུབ་པ་དང་སྔར་བས་དར་ཞིང་རྒྱས་པར་གྱུར་སྟབས། བོད་ཀྱི་ཡུལ་སྐད་གང་ལ་མཚོན་ནའང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་མཐུན་ཞིང་སངས་རྒྱས་ཆོས་ལུགས་དང་འབྲེལ་ཏེ་བྱུང་བའི་མིང་བརྡ་དང་གཏམ་ཚིག་འབོར་ཆེན་ཞིག་དམ་པོར་གཏན་འཇགས་བྱུང་བས་ཡུལ་སྐད་ཁྲོད་འགྱུར་ལྡོག་གི་ཚད་དལ་བར་གྱུར། ཡིན་ནའང་རྗེས་ཀྱི་ལོ་རྒྱུས་དོན་རྐྱེན་ཅི་རིགས་ཤིག་བསྟུད་མར་བྱུང་བས་ཡུལ་སྐད་བྱེ་བྲག་པ་སོ་སོའི་འཕེལ་འགྱུར་ལ་ཁ་བའི་སྟེང་ལ་སེར་བ་ཞེས་པའི་དཔེ་ལྟར་ཤན་ཤུགས་གང་མང་ཐེབས། བོད་ཡུལ་ཀུན་ས་སྐྱ་བས་དབང་བསྒྱུར་བ་དུས་ཡུན་རིང་བོ་མ་འགོར་བར་སོག་པོ་རྒྱལ་པོ་ཇིང་གིར་ཧན་གྱིས་སོག་པོ་ཚོ་བ་ཁག་གཅིག་གྱུར་མཛད་ཕྱིན། རིམ་གྱིས་ཡ་གླིང་ཡུལ་གྲུ་མང་པོ་རྒྱ་བསྐྱེད་པ་དང་ཁེལ་བས་བོད་ཡུལ་ལ་སོག་པོའི་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བྱས་པས་བོད་སོག་གཉིས་ཀྱི་བར་ངང་ངམ་ཤུགས་ཀྱིས་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས། དེ་ནས་བོད་སོག་བར་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཆེར་མངོན་པའི་སྐད་བརྡ་སོགས་ཕན་ཚུན་ཤན་ཤུགས་གང་མང་ཞིག་བྱུང་བ་རེད། དེའི་རྐྱེན་གྱིས་བོད་སྐད་ཁྲོད་སོག་སྐད་མང་པོ་བྱུང་སྟེ་རིམ་གྱིས་རྒྱུན་འབྱམས་སུ་གྱུར་ལ། ལྷག་པར་དུ་མཚོ་སྔོན་གྱི་བྱང་ནུབ་ས་ཁུལ་དུ་བཀོལ་རྒྱ་ཇེ་ཆེར་མངོན་པར་སྣང་། 1855ལོར་གོར་ཥས་བོད་ལ་བཙན་འཛུལ་གྱི་དམག་འཁྲུག་བསླངས་ཏེ་སྐྱིད་ཐོག་དང་། རྫོང་དགའ།གཉའ་ནང་སོགས་རིམ་བཞིན་བཙན་གྱིས་བཟུང་ཐོག〖LL〗ས་གནས་དེ་ཁག་གི་བོད་སྐད་ལ་ཤན་ཤུགས་རེ་གཉིས་ཙམ་ཐེབས་པར་བརྗོད་ལ། 1914ལོར་དབྱིན་ཇི་བཙན་འཛུལ་བས་བོད་ཡུལ་ལ་བཙན་འཛུལ་བྱས་ཏེ་དུས་ཡུན་རིང་བོར་འགོར་ཕྱིར། བྱ་དངོས་གསར་བ་དང་འབྲེལ་ནས་དབྱིན་སྐད་ཀྱིས་ཤན་ཤུགས་ཐེབས་ཡོད་པ་ལྷ་སའི་སྐད་དུ་རྒྱུན་འཇགས་སུ་གྱུར་པ་ད་ལྟའི་ལྷ་སའི་སྐད་དུའང་མཐོང་ཐུབ་པ་རེད། 1950ལོར་བོད་ལྗོངས་བཅིངས་གྲོལ་བྱས་ཐུབ་པ་བྱུང་བས་བོད་སྐད་ཁྲོད་དུ་རྒྱ་ནག་སྐད་ཀྱི་ཤན་ཤུགས་ཐེབས་པ་མདོ་དབུས་ཁམས་གསུམ་འདྲ་སྙོམས་མ་བྱུང་བར་སྟབས་ཀྱིས། ཡུལ་སྐད་བྱེ་བྲག་པ་སོ་སོའི་འཕེལ་འགྱུར་ཡང་དོ་མི་མཉམ་པར་གྱུར་པ་རེད།

    མདོར་ན་བོད་ཀྱི་ཡུལ་སྐད་འཕེལ་འགྱུར་ལ་ལོ་རྒྱུས་དོན་རྐྱེན་གྱི་དགོས་དབང་དང་མི་རིགས་ཕན་ཚན་བར་གྱི་འབྲེལ་གཏུག་གིས་བོད་སྐད་ཁྲོད་ཡུལ་སྐད་མང་དུ་གྱེས་པར་སྐུལ་འདེད་ཀྱི་ནུས་པ་བཏོན་པ་མ་ཟད། ཡུལ་སྐད་སོ་སོའི་སྐད་གདངས་འགྱུར་ལྡོག་ལ་མི་མཐུན་པའི་ཁྱད་ཆོས་སྣ་ཚོགས་ཤིག་འབྱུང་བའི་ཁོར་ཡུག་ཅིག་བསྐྲུན་པ་རེད་དོ། །   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག