མདུན་ཤོག- རིག་གནས།- རིག་རྩལ་གསར་རྩོམ།- ལྷུག་རྩོམ།

ནང་སེམས་བསྔོགས་པའི་ལེའུ།

ལྕགས་བྱམས་རྒྱལ།    2015-02-06 10:08

    ངེད་གཉིས་ངོ་ཤེས་སུ་གྱུར་བ་དང་ལོ་ཟླའི་ཕྲེང་བ་རིམ་གྱིས་འདས་པ་དང་བརྟེན་སེམས་ཀྱི་ཕྱི་ནང་ཀུན་དང་། ལུས་ཀྱི་མགོ་གཞུག་ཀུན། ཁྲག་རྩའི་སྦུབས་དང་རུས་པའི་གཏིང་སོགས། མདོར་ན་ངའི་ལུས་ངག་ཡིད་གསུམ་ཀུན་ལ་ཁྱོད་ཀྱི་བརྩེ་བའི་དྲི་བསུང་ཐུལ་ཞིང་། ཁྱོད་ཀྱི་འགྲོ་འདུག་སྤྱོད་གསུམ་ཀུན་ལ་ང་ཡི་རྣམ་ཤེས་འཁྱིལ་ཡོད། ཕར་དགའ་ཚུར་དགའ་དང་ཡིད་ཆེས་བློས་འགེལ་གྱི་ངང་ནས་ཕན་ཚུན་ལ་དུངས་བའི་མེ་ཏོག་ཞིག་ཐོག་མར་འཁྲུངས་ཞིང་། རྟག་བརྟན་འགྱུར་མེད་ཀྱི་བརྩེ་བའི་རྨང་རྐང་ཐོག་མ་ལའང་དུས་དེ་ནས་བཟུང་འགོ་བརྩམས་པའི་དབུ་ཁྱུད་བྲིས་ཤིང་དོན་འགྲུབ་པའི་སྨོན་ལམ་ཡག་པོ་བརྒྱབ།

    དུས་ཚོད་འགྱངས་བ་དང་བསྟུན་བརྩེ་བ་ཤ་འདྲེས་པགས་འདྲེས་སུ་གྱུར་ནས་སྙིང་གཏམ་མངར་མོའི་སྐྱེམས་ཆང་ཕར་འདྲེན་ཚུར་འདྲེན་བྱས་ཤིང་། དུངས་བའི་རྨུ་ཐག་རིང་མོས་ཁྱོད་དང་ང་ཡི་ལུས་སེམས་གཉིས་ཀ་དམ་དུ་སྦྲེལ་བ་དང་སྦྲགས་གཅིག་སེམས་གཅིག་གིས་འཚོས་ཤིང་། གར་འགྲོ་སེམས་ཀྱིས་འཚོལ་རྐྱེན་ཕན་ཚུན་བར་ལ་འབྲལ་མི་ཕོད་པའི་གཟུགས་མེད་ཀྱི་བརྩེ་བའི་ཚོར་ཤེས་ཤིག་གིས་དམ་དུ་བཅིངས།

    ན་ཚོད་རྒྱས་པའམ་ཡང་ན་སློབ་རིམ་འཕར་བ་སོགས་རྐྱེན་ག་གེ་མོ་ཞིག་གི་དབང་གིས་ང་རང་རྫོང་སློབ་འབྲིང་དང་ཁུལ་སློབ་འབྲིང་བཅས་ལ་འགྲོ་དགོས་བྱུང་རྐྱེན་ང་ཚོའི་བར་ཐག་ནི་ཉིན་ཕྱེད་ཀྱི་བགྲོད་དགོས་པའི་ས་ལ་ཕྱེས་སོང་། ལས་དབང་གིས་བཀོད་པའམ་ཡང་ན་སོ་སོའི་མདུན་ལམ་ལ་དམིགས་པའི་དགོས་དབང་གི་རི་ཆུ་སྟོང་ཕྲག་གི་ཕ་རོལ་ནས་སྡུག་བསྔལ་དང་མིག་ཆུ་ཡོད་ཚད་ཁོག་དུ་སྦས་ནས་ཉིན་ཞག་མི་སྐྱེལ་ཐབས་མེད་དུ་གྱུར།

    ལོ་ཟླ་ཆུ་བོའི་རྒྱུན་དང་བསྡོངས་ནས་མུ་ནས་མུ་རུ་སྔོན་དུ་བརྒྱུགས་ཀྱང་། ཁྱེད་ནི་ང་ཡི་མཐོང་ཡུལ་དུ་མ་གྱུར་བས་དྲན་པའི་གདུང་བའི་ཁུར་གྱིས་མནོན་ཞིང་ལུས་སེམས་གཉིས་ཀ་རབ་ཏུ་ངལ་ནས་ཁྱེད་དང་མཇལ་འཛོམས་ཀྱི་ཉིན་མོ་དང་རི་ཆུ་གྲངས་མེད་ཀྱི་ཕ་རོལ་ན་གནས་པའི་ཁྱེད་ཀྱིས་ས་མཐའི་གྲོང་ཚོ་ཅིག་ན་འཚོ་བ་འཁྱོལ་ཐབས་ཙམ་བྱེད་པའི་ཁོ་བོར་ཁ་པར་ཞིག་འབྱོར་ཨེ་ཡོང་བསམ་ནས་ཉིན་སྒུག་མཚན་སྒུག་བྱས་ཀྱང་རེ་འབྲས་དོན་མེད་དུ་གྱུར།

    དུས་ཡུན་རིང་ཙམ་ཞིག་འགོར་བའི་རྐྱེན་ཀྱིས་དུས་ཚོད་ནི་དབྱར་དགུན་སྟོན་དཔྱིད་སོགས་ག་དུས་ཤིག་ཡིན་པ་ད་ཆ་གསལ་བོར་མ་ངེས་མོད། གྲོགས་པོ་བློ་ཉེ་བ་ཞིག་གིས་ལྷག་བསམ་རྣམ་དག་གི་ངང་ནས་ཁྱེད་ཀྱི་ཁ་པར་གྲངས་བཙལ་ནས་ཁོ་བོར་འཕྲོད་ཐབས་བྱས་སོང་། ཁ་པར་གྱི་ལམ་ནས་ཡང་བསྐྱར་ལག་འཇུ་བྱས་པ་ནས་བཟུང་། སྐྱ་ཟད་སྔོ་སྡུག་དང་ཉམས་ང་ཉག་ཕྲའི་གནས་སུ་གྱུར་བའི་ཁྱེད་དང་ང་ཡི་བརྩེ་བའི་འབྲས་ཤིང་ལ་གསོན་ཤུགས་ཀྱི་མེ་ཏོག་ཡང་བསྐྱར་འབུས་འགོ་བརྩམས། དུས་དེ་ནས་བཟུང་དུས་ཚོད་ཡོད་དུས་དང་བྱ་བ་ཉུང་དུས་སོགསས་ལ་སྐུད་མེད་གློག་གི་བརྡ་རླབས་སྤྱད་ནས་སེམས་ཀྱི་འདོད་པ་དང་སེམས་ཀྱི་སྐད་ཆ་མང་པོ་ཞིག་དངོས་ཤུགས་གང་རུང་ནས་ཁྱེད་ལ་བརྗོད་དེ། ཁྱོད་ནི་ཁོ་བོའི་མི་ཚེ་འདིའི་གཏན་གྲོགས་ཨེ་ཡོང་གི་གོ་བརྡ་མང་ཙམ་སྤྲད་ཡང་། ཁྱེད་ནི་སྤྱིར་བཏང་གི་སྐད་ཆ་ཙམ་ལ་མ་གཏོགས་སྤྲོ་བ་མེད་པའམ་ཡང་ན་བཟའ་ཚེ་རོགས་དང་ཆུང་དུས་ཀྱི་འཚོ་བ་སོགས་གླེང་འོངས་ཚེ་ཉན་འདོད་མེད་པ་དང་ཁ་སྐྱེངས་བ་སོགས་ཀྱི་ཚོར་བ་ཡན་གར་བ་ཞིག་ནམ་ནམ་ཞར་ཞར་སྟེར་ཡོང་གི་འདུག སྐབས་ལན་རེར་ཁྱེད་རང་མ་ཁོམ་ཡིན་ནམ་ཁོ་བོའི་ཉོག་གཏམ་ལ་བློ་མོས་མེད་པ་ཅི་ཡིན་ཆ་མ་འཚལ་མོད། ཁ་པར་མི་ལེན་པའི་དུས་ཀྱང་རེ་འགའ་དྲན་ཡོང་གི་འདུག དེ་དུས་ཁོ་བོས་སེམས་ལ་དྲན་ཡོང་བ་ནི་ཁྱེད་ལ་རང་ཉིད་ཀྱི་དམིགས་འདུན་བཅོལ་སའི་གྲོགས་དང་མི་ཚེའི་སྐྱིད་སྡུག་གླེང་སའི་དགའ་རོགས་ཅིག་ཡོད་པའི་ཚོད་དཔག་བྱས། གལ་སྲིད་དངོས་གནས་དེ་འདྲ་ཞིག་ཡིན་ཚེ་ཁོ་བོའི་འདི་ལྟར་སྒྲུབ་པ་ནི་ཁྱོད་ཀྱི་འཚོ་བ་ལ་བར་ཆད་བཟོ་དང་བདེ་སྐྱིད་ལ་ཆགས་གྲུམ་གཏོང་སོགས་དང་གཉིས་སུ་མ་མཆིས་པས།ཁྱེད་ཕྱོགས་ལ་ཤོར་བའི་སེམས་པ་དང་རང་ཉིད་ཀྱི་ནང་སེམས་ལ་བདག་པོ་བརྒྱབ་དེ་ལམ་ཁ་གཞན་ཞིག་བསྙེགས་དགོས་བསམ་མོད། བག་ཆགས་ནི་ཚེ་སྔོན་མའམ་ཡང་ན་ཆུང་དུས་ནས་བཟུང་སེམས་ངོ་ལ་བཞག་རྐྱེན་།མཚམས་འཇོག་པ་ནི་བྱིས་པ་ཚོས་རྩེད་ར་སྒྲིག་ནས་ཡང་བསྐྱར་བསློགས་པ་ལྟ་བུའི་སླ་མོ་ཞིག་མ་ཡིན་པར་ཧ་ཅང་ཁག་པའི་ལས་དེའོ།

    སྐྱོན་དང་ནག་ཉེས་མཐའ་དག་ནི་ཁྱོད་གཅིག་པུའི་མགོ་ལ་དེད་ནས་ཁྱེད་རང་ཁོ་ན་ནག་པོ་ནག་རྐྱང་ཅིག་དུ་བཟོ་འདོད་ཀྱི་ཀུན་སློང་ངན་པ་དང་རང་ཉིད་ནི་སྐྱོན་ཀུན་གསལ་དང་ཡོན་ཏན་ཀུན་འཛོམས་ཀྱི་མི་བུ་ཡ་རབས་ཅིག་ཏུ་འདོད་པ་ནི་གཏན་ནས་མ་ཡིན་ཏེ།ཁོ་བོ་ལ་ཡང་དཔྱོད་ཤེས་ཀྱི་བློ་མིག་ལོང་བའི་ནག་ཉེས་དང་མི་སེམས་ཤོག་དཀར་ལ་ནག་ཐིགས་ཕབ་པའི་ལན་སྐྱོན་སོགས་བགྲང་ཀྱིས་གཞལ་དཀའ་བའོ། ད་དུང་ཁོ་བོས་ཁྱེད་ཀྱིས་ལྷག་བསམ་གཙང་མ་དང་རྣམ་དག་སེམས་ཀྱིས་ཁོ་བོར་རེ་སྒུག་གི་ནང་སེམས་ངོ་མ་བསྟན་ཡོད་པ་མ་ཚོར་བ་དང་མདུན་དུ་ལྷགས་པའི་གོ་སྐབས་ཡག་པོ་སོགས་དམ་དུ་མ་བཟུང་བའི་ལན་སྐྱོན་གྱིས་ད་རེས་ཀྱི་ཕམ་ཁ་དང་སེམས་ངལ། ན་ཟུག་དང་འགྱོད་གདུང་གི་མིག་ཆུ་འདི་འཕོ་དགོས་བྱུང་སོང་།

    ང་ཚོས་ཚེ་སྔོན་མར་ནག་ཉེས་ཅི་ཞིག་བསགས་པའི་ལས་འབྲས་ད་ལྟར་སྨིན་པ་ཡིན་ནམ། ཡང་ན་མི་ཚེ་འདིར་ལྷན་འདུག་བདེ་བསྐྱེལ་བྱེད་པའི་ལས་སྐལ་དེ་ངེད་གཉིས་ལ་ཉག་ཕྲ་བ་སོགས་ཅི་ཡིན་གསལ་ཁ་ཆོད་པའི་ལན་ཞིག་བརྒྱག་རྒྱུ་མེད་མོད། གང་ལྟར་རེ་བའི་ཉིན་མོ་དེ་གསལ་བོ་གསལ་རྐྱང་ནས་རིམ་བཞིན་མག་མོག་རབ་རིབ་དུ་གྱུར་ཟིན།

    ཁོ་བོ་ནི་ཁྱོད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ལ་དགའ་མོས་མེད་པ་དང་རྣམ་དག་དྭངས་གཙང་གི་སེམས་པ་ཞེན་པ་ལོག་པ་མིན་མོད། ཡུན་རིང་ལ་ཁྱེད་དང་འབྲེལ་བའི་རྒྱུ་ལམ་འགག་པ་དང་ཕ་མ་ནི་འཇིག་རྟེན་གྱི་རྙེད་དུ་མེད་པའི་དྲིན་ཆེན་དང་པོ་རུ་འབོད་ཆོག་ཆོག་ཡིན་པས། ཁོ་ཚོས་ཅི་གསུང་ལ་རྒྱབ་འགལ་མི་འགྲོ་བའི་ཕྱིར་དུ། ཞེན་ཆགས་དང་ཕྱིར་མིག་གི་ཀློང་ནས་ངས་ཀྱང་འཇིག་རྟེན་གྱི་གྲུ་ཟུར་གཞན་ཞིག་མི་འགྲིམས་ཀ་མེད་དུ་གྱུར།

    ད་ནི་ཡོད་ཚད་འཕྱིས་ཚར་བ་ཡིན་ཕྱིན། ང་མིན་ཁྱོད་ལན་གྱི་འཁང་ར་དང་ལེ་བདའ་མི་བྱེད་པར། སྔོན་ལ་འགྲིབ་ཟིན་པའི་འབྲེལ་བ་དེ་མུ་ནས་རྒྱུན་སྐྱོང་བ་ལས་གྲོགས་དུ་གྱུར་ཟིན་པ་དགྲ་རུ་མི་འགྱུར་བ་དང་། ཚེ་འདིར་བཏབ་པའི་སྨོན་ལམ་དེའང་ད་དུང་མུ་འཐུད་དུ་འདེབས་པ་ལས་གཞན་མེད།

    མཇུག་གཏམ་གྱི་ཚུལ་དུ་བོད་གཞས་ལས་དྲངས་དེ་སྐད་ཆ་གོ་བདེ་ཞིག་བརྗོད་ན་“ཁྱོད་སྐྱིད་ཅིང་བདེ་བར་བསྡད་ན།། ངའི་སེམས་ཀྱི་དྲོད་ཁོལ་དེ་ཡིན།།”ཞེས་པ་དེ་ལས་གཞན་ཅང་བརྗོད་རྒྱུ་མེད་པ་འདྲ།

    ༢༠༡༥/༡/༡༦ཉིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག