མི་ཚེ་ནི་ག་འདྲ་ཞིག་ཡིན་པ་མིག་གིས་མི་ཟིན་ཡང་། ངས་དེ་ལ་ཅི་ཞིག་ཡོད་འོས་པའི་རྒྱང་རིང་ཞིག་གམ་དེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཚགས་བཟོ་བྱེད་བཞིན་ཡོད།དེ་ནི་མེ་ཏོག་གཉོམ་པོར་བཞད་པའི་སྤང་ཐང་ཞིག་དང་། ཡང་ན་འབྲུ་སྙེ་ལྷོད་ཀྱིས་ལྡེམ་པའི་རྣང་ཞིང་ཞིག་ཡིན་དགོས་པ་འདྲ། རྒྱུ་མཚན་ནི། གནས་དེ་དག་ནས་ངས་བོར་ཟིན་པའམ་འབོར་གྱིན་པའི་རྨི་ལམ་དག་མངོན་སུམ་དུ་སླར་ཡང་མཐོང་ཐུབ་པས་ཡིན་ལ། སྙན་ངག་ཅེས་པའི་རྒྱལ་སྲས་ཤིག་གི་བཙུན་མོར་ཡང་དབང་ཆོག་པས་ཡིན།འདི་དག་གི་རྐྱེན་ལས་གངས་ཀྱི་ནུ་ཞོས་བསྐྱངས་པའི་སྨན་ཆུང་བུ་མོ་ང་ལ་ཕུགས་བསམ་ཞེས་པའི་བསླུ་བྲིད་དྲག་པོ་ཞིག་མིག་མདུན་དུ་བསླངས་ཤིང་། སྙན་ངག་ཅེས་པའི་དགའ་སྐྱོ་ཆགས་སྡང་གི་ཕུང་བོ་འདི་ལ་ཤི་འཐམ་རོ་འཐམ་བྱེད་དགོས་བྱུང་སོང་།

    ངས་སྙན་ངག་ཅེས་པའི་གཟུགས་མེད་ཀྱི་དབྱངས་རྟ་འདི་བརྒྱུད་ནས། རང་ཉིད་ཀྱི་རྐང་རྗེས་ཐོག་མར་བཀོད་སའི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་དང་ངའི་ནར་སོན་གྱི་གོ་རིམ་ཧྲིལ་བོ་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་པའི་ཕ་མ་སྤུན་མཆེད། ད་དུང་བབས་ཆགས་གཞུང་དྲང་གི་ཕ་ཡུལ་གྱི་མི་དམངས། ཡང་ན་ཕ་ཡུལ་གྱི་རྩྭ་ཕྲན་རེ་རེ་དང་ཆུ་ཐིགས་རེ་རེར་ཡང་རང་སེམས་ན་ལྟེམས་པའི་གླུ་གཞས་སྙན་མོ་ཅི་དགར་བཏང་ཆོག་གིན་ཡོད།

    སྐབས་འདི་དག་ལ་ངས་རི་བོ་མཐོན་པོ་དེའི་རྩེ་མོ་གནམ་གྱི་ཡང་སྟེང་དུ་བརྟོལ་ཡོད་པ་དང་གཙང་པོ་ཆེན་པོ་འདིའི་རྔ་མ་རྒྱ་མཚོའི་འཇིངས་དབུས་སུ་འཐེན་ཡོད་པ་རྟོགས་ཡོང་གིན་འདུག་སྟེ། སུ་ཞིག་གིས་ཀྱང་ངའི་མགོ་བོ་སྨད་པར་མི་ནུས་ཤིང་ངའི་ཁྲག་རྒྱུན་གཅོད་པར་མི་ནུས་པའི་ངེས་ཤེས་ཤིག་གམ་ང་རྒྱལ་ཞིག་དབྱངས་གསལ་སོ་བཞིའི་གཏིང་རིམ་གང་ཞིག་ན་ལྷོག་ལྷོག་ཏུ་འཁོལ་གྱིན་འདུག་སྙམ་ཡོང་།

    སྙན་ངག་དང་ལམ་མཇལ་བྱུང་བ་ནི་ལས་དབང་ཞིག་རེད་ལ། ཡང་སེམས་ཁམས་ཀྱི་གད་བདར་ཐེངས་ཤིག་ཀྱང་རེད་བསམ་གྱིན་ཡོད། ཉིན་རྒྱུན་གྱི་བྲེལ་འཚུབ་ཁྲོད་རང་ཉིད་གང་དུ་བོར་སོང་བ་ལྟར་འཚོལ་རྙེད་མེད་དུས། སྙན་ངག་ཁོ་ནས་ང་ལ་དྭངས་ཤིང་བསིལ་བའི་ཁྲུས་ཆབ་ཅིག་དང་དྲོ་ཞིང་འཇམ་པའི་ཉི་འོད་ཅིག་གནང་ཡོང་གིན་འདུག དེ་བས་སྙན་ངག་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་རང་བྱུང་གི་དག་ཞིང་ཞིག་ཨེ་ཡིན་བསམ་གྱིན་ཡོད།

    ལན་རེར་རང་ཉིད་ནི་རྡུལ་ཕྲན་ཞིག་དང་འདྲ་བར་རླུང་གིས་ཁྱེར་ནས་གང་སར་བསྐྱོད་ཅིང་། ཡུན་རིང་ལ་རང་གི་གནས་ཡུལ་གྱི་ས་གཞི་མི་རྙེད་པ་ལྟ་བུའི་ཤེས་ཚོར་འབྱུང་གིན་འདུག་ལ། ཡང་སྐབས་རེར་རང་ཉིད་ནི་སྤྲིན་པ་ཕྲན་བུ་ཞིག་དང་འདྲ་བར་ཕྱོགས་ངེས་མེད་དུ་རྒྱུ་བ་ལས་གནས་གང་ཞིག་ནི་རང་གི་ལོག་མལ་ཡིན་པའང་མི་རྟོགས་པའི་འཆར་སྣང་སྐྱེས་ཀྱིན་འདུག འོན་ཀྱང་སྙན་ངག་ནི་ངའི་ཉིན་རེའི་ངལ་དུབ་བསང་སའི་ཚིགས་མལ་ཞིག་གམ་དབུགས་དབྱུངས་བསྟེན་ས་ལོས་ཡིན་བསམ། ད་དུང་སྐབས་རེར་སྙན་ངག་ནི་ངའི་གློ་སྙིང་མཆིན་གསུམ་ཕྱེ་མར་བཏག་བྱེད་ཀྱི་འཕྲུལ་འཁོར་ཞིག་དང་འདྲ་བར་ང་ལ་བར་མེད་དུ་ན་ཟུག་དང་མིག་ཆུ་སློང་གིན་འདུག ཡིན་ནའང་། ངས་རང་གི་ན་ཟུག་དང་མིག་ཆུའི་འབྱུང་ཡུལ་དེ་ན་སུ་དང་གང་ཞིག་སྔར་མུས་བཞིན་ལུས་ཡོད་པ་བརྗེད་ཀྱིན་མེད།

    མོ་ལོ་བཅོ་བརྒྱད་ཀྱི་ན་སོ་ནས་རིམ་གྱིས་བསགས་པའི་ན་ཟུག་འདི་དག་དང་མིག་ཆུ་འདི་དག ཡང་ན་ཡིག་འབྲུ་འདི་དག་གི་ཁྲོད་ན་ང་ལ་ཕ་མས་བྱིན་པའི་བུད་མེད་ཅེས་པའི་ལུས་རྟེན་འདི་དང་བོད་ཅེས་པའི་རུས་རྒྱུད་དེ་ལས་གཞན་གང་ཞིག་ཡོད་པ་ངས་ད་དུང་ཤེས་ཚོར་འབྱུང་གིན་མི་འདུག་སྟེ། ང་རང་ཨ་མའི་མངལ་དུ་ཞུགས་པ་ནས་བཟུང་ཡོད་ཚད་ཐག་གཅོད་བྱས་ཟིན་པས། ངས་གནས་བབས་འདི་དང་དོན་དངོས་འདི་ཁུར་ནས་ད་དུང་ལམ་ཐག་རིང་པོ་ཞིག་ལ་རྐང་ཐང་དུ་འགྲོ་དགོས་འདུག་ལ། འགྲུལ་བཞུད་རིང་མོ་འདིའི་ཁྲོད་དུ་སུ་རྒྱལ་སུ་ཕམ་མེད་པའི་རྐང་རྗེས་མག་མོག་རེ་དགོད་དགོས་པ་ནི་རང་གི་ལས་སྐལ་དུ་ལྷག་ཨེ་ཡོད་བསམ་གྱི།

    དེ་རིང་རང་ལོ་ཉེར་དྲུག་གི་ཐེམ་སྐས་ལ་འཛེགས་སྐབས་འདི་དང་འཇིག་རྟེན་གྱི་ཨ་མ་ཞིག་གི་གོ་མིང་འབྱོར་སྐབས་འདིར། འདི་འདྲའི་ཁོ་ལག་མ་རྫོགས་པའི་སྙན་དེབ་ཆུང་ཆུང་ཞིག་ཐོག་དང་པོར་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུ་བྱུང་བ་ལ་དགའ་སྤྲོ་སྐྱེས་འོས་པ་ཞིག་ཡིན་ལས་ཆེ་མོད། འོན་ཀྱང་ང་ལ་དགའ་བ་དང་དགོད་པའི་འཛུམ་མདངས་ཤིག་ཡེ་ནས་འབྱུང་གིན་མི་འདུག་སྟེ། རྒྱུ་མཚན་ནི། ངས་ད་དུང་ཡང་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ས་འདིའི་འདས་མ་ད་གསུམ་གྱི་གཏམ་རྒྱུད་ཁྲོད་ཞིབ་ཉུལ་བྱེད་ཐུབ་ཀྱིན་མེད་པའི་ཕྱིར། ངས་ད་དུང་ཡང་རང་ལ་ལས་ཀྱིས་འབྲེལ་བའི་མི་རིགས་འདིའི་དགའ་སྐྱོ་ཆགས་སྡང་གི་གླུ་གཞས་དབྱངས་སུ་གྱེར་ཐུབ་ཀྱིན་མེད་པའི་ཕྱིར། ངས་ད་དུང་ཡང་ཀ་མད་སུམ་ཅུའི་ཁོང་གསེང་ན་ལྷུག་ལྷུག་ཏུ་ལུད་པའི་རུས་རྐང་སྣུམ་པོ་དེ་གཞིབ་ཐུབ་ཀྱིན་མེད་པའི་ཕྱིར། ངས་ད་དུང་ཡང་རང་ཉིད་ཀྱི་ཚོར་བའི་གསེབ་དང་། འདུ་ཤེས་ཀྱི་གཏིང་། བསམ་པའི་གཞི་ན་ལུས་པའི་སྐད་ཆ་དེ་སུ་ལའང་དྲང་བདེན་དུ་བཤད་ཐུབ་ཀྱིན་མེད་པའི་ཕྱིར།ཡིན་ན་ཡང་།

    ངས་མཚན་གྱི་དུས་ལ་རྨི་ལམ་དུ་རྨིས་ཤིང་ཉིན་གྱི་དུས་སུ་མིག་ལམ་དུ་འཁོར་བའི་ཡིག་འབྲུ་འདི་དག་གི་གསེབ་ཏུ་ངའི་ཚྭ་ལ་སྐྱུར་བའི་མཆི་མ་ལུད་ཡོད་པས་ན། དེབ་ཆུང་འདི་ཉིད་ཉམ་ཆུང་བོད་མོ་ཞིག་གི་ཚངས་མའི་མེ་ཏོག་མ་རྙིང་བའི་མཆོད་གསོལ་དང་པོར་བསྒོམས་ནས་གསོལ་བཞེས་གནང་དང་། བྱིས་བློའི་དྲི་མས་སྦགས་པའི་དེབ་ཆུང་འདི་ཉིད་ཆག་ཉེས་སུ་མ་སོང་བར་འདི་ལྟར་ཐོན་སོང་བ་ལ། འདིར་ཆེད་དུ་ཕ་མ་སྤུན་མཆེད་དང་། ཡུལ་མི་སྤུན་ཟླ། གྲོགས་པོ་གྲོགས་མོ། རྩོམ་སྒྲིག་པ་དང་ཀློག་པ་པོ། ཁྱེད་ཅག་ཡོད་ཚད་ཀྱི་ཐུགས་ཁུར་རྒྱབ་སྐྱོར་ལ་བཀའ་དྲིན་སྐུ་དྲིན་ཅི་ནས་ཀྱང་ཞུ་དགོས་མོད། འོན་ཀྱང་ད་ལྟ་ངའི་ངག་ནས་ཅི་ཡང་ཐལ་མི་ཡོང་གི་སྟེ། སླད་མར་ཀུན་གྱི་རེ་བ་ཆུད་ཟོས་ལ་མི་འགྲོ་བའི་འབད་བརྩོན་བྱ་རྒྱུ་དེ་ཁོ་ནའོ། །

    2014.5.20ཉིན་ལྷ་སའི་རྒྱང་རིང་གི་མཐའ་འཁོབ་རི་གྲོང་ཞིག་ནས།

    རྟོགས་སད་ལྷ་མོའམ་ཚེ་སྐྱིད་ལྷ་མོ་ནི། 1988ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་ཀྱི་གྲོང་རྡལ་ཞིག་ཏུ་སྐྱེས་ཤིང་། 2011ལོར་བོད་ལྗོངས་གསོ་རིག་སློབ་ཆེན་ནས་མཐར་ཕྱིན། རང་ནུས་ལ་དཔག་པའི་མི་ཚེའི་རིན་ཐང་ཞིག་མངོན་ཕྱིར་ད་བར་མི་ལོ་བཅུ་ཙམ་རིང་སྦྱངས་རྩོམ་གྱི་ལམ་དུ་ཞུགས། སྔ་ཕྱིར《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《མཚོ་སྔོན་བོད་ཡིག་གསར་འགྱུར》《ལྷ་ས་དགོང་དྲོའི་ཚགས་པར》《ནག་ཆུའི་ཚགས་པར》བཅས་ཀྱི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ། 2014ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ》ཞེས་པའི་སྙན་དེབ་ཞིག་དཔར་དུ་བསྐྲུན།

     མཚོ་སྔོན་བོད་ཡིག་གསར་འགྱུར།2015·02·06།པར་ངོས14པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།