མདུན་ཤོག- རིག་གནས།- གསུང་འབུམ།

ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས།ལེའུ་གཉིས་པ།

    2015-03-10 10:59

    ལེའུ་གཉིས་པ། བྱང་ཆུབ་ཀྱི་སྐབས་ཀྱི་རྣམ་པར་བཤད་པ།

    གཉིས་པ་བྱང་ཆུབ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། ། དང་པོ་ལ་གཉིས་ཏེ། ཐེག་པ་དམན་པ་དང༌། མཆོག་གི་རྣམ་གཞག་གོ། དང་པོ་ལ་གཉིས་ལས། འདོད་པ་བརྗོད་པ་ནི། ཉན་ཐོས་སྡེ་པ་དག་སངས་རྒྱས་ཐོབ་པའི་ཚུལ་ནི། ཤཱཀྱ་ཐུབ་པ་ལ་མཚོན་ན་སྲིད་པ་ཐ་མ་པའི་རྟེན་རྒྱལ་བུ་དོན་ཐམས་ཅད་གྲུབ་པར་གྱུར་པའི་བར་དུ་ནི། སོ་སོའི་སྐྱེ་བོ་ཚོགས་ལམ་པ་ཡིན་གྱི་འཕགས་པ་མ་ཡིན་ཏེ། དེའི་ལམ་མ་ཐོབ་པའི་ཕྱིར་རོ། ། མངོན་པ་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང༌། ། ནད་པ་དང་ནི་ཆོས་སྨྲ་དང༌། ། སྐྱེས་མཐའི་བྱང་ཆུབ་སེམས་དཔའ་ལ། ། ཡོན་ནི་གཞལ་དུ་མེད་པར་གསུངས༑། ཞེས་པ་དང༌། ལམ་མ་ཐོབ་པ་སོ་སོ་ཡི། ། སྐྱེ་བོར་འདོད་དོ། ། ཞེས་སོ། ། དེ་ནས་དེས་འཕགས་པའི་ལམ་མངོན་དུ་བྱེད་པའི་ཚུལ་ནི། རྡོ་རྗེའི་གདན་དུ་སོང་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭའི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་མཉམ་པར་བཞག་པས། སྦྱོར་ལམ་དྲོད་ནས་མཐར་ཕྱིན་པའི་ལམ་གྱི་བར་དུ་ཏིང་ངེ་འཛིན་གཅིག་གི་ངང་ལ་བསྐྱེད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་དོ། ། དེ་ཉིད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། ། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ། ཞེས་སོ། ། དེ་ནས་བཟུང་སྟེ་ཇི་སྲིད་གྲོང་ཁྱེར་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པ་དེ་སྲིད་དུ་ཕུང་པོའི་ལྷག་མ་དང་བཅས་པའི་མྱང་འདས་ཡིན་པས་ཞབས་ལ་སེང་ལྡེང་གི་ཚལ་བུ་ཟུག་པ་ལ་སོགས་པ་མི་དགེ་བའི་རྣམ་པར་སྨིན་པའི་སྡུག་བསྔལ་མྱོང་བ་ཡོད་པར་འདོད་དོ། ། དེ་ནས་ཤིང་ས་ལ་ཟུང་གི་བར་དུ་མྱ་ངན་ལས་འདས་པ་དེའི་ཚེ་ཕུང་པོ་ལྷག་མེད་གྱི་མྱང་འདས་ཞེས་བྱ་སྟེ། ཕུང་པོ་ཐམས་ཅད་འགག་པས་སྡུག་བསྔལ་གང་ཡང་འབྱུང་བ་མེད་དོ། ། དེས་ན་ཟས་གཙང་གི་སྲས་ཤཱཀྱ་ཐུབ་པ་ནི་དང་པོར་སངས་རྒྱས་པའི་སངས་རྒྱས་དངོས་ཡིན་ལ། དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་དྲི་ཟའི་ཆ་བྱད་དུ་མཛད་པ་དང༌། གསེར་གླིང་གི་རྒྱལ་པོ་ཀ་བི་ན་གདུལ་བའི་དོན་དུ་འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་མཛད་པ་ལྟ་བུ་ནི་སྤྲུལ་པ་ཡིན་ནོ། ། ཐེག་པ་ཆེན་པོ་པ་ལྟར་སྐུ་གསུམ་ལ་སོགས་པའི་རྣམ་གཞག་ནི་མེད་དོ་ཞེས་ཟེར་རོ། ། གཉིས་པ་དེ་དགག་པ་ནི་འཛམ་བུའི་གླིང་དུ་སངས་རྒྱས་པའི་ཤཱཀྱ་ཐུབ་པ་ནི་ཁྱེད་འདོད་པ་ལྟར་མ་ཡིན་ཏེ། སྤྲུལ་པའི་སྐུ་ཡིན་ལ་དེ་ཡང་ཚོགས་ལམ་པའི་རྟེན་ལ་སངས་རྒྱས་པ་ནི་མ་ཡིན་ལ། མདོ་ལས་ཀྱང་དེ་ལྟར་མ་གསུངས་ཤིང༌། སོ་སོའི་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ཀྱི་སྡེ་ཕམ་པར་མཛད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་མི་སྲིད་པའི་ཕྱིར་རོ། ། སངས་རྒྱས་ནས་སྐུ་ལ་སེང་ལྡེང་གི་ཚལ་བུ་ཟུག་པ་ལ་སོགས་པ་སྡུག་བསྔལ་སྨིན་པར་གསུངས་པ་ཡང་གདུལ་བྱ་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པས་འདུལ་བའི་ཐབས་ལ་མཁས་པ་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པས་ལས་ཀྱི་རྣམ་པར་སྨིན་པ་བཅུ་བསྟན་པ་འདི་དག་ནི་ཐབས་ལ་མཁས་པ་དང་ལྡེམ་དགོངས་ཀྱི་བཀའ་ཡིན་པར་རྟོགས་པར་བྱའོ། ། ཞེས་སོ། ། དེ་ལྟ་མ་ཡིན་ན་སྤང་བྱ་མ་ལུས་པ་མ་སྤངས་པའི་ཕྱིར་སངས་རྒྱས་སུ་མི་འགྱུར་ཏེ། ལུང་ལས། ཡོངས་སུ་ཤེས་བྱ་ཡོངས་ཤེས་ཤིང༌། ། སྤང་བྱ་སྤངས་ཤིང་མངོན་སུམ་བྱས། ། བསྒོམ་བྱ་དག་ནི་བསྒོམས་པས་ན། ། དེ་ཕྱིར་བཟོད་ལྡན་ང་སངས་རྒྱས། ། ཞེས་སོ། ། མྱ་ངན་ལས་འདས་པར་བསྟན་པར་ཡང་གདུལ་བྱ་སྲིད་པ་ལ་སྐྱོ་བ་བསྐྱེད་པ་དང་རྟག་པར་འཛིན་པ་བཟློག་པའི་དོན་དུ་སྤྲུལ་པ་མཛད་པ་ཡིན་ཏེ། མདོ་ལས་ཀྱང༌། སངས་རྒྱས་མྱ་ངན་ཡོངས་མི་འདའ། ། ཆོས་ཀྱང་ནུབ་པར་མི་འགྱུར་རོ། ། དེ་བཞིན་གདུལ་བྱའི་སྣང་བ་ལ། ། སངས་རྒྱས་མྱ་ངན་འདས་པར་སྟོན། ། ཞེས་སོ། ། རྫོགས་པའི་སངས་རྒྱས་ལ་ཕུང་པོ་མཐའ་དག་རྒྱུན་ཆད་པའི་ལྷག་མེད་ནི་མི་སྲིད་ལ། སྤང་བྱ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་ནི་སངས་རྒྱས་པའི་དུས་དེ་ཉིད་དུ་ཐོབ་པ་ཡིན་ནོ། །

    གཉིས་པ་ཐེག་པ་ཆེན་པོའི་རྣམ་གཞག་ལ། དུས་དང༌། གནས་དང༌། མངོན་དུ་མཛད་པའི་ཁྱད་པར་དང་གསུམ་ལས། དང་པོ་ནི། སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་རྒྱལ་པོ་ཟས་གཙང་སྲས་དོན་ཐམས་ཅད་གྲུབ་པས་དཀའ་ཐུབ་མཛད་པ་ཡན་ཆད་བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ནས་ཡིད་ཀྱིས་ལུས་འོག་མིན་དུ་སངས་རྒྱས་ནས་དེའི་རྗེས་ལ་སྤྲུལ་པས་འདིར་འཚང་རྒྱ་བར་སྟོན་པའོ་ཞེས་འདོད་དོ། ། གཞན་དག་ནི་དེ་ལྟར་མ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ནི་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེས་སུན་འབྱིན་པར་མཛད་དོ། ། དུས་སྔ་ཕྱིའི་ཁྱད་པར་བསམ་གྱིས་མི་ཁྱབ་མོད་ཀྱི། འོན་ཀྱང་འདི་ལྟར་ས་བཅུ་པ་ལ་འོག་མིན་དུ་ལྷའི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བར་མཛད་ནས། མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཕྲ་ཞིང་ཕྲ་བ་མ་ལུས་པ་སྤངས་པ་དེའི་ཚེ་ཐོག་མར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ལས་གཞན་དུ་མཐའ་གཅིག་ཏུ་ངེསྭ་པར་མི་ནུས་སོ། ། གཉིས་པ་གནས་ཀྱི་ཁྱད་པར་ནི། ཐོག་མར་སངས་རྒྱས་པའི་གནས་ནི་འོག་མིན་སྡུག་པོ་བཀོད་པའི་གནས་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་བསྒོམ་པའི་རིམ་པ་ལས། གནོད་པ་ཐམས་ཅད་རྣམ་སྤངས་པའི། ། འོག་མིན་གནས་ནི་བཟང་པོ་རུ། ། རྟོག་པ་དང་བྲལ་རྟག་ཏུ་སྦྱོར། ། སེམས་དང་སེམས་བྱུང་རྣམ་པར་སྤངས། ། སྟོབས་དང་མངོན་ཤེས་དབང་ཐོབ་ཅིང༌། ། དེ་ཡི་ཏིང་འཛིན་གྱུར་པ་ཡིས། ། ཡང་དག་སངས་རྒྱས་དེར་སངས་རྒྱས། ། སྤྲུལ་པ་པོ་ནི་འདིར་འཚང་རྒྱ། ། ཞེས་སོ། ། དེ་ལྟ་མོད་ཀྱི་འོག་མིན་གྱི་གནས་དེ་ཉིད་གང་ན་ཡོད་ཅེ་ན། འགའ་ཞིག་ན་རེ། གནས་གཙང་མའི་སྟེང་མ་ནི་འོག་མིན་ཞེས་བྱ་བ་ཡིན་ལ། དེ་དག་སྤངས་པའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་གཞན་འོག་མིན་ཆེན་པོ་ཞེས་བྱ་བ་ཡོད་དོ་ཞེས་ཟེར་རོ། ། དེ་ལ་ས་སྐྱ་བའི་བླ་མ་རྣམས་ན་རེ། དེ་ནི་མ་ཡིན་ཏེ་དེ་ལྟར་བཤད་པའི་གཞུང་མ་མཐོང་ལ། དེའི་སྟེང་ན་གནས་གཞན་ཡོད་ཀྱང་ས་བཅུ་པོ་རྣམས་ཀྱི་གནས་སུ་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་གནས་སུ་མ་བཤད་དོ། ། དེས་ན་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡིན་ཞིང་འཇིག་པ་ལ་བརྟེན་པས་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་མི་རྟག་པ་ཡིན་ལ། སྟུག་པོ་བཀོད་པ་ནི་མི་འཇིག་པ་ཡིན་ནོ། ། དེས་ན་སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་བ་ལྟར༑འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་ལ། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། ། བཅོམ་ལྡན་འདས་འཁོར་དང་བཅས་པ་གང་ན་བཞུགས་པ་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་གནས་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་གནས་ཡིན་ནོ་ཞེས་བཞེད་དོ། ། འདི་ལ་ཡང་འགའ་ཞིག་ན་རེ། གནས་གཙང་མའི་འོག་མིན་གྱི་སྟེང་ན་འོག་མིན་གཉིས་པ་ཡོད་པ་ལ་ཤེས་བྱེད་མེད་ལ། གལ་ཏེ་ཡོད་ན་ས་བཅུ་པ་པ་རྣམས་ཀྱི་གནས་སུ་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་གནས་མ་ཡིན་ཞེས་སུན་འབྱིན་པ་ནི་མི་འཐད་དོ། ། ས་བཅུ་པ་པ་དེ་རང་གི་གནས་ཉིད་དུ་འཚང་རྒྱ་བར་འགྱུར་གྱི་གནས་གཞན་དུ་འཕོས་ནས་འཚང་རྒྱ་བ་ལ་ཡང་ཤེས་བྱེད་མེད་པའི་ཕྱིར་རོ། ། དེ་དག་འཇིག་པ་ལ་བརྟེན་པས་མི་རྟག་ཟེར་བའང་སྐད་ཅིག་གིས་འཇིག་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིན་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རོ། ། མེ་དང་ཆུ་དང་རླུང་གིས་འཇིག་པ་ནི་དེ་དག་ལའང་བཤད་པ་མེད་པས་ངེས་པར་མི་ནུས་སོ་ཞེས་ཟེར་རོ། ། འོན་ཀྱང་མི་མཇེད་ཀྱི་ཞིང་ཁམས་འདིར་སངས་རྒྱས་པའི་གནས་ནི་གཟུགསཁམས་ཀྱི་འོག་མིན་ཡིན་ཏེ། འདོད་པའི་ཁམས་དང་གཟུགས་མེད་དུ། ། སངས་རྒྱས་མངོན་པར་སངས་མི་རྒྱ། ། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ༑། འདོད་ཆགས་བྲལ་ཁྱོད་དེར་འཚང་རྒྱ། ། གཙང་མའི་གནས་གཞན་སྤངས་ནས་སུ། ། འོག་མིན་ཞེས་བྱ་ཉམས་དགའ་བར། ། ཡང་དག་སངས་རྒྱས་དེར་སངས་རྒྱས། ། སྤྲུལ་པ་པོ་ནི་འདིར་འཚང་རྒྱ། ། ཞེས་གསུངས་སོ། ། གཟུགས་ཁམས་ཀྱི་འོག་མིན་མ་ཡིན་ན། འདོད་པ་དང་གཟུགས་མེད་གཉིས་ལས་དམིགས་ཀྱིས་བཀར་བ་དོན་མེད་དོ། ། དེར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་ནང་དུ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་ཀྱི་སྐུ་མངོན་དུ་མཛད་དེ་སངས་རྒྱས་པ་ན་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་གཟུགས་བརྙན་གྱི་ཚུལ་དུ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་བར་འགྱུར་ཏེ། སྤྲིན་མེད་པའི་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ཤར་བ་ན། ཆུ་དང་བཅས་པའི་སྣོད་ཐམས་ཅད་དུ་ཟླ་བའི་གཟུགས་བརྙན་འཆར་བ་བཞིན་ནོ། ། འདི་ཉིད་ནས། དག་ལས་ཉེ་དང་རིང་རྣམས་ལ། ། འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། ། ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། ། དེ་མཐོང་བ་ན་རྣམ་པ་གཉིས། ། ཞེས་སོ། ། དོན་ལ་སྒྲིབ་པ་མཐའ་དག་དང་བྲལ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ཤེས་བྱ་དང་ཤེས་པ་ལ་སོགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པའི་གནས་དེ་ཉིད་ནི་འོག་མིན་ཞེས་བྱ་སྟེ་གཞན་བཀོད་པ་ཐ་དད་པ་ནི་གདུལ་བྱའི་སྣང་བ་ཙམ་དུ་ཟད་དོ། ། གསུམ་པ་བྱང་ཆུབ་མངོན་དུ་མཛད་པའི་ཁྱད་པར་ནི་གོང་དུ་བཤད་པ་ལྟར། ས་བཅུ་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པས་སྤང་བྱ་དྲི་མའི་ཚོགས་ཐམས་ཅད་རྣམ་པར་དག་ནས་དྲི་མ་མེད་ཅིང་རྣམ་པར་དག་པམཐར་ཐུག་པར་གནས་གྱུར་པ་ཡིན་ཏེ། བསྟོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་གནས། ། སྤྱོད་པའི་འབྲས་བུ་ཡོངས་འཛིན་པ། ། གནས་ནི་ཡོངས་སུ་གྱུར་པ་དེ། །

    ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ། ཞེས་སོ༑། དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ཐོབ་ན་མ་རིག་པའི་གཉིད་མཐའ་དག་སངས་ནས་ཤེས་བྱ་ཐམས་ཅད་ལ་རྣམ་པར་རྟོག་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཞེས་བྱ། དེ་བཞིན་ཉིད་བསལ་བཞག་ལས་འདས་པ་མངོན་སུམ་དུ་མཁྱེན་པས་དེ་བཞིན་གཤེགས་པ་ཞེས་བྱ། དེས་ཤེས་བྱ་ཇི་ལྟ་བ་རྟོགས་པས་མཛེས་པར་རྟོགས། ཇི་སྙེད་རྟོགས་པས་མ་ལུས་པར་རྟོགས། རྟོགས་པ་མཐར་ཐུག་པས་སླར་མི་ལྡོག་པར་རྟོགས་པ་དང༌། ཉོན་སྒྲིབ་སྤངས་པས་མཛེས་པར་སྤངས་པ་དང༌། ཤེས་སྒྲིབ་སྤངས་པས་མ་ལུས་པར་སྤངས་པ་དང༌། བག་ཆགས་དང་བཅས་པ་སྤངས་པས་མི་ལྡོག་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་པོ་དེ་བཅོམ་ཞིང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་བཅོམ་ལྡན་འདས་ཞེས་བྱ་སྟེ། འདི་དག་གི་ལུང་ནི་ཡི་གེ་མངས་པར་འགྱུར་བས་མ་བྲིས་སོ། །

    གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། ། དང་པོ་ལ་གཉིས་ཏེ། དོན་གྱི་དངོས་པོ་དགོད། དེ་དག་སྡོམ་དུ་བསྟན་པའོ། ། དང་པོ་ནི། དེ་ལྟར་ཉེར་ལེན་གྱི་རྒྱུ་ཁམས་བསྟན་ནས། རང་བཞིན་གྱིས་རྣམ་པར་དག་པའི་ཁམས་དེ་ཉིད་གློ་བུར་གྱི་སྒྲིབ་པ་མཐའ་དག་དང་བྲལ་བས་དྲི་མ་མེད་པའི་དེ་བཞིན་ཉིད་དུ་གནས་ཡོངས་སུ་གྱུར་པའི་དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་ནི་བྱང་ཆུབ་ཡིན་པས་དེ་ཡང་དོན་བརྒྱད་ཀྱིས་རྟོགས་པར་བྱ་སྟེ། འདིར་ཡང་གོང་དུ་བསྟན་པའི་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དྲི་མ་གློ་བུར་གྱིས་དག་པ་ནི་ངོ་བོ་ཡིན་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་རང་བཞིན་དང་རང་བཞིན་ཐ་དད་མེད་ཀྱང་དྲི་མ་དང་བྲལ་བས་ཁྱད་པར་དུ་བྱས་པའོ། ། ཐོབ་པར་བྱེད་པ་ནི་རྒྱུ་སྟེ་མཐོང་སྒོམ་ལ་སོགས་པའི་མཉམ་བཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་གཉིས་ཀྱིས་ཐོབ་པས་ཐོབ་པའོ། ། གློ་བུར་གྱི་སྒྲིབ་པ་དང་བྲལ་བ་ནི་བྲལ་བ་སྟེ་འབྲས་བུའོ། ། ཉོན་མོངས་པའི་སྒྲིབ་པ་སྤངས་པས་རང་ཉིད་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་དང་བྲལ་ཞིང་ཟག་མེད་ཀྱི་བདེ་བ་ཐོབ་པ་ནི་རང་དོན་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པར་འཇུག་པའི་གཞན་དོན་གཉིས་ནི་བྱེད་ལས་སོ། ། རང་གཞན་གྱི་དོན་སྒྲུབ་པེའི་ཡོན་ཏན་དེའི་རྟེན་བྱེད་པ་ནི་ལྡན་པའོ། ། ཟབ་པ་ཆོས་ཀྱི་སྐུ་དང་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་དང་གསུམ་ནི་རབ་ཏུ་དབྱེ་བའི་འཇུག་པའོ། ། གསུམ་པ་དེ་ཡང་ནི་ཇི་སྲིད་དུས་དང་ཞེས་འཁོར་བ་ཇི་སྲིད་དུ་འབྱུང་བ་ནི་རྟག་པའོ། ། དེ་ཉིད་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་ཉིད་མི་རྟོགས་པ་ནི་བསམ་གྱིས་མི་ཁྱབ་པའོ། ། གཉིས་པ་ནི། སྡོམ་ལ་ངོ་བོ་དང༌། དག་པ་འཐོབ་པའི་རྒྱུ་དང༌། རྒྱུ་དེའི་བྲལ་བའི་འབྲས་བུ་དང༌། རང་གཞན་གྱི་དོན་བྱེད་པའི་ལས་དང༌། ཡོན་ཏན་གྱི་རྟེན་བྱེད་པའི་ལྡན་པ་དང༌། སྐུ་གསུམ་གྱི་དབྱེ་བའི་འཇུག་པ་དང༌། དེ་དག་རྒྱུན་མི་འཆད་པའི་རྟག་པ་དང༌། རྟོགས་པར་དཀའ་བའི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་འབྲས་བུ་སངས་རྒྱས་ནི་རྣམ་པར་བཞག་པ་རྣམ་པར་གནས་ཞེས་པའོ། །

ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས།

    གཉིས་པ། རྒྱས་པར་བཤད་པ་ལ་བརྒྱད་ལས་དང་པོར་ངོ་བོ་དང་རྒྱུ་གཉིས་ལྷན་ཅིག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། ། དང་པོ་ལ་གཉིས་ལས་ངོ་བོ་ལ་རང་བཞིན་གྱིས་དག་པའི་སངས་རྒྱས་ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པའི་སངས་རྒྱས་གང་ཡིན་པ་དེ་ནི་ཉི་མ་བཞིན་དུ་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བའི་རྟོགས་པ་དང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་དག་པའི་སྤངས་པ་གཉིས་དང་ལྡན་པའོ། ། དེ་ལྟར་ན་ཅིའི་ཕྱིར་མངོན་སུམ་དུ་མི་རྟོགས་ཤེ་ན། སྒྲིབ་བྱེད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་ཚོགས་དང་འདྲ་བ་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་པར་གྱུར་པས་སོ། ། སྒྲིབ་པ་ཇི་ལྟ་བུ་ཞེ་ན། རང་བཞིན་པེ་མེད་པས་གློ་བུར་གྱིས་ཞེས་པའོ། ། གློ་བུར་རྣམ་དག་ནི་དྲི་མ་ཐམས་ཅད་མེད་པར་གྱུར་པའི་སྤངས་པ་དང་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་རྟོགས་པའི་ཡོན་ཏན་ཀུན་དང་དབྱེར་མེད་དུ་ལྡན་པ་ནི་སངས་རྒྱས་ཉིད་དོ། ། ཞེས་པའོ༑། སངས་རྒྱས་ཇི་ལྟ་བུ་ཞེ་ན། སྐྱེ་བ་དང༌། འཆི་བ་དང༌། རྒ་བ་དང་བྲལ་བས་རྟག་ཅིང་བརྟན་ལ་གཡུང་དྲུང་ཉིད་ཅེས་པའོ། ། གཉིས་པ་རྒྱུ་ནི༑དྲི་མ་རྣམ་པར་དག་པའི་སངས་རྒྱས་དེ་ནི་མཐོང་སྒོམ་མཉམ་བཞག་ཏུ་ཆོས་ཐམས་ཅད་ལ་སྤྲོས་པའི་མཚན་མ་(༡༡༧ན)གང་དུའང་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཏུ་ཤེས་བྱ་ཇི་སྙེད་པ་རྣམ་པར་འབྱེད་པའི་ཡེ་ཤེས་དག་ལ་བརྟེན་ནས་འཐོབ་སྟེ་མངོན་སུམ་དུ་གྱུར་ཅེས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། ངོ་བོ་ནི་འབྲས་བུ་རྣམ་པར་དག་པའི་སངས་རྒྱས་ཉིད་ནི་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པ་ཉི་མ་བཞིན་དུ་ཤེས་བྱའི་གནས་ལུགས་གསལ་བའི་ཡེ་ཤེས་ཀྱི་རྟོགས་པ་དང་ནམ་མཁའ་བཞིན་དུ་སྒྲིབ་པས་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བའི་སྤངས་པ་གཉིས་ཀྱི་མཚན་ཉིད་དོ་ཞེས་པའོ། ། དེ་དག་བཤད་པ་ནི་ཟག་པ་མེད་པའི་དབྱིངས་དེ་སྒྲིབ་པ་རང་བཞིན་གྱིས་དག་པས་འོད་གསལ་བ་ཡིན་ལ། ཡོན་ཏན་རྐྱེན་གྱིས་གསར་དུ་བྱས་པ་མིན་ཞིང་དབྱེར་མེད་པར་འཇུག་པ་ཅན། གྲངས་གངྒྰའི་ཀླུང་གི་ནི་རྡུལ་གྱི་གྲངས་ལས་འདས་པའི་ཚད་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ཀུན་དང་ལྡན་པ་ཉིད་ཡིན་ནོ། ། སྒྲིབ་པ་མ་སྤངས་པས་མ་དག་པ་དང༌། སྤངས་པས་དག་པའི་སངས་རྒྱས་སུ་འཇོག་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི་ཟག་པ་མེད་པའི་དབྱིངས་དེར་སྤྲིན་དང་འདྲ་བར་བརྗོད་པ་ཡིན་ནོ། ། ཆོས་མཐུན་པ་གང་གིས་འཇོག་ན་རང་བཞིན་གྱིས་དང་པོ་ནས་མ་གྲུབ་པ་དང༌། སེམས་ལ་ཁྱབ་པར་བྱེད་པ་དང་རྐྱེན་འགའ་ཞིག་གློ་བུར་དུ་བྱུང་བ་ཉིད་ཀྱིས་སོ། ། གཉིས་པ་རྒྱུ་ལ་སྒྲིབ་པ་དེ་གཉིས་དང་འབྲལ་བར་བྱེད་པའི་རྒྱུ་ནི་མཐོང་སྒོམ་ན་ཡོད་པའི་ཡེ་ཤེས་རྣམ་པ་གཉིས་ཡིན་ཏེ། འདི་ལྟར་བསམ་གཏན་ལ་བརྟེན་ནས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་པའི་མི་རྟོག་པའི་ཡེ་ཤེས་དང་དེའི་རྗེས་ལ་ཐོབ་པའི་ཤེས་བྱ་ཇི་སྙེད་པ་རྟོགས་པ་དེ་ནི་ཡེ་ཤེས་ཡིན་པར་འདོད་ལ་དེ་ལྟར་ན་རྣམ་པ་གཉིས་སོ། ། འབྲས་བུའི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། ། དང་པོ་ལའང་གཉིས་ལས། ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བ་ནི་དྲི་མ་མེད་པའི་ཆུ་དང་ལྡན་ཞིང་རིམ་གྱིས་རྒྱས་པའི་པདྨས་ཁེབས་པའི་མཚོ་དེ་བཞིན་དུ་འདོད་ཆགས་ལས་གྲོལ་བ་དང༌། སྒྲ་གཅན་གྱི་ཁ་ནས་ཐར་པའི་ཟླ་བ་ཉེ་བར་ལྟ་བུར་ཞེ་སྡང་ལས་གྲོལ་བ་དང༌། སྤྲིན་གྱི་ཚོགས་ལས་གྲོལ་བའི་ཉི་མ་ལྟ་བུར་ནི་གཏི་མུག་གི་ཉོན་མོངས་པ་དག་ལས་གྲོལ་བས་གློ་བུར་གྱི་དྲི་མ་མེད་པའི་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་འོད་ཟེར་གྱི་སྣང་བ་དང་ལྡན་པའི་འབྲས་བུའི་སངས་རྒྱས་དེ་ཉིད་དོ། ། གཉིས་པ་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ནི། དཔེར་ན་པདྨའི་སྦུབས་ལས་འཐོན་པའི་ཐུབ་པ་ཁྱུ་མཆོག་ཅེས་པ་དེ་བཞིན་གཤེགས་པ་དང༌། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང༌། སྦུན་པ་ལས་ཕྱུངས་པའི་འབྲུའི་སྙིང་པོ་དང༌། ས་འདམ་དང་བྲལ་བའི་རིན་ཆེན་གསེར་དང༌། ས་འོག་ནས་ཕྱུངས་པའི་གཏེར་དང༌། ས་བོན་ལས་སྐྱེས་པའི་ལྗོན་ཤིང་བཞིན་དང༌། གོས་རུལ་དང་བྲལ་བའི་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་དང་ནི། མངལ་ནས་བཙས་པའི་སའི་བདག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། ལྗན་ལྗིན་དང་བྲལ་བའི་གསེར་གྱི་གཟུགས་དང་འདྲ་བར་ཤེས་སྒྲིབ་དང་བྲལ་བའི་ཡོན་ཏན་དང་ལྡན་པའི་འབྲས་བུའི་རྒྱལ་བ་སངས་རྒྱས་ཉིད་དོ་ཞེས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྒྱུ་དང་འབྲེལ་བ་བསམ། ཉོན་སྒྲིབ་ལས་གྲོལ་བ། ཤེས་སྒྲིབ་ལས་གྲོལ་བའོ། ། དང་པོ་ནི། ཆུ་དང་ལྡན་པའི་མཚོ་དང་སྒྲ་གཅན་ལས་ཐར་བའི་ཟླ་བ་ལ་སོགས་པ་བཞིན་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གློ་བུར་གྱི་ཉོན་མོངས་པས་དག་པ་ནི་མདོར་ན་མཉམ་བཞག་གི་མི་རྟོག་ཡེ་ཤེས་ཀྱི་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་དོ། །

    ཡེ་ཤེས་ཀྱི་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་ངེས་པར་ཐོབ་པ་དེ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པ་ལ་སོགས་པ་གོམས་པར་བྱས་པས་ཤེས་བྱའི་སྒྲིབ་པ་གསལ་བའི་འབྲས་བུ་ཡིན་པར་བསྟན་ཏོ། ། གཉིས་པ་ནི། མཉམ་པར་བཞག་པ་ན་འདོད་པའི་འདོད་ཆགས་རྡུལ་དང་འདྲ་བ་ནི་སྤངས་པའི་ཕྱིར་དང༌། གདུལ་བྱ་ནི་རྒྱུད་པདྨ་དང་འདྲ་བ་ལ་བསམ་གཏན་གྱི་ཆུ་ནི་འབབ་ཅེས་ཏིང་ངེ་འཛིན་ལས་མ་གཡོས་པར་རྫུ་འཕྲུལ་གྱིས་གཞན་ལ་ཕན་འདོགས་པའི་ཕྱིར་འདོད་ཆགས་ལས་གྲོལ་བའི་སངས་རྒྱས་དེ་ནི་པདྨས་ཁེབས་པའི་ཆུ་དག་པའི་རྫིང་དང་མཚུངས་པ་ཡིན་ནོ། ། ཞེ་སྡང་སྒྲ་གཅན་ལྟ་བུ་ལས་གྲོལ་བས་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན། ཞེ་སྡང་ལས་གྲོལ་བའི་སངས་རྒྱས་དེ་དྲི་མ་མེད་པའི་ཟླ་བ་ཉ་བ་གཟའ་ལས་ཐར་བ་བཞིན་ནོ། ། གཏི་མུག་གི་སྒྲིབ་པ་སྤྲིན་གྱི་ཚོགས་ལྟ་བུ་ལས་རྣམ་པར་གྲོལ་བས་གདུལ་བྱའི་འགྲོ་བར་ཡེ་ཤེས་ཀྱི་འོད་ཟེར་གྱིས་བློའི་མུན་པ་སེལ་བའི་ཕྱིར། གཏི་མུག་ལས་གྲོལ་བའི་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་པའི་ཉི་མ་སྤྲིན་ལས་གྲོལ་བ་བཞིན་ནོ། ། གསུམ་པ་ནི་ཤེས་བྱའི་སྒྲིབ་པ་ལས་གྲོལ་བའི་སངས་རྒྱས་དེ་ནི་འཇིག་རྟེན་ན་གཞན་གང་དང་ཡང་མི་མཉམ་པའི་སངས་རྒྱས་ཉིད་དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང༌། གདུལ་བྱ་རྣམས་ལ་དམ་པའི་ཆོས་ཟབ་མོའི་རོ་ནི་སྦྱིན་པར་མཛད་པའི་ཕྱིར་དང༌། སྒྲིབ་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར་སངས་རྒྱས་དེ་གོ་རིམ་བཞིན་དུ་བདེ་བར་གཤེགས་པ་དང་སྦྲང་རྩི་དང་འབྲུའི་སྙིང་པོ་བཞིན་ནོ། ། དྲི་མ་རང་བཞིན་པ་དང་གློ་བུར་བ་གཉིས་ཀས་དག་པའི་ཕྱིར་འབྲས་བུ་སངས་རྒྱས་དེ་གསེར་བཞིན་དང༌། ཡོན་ཏན་གྱི་རྫས་ཀྱིས་ནི་གདུལ་བྱའི་དབུལ་བ་སེལ་བར་བྱེད་པའི་ཕྱིར་གཏེར་བཞིན་དང༌། གདུལ་བྱ་རྣམས་ལ་རྣམ་པར་གྲོལ་བའི་ཡོན་ཏན་གྱི་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་ལྗོན་པའི་ཤིང་བཞིན་ནོ། ། རིན་ཆེན་ལྟ་བུའི་ཡོན་ཏན་གྱི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་འབྲས་བུ་རྗོགས་པའི་སངས་རྒྱས་དེ་ནི་རིན་པོ་ཆེའི་སྐུ་གཟུགས་བཞིན་དང༌། གདུལ་བྱ་རྐང་གཉིས་རྣམས་ཀྱི་བདག་པོའི་མཆོག་ཡིན་པའི་ཕྱིར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དང༌། རིན་པོ་ཆེ་ལས་གྲུབ་པའི་གཟུགས་ཀྱི་རྣམ་པ་ཡིན་པའི་ཕྱིར་གསེར་ལས་བྱས་པའི་གཟུགས་བཞིན་ནོ། །

    ལས་ཀྱི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། ། དང་པོ་ལ་གཉིས་ལས། དང་པོར་རང་དོན་ཕུན་སུམ་ཚོགས་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཆོས་སྐུ་ཐོབ་པ་སྟེ། དེ་ལ་ཟག་པ་མེད་པ་ནི་སྤངས་པའོ། ། ཁྱབ་པ་ནི་རྟོགས་པ་སྟེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པའོ། ། དེ་གཉིས་ཀ་ཡང་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པས་འཇིག་པ་མེད་པའི་ཆོས་ཅན་ཏེ། རྒས་པ་ལ་སོགས་པ་ལས་གྲོལ་བས་བརྟན་ཞིང་རྟག་པ་འཕོ་བ་མེད་པའོ། ། གཉིས་པ་གཞན་གྱི་དོན་ནི། སངས་རྒྱས་ཀྱི་ཆོས་སྐུ་བརྙེས་པ་ལ་བརྟེན་ནས་འཁོར་བ་ཇི་སྲིད་པར་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་གཟུགས་སྐུ་གཉིས་ཀྱི་སྣང་བ་དང༌། ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཀྱི་སྣང་བ་སྟོན་པ་སྟེ། དེ་ལ་གཟུགས་སྐུ་གཉིས་ནི་གཞན་དོན་འབྱུང་བའི་རྟེན་ནམ་གནས་ཡིན་ཞེས་པའོ། ། ཇི་ལྟར་ན་ནམ་མཁའི་གོ་སྐབས་ཡོད་ན་གཟུགས་སོགས་མཐོང་བ་ལ་སོགས་པ་བཞིན་དུ་དེ་བཞིན་གཤེགས་པའི་གཟུགས་སྐུ་གཉིས་ཀྱང་དམ་པའམ་མཆོག་ཏུ་གྱུར་པའི་དབང་པོ་དྲུག་གི་དོན་ཞེས་ཡུལ་ཉམས་སུ་མྱོང་བའི་རྒྱུ་ཡིན་ནོ༑། དེ་བཤད་པ་འདི་ལྟར་མིག་གིས་འབྱུང་བ་ལས་གྱུར་པ་མེད་པ་དེ་བཞིན་གཤེགས་པའི་གཟུགས་སྐུའི་དོན་བལྟ་བ་དང༌། རྣ་བས་རྣམ་པར་དག་པའི་ཆོས་ཀྱི་གཏམ་བཟང་པོ་འཇིག་རྟེན་གྱི་ཆོས་དང་མ་འདྲེས་པས་གཙང་མ་ཉན་པ་དང༌། སྣས་བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་འཆལ་བའི་དྲི་མས་མ་གོས་གཙང་མ་སྣོམ་པ་དང༌། ལྕེས་འཕགས་པ་ཆེན་པོ་རྣམས་ཀྱིས་ལོངས་སྤྱོད་པའི་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱོང་བ་དང༌། ལུས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པའི་ཤིན་ཏུ་སྦྱངས་པའི་རེག་པའི་བདེ་བ་ཉམས་སུ་མྱོང་བ་དང༌། ཡིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ་སྟོང་ཉིད་ཀྱི་དོན་རྟོགས་པའི་རྒྱུར་གྱུར་པ་ཡིན་ནོ། ། ཡང་དག་པར་ན་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཞིབ་མོ་བསམས་པ་ན་དེ་བཞིན་གཤེགས་པ་ནི་རང་བཞིན་གྱི་རྒྱུ་མཚན་རྣམས་དང་བྲལ་བའི་ཕྱིར་ནམ་མཁའ་བཞིན་དུ་རང་བཞིན་གང་ཡང་མ་གྲུབ་པས་དོན་དམ་པའི་བདེ་བ་ཉམས་སུ་མྱོང་བར་མཛད་ཅེས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་རང་དོན་ནི། མདོར་ན་སློབ་ལམ་གྱི་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་སུ་བྱ་བའི་འབྲས་བུ་འདི་ནི་གཉིས་སུ་ཤེས་པར་བྱ་སྟེ། གློ་བུར་གྱི་དྲི་མ་ལས་གྲོལ་བའི་སྐུ་ནི་ཞེས་པ་སྤངས་པ་ཡོངས་སུ་རྫོགས་པར་ཐོབ་དང༌། སྟོབས་སོགས་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ནི་དྲི་མ་ཡོངས་སུ་སྦྱོང་བ་སྟེ་རྟོགས་པ་ཡོངས་སུ་རྫོགས་པའོ། ། དེ་ལ་འབྲས་བུ་རྣམ་གྲོལ་ཆོས་ཀྱི་སྐུ་དང་ཡོན་ཏན་གྱི་ཆོས་ཀྱི་སྐུ་དག་ནི་ཆོས་རྣམ་པ་གཉིས་ལས་རེ་རེ་དང་ཐུན་མོང་དུ་རྣམ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེཇི་ལྟར་ན་རྣམ་གྲོལ་ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཕྱིར་དང༌། ཆོས་ཀྱི་སྐུ་ནི་མཁྱེན་པས་ཤེས་བྱ་ལ་ཁྱབ་པའི་ཕྱིར་དང༌། དེ་གཉིས་ཀ་ཡང་རྐྱེན་གྱིས་གསར་དུ་འདུས་མ་བྱས་ཀྱི་གནས་ཉིད་ཡིན་པའི་ཕྱིར་རོ། ། དེ་དག་བཤད་པ་རྣམ་གྲོལ་ཆོས་ཀྱི་སྐུ་ནི་ཟག་པ་མེད་དེ། ཉོན་མོངས་པ་གློ་བུར་གྱི་དྲི་མ་རྣམས་ནི་བག་ཆགས་དང་བཅས་པ་འགགས་པའི་ཕྱིར་རོ། ། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱིས་ཤེས་བྱ་ལ་ཁྱབ་པ་ཉིད་དུ་འདོད་པ་ཡིན་ཏེ། ཇི་ལྟ་བ་མཁྱེན་པ་ཤེས་བྱ་ལ་ཕྱིན་ཅི་ལོག་ཟད་པས་ཆགས་པ་མེད་པའི་ཕྱིར་དང༌། ཇི་སྙེད་པ་མཁྱེན་པ་ཡུལ་དང་དུས་ལ་ཐོགས་པ་མེད་པའི་ཕྱིར་རོ། ། དེ་གཉིས་ཀ་ཡང་འདུས་མ་བྱས་པ་ཡིན་ཏེ། གཏན་དུ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། ། དེ་ཉིད་བཤད་པ་ནི་འཇིག་པ་མེད་པ་ཉིད་ནི་མདོར་བསྟན་སྟེ། བརྟན་པ་ལ་སོགས་པ་རྣམས་ཀྱིས་དེ་ཉིད་རྒྱས་པར་བཤད་དོ། ། འདི་ལྟར་དགག་བྱ་འཇིག་པ་དེ་ནི་རྣམ་བཞིར་ཤེས་བྱ་སྟེ། དེ་དག་ནི་བརྟན་པ་ལ་སོགས་པ་དག་ལ་ལྡོག་པའི་ཕྱིར་རོ། ། བཞི་གང་ཞེ་ན་མྱགས་པ་སྟེ་རྒས་པ་དང༌། རྣམ་པར་འགྱུར་བ་སྟེ་ན་བ་དང༌། ཆད་པ་སྟེ་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་སྟེ་དེ་ལྟར་བཞིའོ། ། སྐུ་རྣམ་པ་གཉིས་པོ་དེ་ལ་བཞི་པ་དེ་མེད་པའི་ཕྱིར་རོ། ། བརྟན་པ་དང༌། ཞི་བ་དང༌། རྟག་པ་དང༌། འཕོ་བ་མེད་པར་ཤེས་པར་བྱའོ། ། གཉིས་པ་གཞན་དོན་ལ་གཉིས་ལས། སྤྱིར་བསྟན་པ་ནི་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་གདུལ་བྱའི་བློ་ངོར་གཟུགས་སྐུ་གཉིས་སུ་སྣང་བ་ལ་བརྟེན་ནས་དཀར་པོ་དགེ་བའི་ཆོས་རྣམས་སྐྱེ་བའི་རྟེན་ཡིན་པའི་ཕྱིར་ན། གཞན་དོན་གྱི་གནས་ཡིན་ནོ། ། བྱེ་བྲག་ཏུ་བཤད་པ་ནི་ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་ཡང་ནམ་མཁའ་ཡོད་ན། གཟུགས་མཐོང་བ་དང༌། སྒྲ་ཐོས་པ་དང༌། ལ་སོགས་པ་དྲི་ཚོར་བ་དང་༑རོ་མྱོང་བ་དང༌། རེག་བྱ་ལ་རེག་པ་དང༌། ཆོས་རྣམས་ནི་རྟོགས་པ་ཡོད་ལ། ནམ་མཁའ་མེད་ན་དེ་དག་མི་རྟོགས་པས་རྒྱུ་ཡིན་པར་འཇོག་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཀྱང་ཟག་པ་མེད་པའི་ཡོན་ཏན་སྟོབས་སོགས་ཀྱི་ཡེ་ཤེས་དག་སྐྱེ་བ་ཡི་ནི་རྒྱུ་དང་རྐྱེན་ཡིན་ནོ། ། ཚུལ་ཇི་ལྟར་ན་རྐྱེན་བྱེད་ན། འབད་རྩོལ་གྱི་སྒྲིབ་པ་མེད་པར་ལྷུན་གྱིས་གྲུབ་པའི་སྦྱིན་པས་སོ། ། གང་གི་རྒྱུད་ལ་སྐྱེད་ན་ཉེར་ལེན་གྱི་རྒྱུ་ཁམས་དང་ལྡན་པའི་བརྟན་པ་བྱང་ཆུབ་སེམས་དཔའི་དབང་པོ་དྲུག་གི་དོན་ཞེས་པ་ཡུལ་ལའོ། །

    ལྡན་པའི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། ། དང་པོ་ལ་བྱང་ཆུབ་ལ་བྲལ་བའི་ཡོན་ཏན་དང་སྨིན་པའི་ཡོན་ཏན་གཉིས་དང་ལྡན་པ་ལས། བྲལ་བའི་ཡོན་ཏན་ནི་ཐུན་མོང་མ་ཡིན་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། སངས་རྒྱས་ནམ་མཁའི་མཚན་ཉིད་དེ། ། ནམ་མཁའ་ལ་ཡང་མཚན་ཉིད་མེད། ། ཅེས་སོ། །

    སྨིན་པའི་ཡོན་ཏན་ནི་ཐུན་མོང་མ་ཡིན་པ་མ་ཡིན་ཏེ། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཡང་ཡོད་པར་གསུངས་པའི་ཕྱིར་རོ། ། དེ་ལ་བྱང་ཆུབ་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནི། ཐོས་པ་ལ་སོགས་པའི་ཡུལ་མ་ཡིན་པས་བསམ་དུ་མེད་པ་དང༌། སྐྱེ་བ་མེད་པས་རྟག་པ་དང༌། རྒ་བ་མེད་པས་བརྟན་པ་དང༌། ན་བ་མེད་པས་ཞི་བ་དང༌། འཆི་བ་མེད་པས་གཡུང་དྲུང་ཉིད་དང༌། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང༌། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་དང་༑ཇི་ལྟ་བ་མཁྱེན་པས་རྟོག་པ་དང་བྲལ་བ་དང༌། ཉོན་སྒྲིབ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང༌། ཤེས་སྒྲིབ་སྤངས་པས་ཡུལ་དང་དུས་ཀུན་ཏུ་ཤེས་བྱ་ལ་ཐོགས་པ་མེད་པ་དང༌། བྱིང་རྒོད་ལ་སོགས་པ་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པས་བྱིང་རྒོད་ཀྱི་རྩུབ་པའི་རེག་པ་སྤངས་པ་དང༌། ཡང་དག་པར་ན་མངོན་སུམ་དུ་བྱར་མེད་པས་བལྟར་མེད་པ་དང༌། རྟགས་ལས་དཔག་པར་མི་ནུས་པས་གཟུང་དུ་མེད་པ་དང༌། རང་བཞིན་གྱིས་དག་པས་དགེ་བ་དང་༑གློ་བུར་གྱི་དྲི་མ་མེད་པས་སངས་རྒྱས་དྲི་མ་མེད་པའོ། །

    གཉིས་པ་ལ་གསུམ་སྟེ། སྤྱིར་བརྗོད་པ། གཉེན་པོས་ཐོབ་པ་དང༌། རང་བཞིན་དུ་གནས་པའི་ཡོན་ཏན་ནོ། ། དང་པོ་ནི་རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས་རང་གི་དོན་བསྟན་ཏེ་རང་ཉིད་འཆིང་བ་ཐམས་ཅད་ལས་གྲོལ་བའི་ཕྱིར་རོ། ། ཡོན་ཏན་གྱི་སྐུ་དག་གིས་གཞན་གྱི་དོན་བསྟན་ཏེ། ཡོན་ཏན་ལས་འཕྲིན་ལས་འབྱུང་བའི་ཕྱིར་རོ། ། རང་དང་གཞན་གྱི་དོན་གྱི་རྟེན་དུ་གྱུར་པའི་སྐུ་དེ་ལ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། ། གཉིས་པ་ལ་ལྔ་སྟེ། ཟབ་པ་རྟག་པ་བདེ་བ་ཡེ་ཤེས་སྤངས་པའོ། ། དང་པོ་ལ་གསུམ་ཡོད་པ་ལས༑སྤྱིར་བསྟན་པ་ནི། དྲི་མ་མེད་པའི་སངས་རྒྱས་དེ་རྟོགས་པར་བྱ་ཞེས་པའོ། ། ཇི་ལྟར་ན་བསམ་གྱིས་མི་ཁྱབ་པར་རོ། ། གང་གིས་ཤེ་ན། ཡེ་ཤེས་ཀྱི་ལུས་ཅན་ས་བཅུ་ལ་གནས་པ་རྣམས་ཀྱིས་ནི་ཞེས་པ་སྟེ། དེས་མཚོན་པ་སངས་རྒྱས་ལས་གཞན་པའི་གང་ཟག་རྣམས་ཀྱིས་སོ། ། དེའི་རྒྱུ་མཚན་གྱིས་སངས་རྒྱས་ལས་གཞན་པའི་ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་གྱིས་ཇི་ལྟ་བ་བཞིན་རྫོགས་པར་རྟོགས་པའི་ཡུལ་མིན་པའི་ཕྱིར་རོ། ། འོ་ན་ཇི་ལྟ་བ་བཞིན་གང་གིས་རྟོགས་ཤེ་ན། ཐམས་ཅད་མཁྱེན་པ་ཁོ་ནའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ཡིན་ཞེས་པའོ། །

    བྱིས་པས་གཏན་ནས་མི་རྟོགས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དེ་སྒྲ་ལ་བརྟེན་ནས་དོན་རྟོགས་པའི་ཐོས་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཕྲ་བའི་དོན་ཡིན་པའི་ཕྱིར་རོ། ། རྟགས་ཀྱི་རྗེས་སུ་འབྲང་བའི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་རྟོགས་པའི་ཡུལ་མིན་ཏེ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། ། ཆོས་ཉིད་དེ་འཇིག་རྟེན་པའི་སྒོམ་པ་ལ་སོགས་པ་བློ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། ཟབ་པའི་ཕྱིར་རོ། ། སངས་རྒྱས་དེ་བྱིས་པ་སོ་སོའི་སྐྱེ་བོས་སྔོན་མངོན་སུམ་དུ་མཐོང་མྱོང་སྟེ། གང་གི་ཕྱིར་ན་བྱིས་པའི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། དཔེར་ན་གཟུགས་ལ་དམུས་ལོང་བཞིན་ནོ། །

    འཕགས་པ་རང་མཚན་རྟོགས་པའི་ཚུལ་ནི། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པས་ཀྱང་རང་མཚན་ཅུང་ཟད་ཙམ་རྟོགས་ཀྱི་ཡོངས་སུ་རྫོགས་པར་མི་རྟོགས་ཏེ། དཔེར་ན་བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས་ཉི་མའི་འོད་ཀྱི་གཟུགས་ཅུང་ཟད་མཐོང་གི་རྒྱ་ཆེན་པོ་མི་མཐོང་བ་བཞིན་ནོ། ། གཉིས་པ་རྟག་པ་ནི། སངས་རྒྱས་དེ་རྟག་པ་སྟེ་སྐྱེ་བ་དང་བྲལ་བའི་ཕྱིར་རོ། ། རྒྱུན་འགག་པ་མེད་པའི་ཕྱིར་ན་བརྟན་པ་ཡིན་ལ་སྐྱེ་འགག་གཉིས་མེད་པའི་ཕྱིར་སངས་རྒྱས་ཏེ་ཞི་བའོ། ། འགྱུར་བ་མེད་པའི་གཡུང་དྲུང་ཡིན་ཏེ་འདུས་མ་བྱས་པའི་ཆོས་ཉིད་དུ་གནས་པའི་ཕྱིར་རོ། ། གསུམ་པ་བདེ་བ་ནི་སྡུག་བསྔལ་མཐའ་དག་རབ་ཏུ་ཞི་བ་ཡིན་ཏེ། སྤང་བྱ་ཐམས་ཅད་རབ་ཏུ་སྤངས་པའི་འགོག་པའི་བདེན་པ་ཡིན་པའི་ཕྱིར་རོ། ། བཞི་པ་ཡེ་ཤེས་ནི། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ཐམས་ཅད་རྟོགས་པའི་ཕྱིར་ཤེས་བྱ་ལ་ཁྱབ་པ་ཉིད་ཡིན་ནོ། ། ཇི་ལྟ་བ་མཁྱེན་པ་ལ་ཆོས་ཅན་གྱི་མཚན་མ་གང་ཡང་བློ་ཡུལ་དུ་གནས་པ་མེད་པའི་ཕྱིར་རྟོགས་པ་མེད་པ་ཡིན་ནོ། ། ལྔ་པ་སྤངས་པ་ནི། སངས་རྒྱས་དེས་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ཤེས་བྱ་ཇི་ལྟ་བ་ལ་ཆགས་པ་མེད་ལ་ཤེས་བྱའི་སྒྲིབ་པ་ཀུན་དག་པའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡུལ་དུས་ཐམས་ཅད་དུ་ནི་ཐོགས་པ་མེད་དོ། ། སྙོམས་འཇུག་གི་སྒྲིབ་པ་བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་ལ་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་པ་དང་བྲལ་བ་ཡིན་ནོ། །

    གསུམ་པ་རང་བཞིན་དུ་གནས་པའི་ཡོན་ཏན་ནི། སངས་རྒྱས་དེ་ཡང་དག་པར་ན་མངོན་སུམ་གྱིས་བལྟར་མེད་དེ། གཟུགས་ལ་སོགས་པའི་རང་བཞིན་དུ་གྲུབ་པ་མེད་པའི་ཕྱིར་རོ། ། རྟགས་ལ་བརྟེན་པའི་བློས་རང་བཞིན་གང་དུའང་གཟུང་དུ་མེད་དེ། རྒྱུ་མཚན་གྱི་མཚན་མའམ་རྟགས་མེད་པའི་ཕྱིར་རོ། ། ངོ་བོ་དགེ་བ་ཡིན་ཏེ། ཉེས་པ་རང་བཞིན་གྱིས་དག་པའི་ཕྱིར་རོ། ། དྲི་མ་མེད་པ་ཡིན་ཏེ། གློ་བུར་གྱི་དྲི་མ་སྤངས་པའི་ཕྱིར་རོ། །

    འཇུག་པའི་དོན་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། ། དང་པོ་ལ་གཉིས་ཏེ། སྐུའི་འདོད་ཚུལ་གྱི་རྣམ་པར་དབྱེ་བ་དང༌། ངེས་པའི་དོན་ངོས་གཟུང་བའོ། ། དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་རྣམ་པ་གཉིས་སུ་འདོད་དེ། རང་དོན་དོན་དམ་པའི་ཆོས་སྐུ་དང༌། གཞན་དོན་ཀུན་རྫོབ་པ་གཟུགས་ཀྱི་སྐུའོ། ། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། ། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ༑། བསོད་ནམས་ཡེ་ཤེས་ལས་བྱུང་བའི། ། དམ་པ་གཉིས་ནི་ཐོབ་པར་ཤོག། ཅེས་སོ། ། དེ་ལ་ཆོས་སྐུ་ནི་སངས་རྒྱས་ཀྱི་སའི་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡིན་ལ། དེ་ཉིད་ལ་སྟོབས་སོགས་ཀྱི་ཡེ་ཤེས་ཚད་མེད་པ་བརྟེན་ཅིང༌། དེ་དག་གིས་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། དྲི་མ་མེད་པའི་ཆོས་སྐུ་ལ། ། ཡེ་ཤེས་རྒྱ་མཚོ་རྣམ་པར་གནས། ། སྣ་ཚོགས་ནོར་བུ་ཇི་བཞིན་དུ། ། དེ་ལས་སེམས་ཅན་དོན་རྣམས་མཛད། ། ཅེས་སོ། ། གཟུགས་སྐུ་ནི་གདུལ་བྱ་ཉེ་བ་དང་རིང་བ་གཉིས་ལ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་གནས་སོ་ཞེས་གསུངས་ཏེ། འདི་ནི་མགོན་པོ་བྱམས་པའི་གཞུང་དང་མཐུན་ནོ། ། སློབ་དཔོན་སེང་གེ་བཟང་པོ་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་བཞི་ཡིན་ཏེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། ། དེ་བཞིན་གཞན་པ་སྤྲུལ་པ་ནི། ། ཆོས་སྐུ་མཛད་པ་དང་བཅས་པ། ། རྣམ་པ་བཞིར་ནི་ཡང་དག་བརྗོད། ། ཅེས་གསུངས་པས། ངོ་བོ་ཉིད་ཀྱི་སྐུ་ནི་དག་པ་གཉིས་ལྡན་གྱི་དེ་བཞིན་ཡིན་ལ། ཆོས་སྐུ་ནི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་ཡོད་པ་རྣམས་ཡིན་ཞིང༌། ལོངས་སྐུ་དང་སྤྲུལ་སྐུ་གཉིས་ནི་གཞན་དང་འདྲ་བར་བཞེད་དོ། ། ཡང་སློབ་དཔོན་འཇམ་དཔལ་གྲགས་པ་ནི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ། ཞེས་གསུངས་པས། སངས་རྒྱས་ཀྱི་སྐུ་རྣམ་པ་ལྔ་ཡིན་ཏེ། སྔར་གྱི་སྐུ་བཞི་པོ་