ང་ལ་བརྩེ་དུང་གི་ཡང་སྙིང་མཚོན་པའི།
རྒྱ་སེ་མེ་ཏོག་གི་བཀྲག་མདངས་མེད་ནའང་།
ང་ལ་ལྷད་མེད་ཀྱི་རང་གཤིས་མཚོན་པའི།
པད་མའི་མེ་ཏོག་གི་འདབ་བརྒྱ་དབེན་ནའང་།
ང་ལ་ཉམས་མེད་ཀྱི་བློ་སྤོབས་མཚོན་པའི།
སེར་ཆེན་མེ་ཏོག་གི་བསྟོད་ཚིག་དཀོན་ནའང་།
ང་ཡོད་ས་ནས།
གཅེར་བུ་ཡི་སྐྱེ་དངོས་ཚོགས་ཀྱིས།
ཡིད་འོང་གི་ཕྱི་གོས་གྱོན་ཡོད།
སྨྲེང་སྐྱོ་ཡི་བྱ་དངོས་ཀུན་ལ།
ལྷག་བསམ་གྱི་སེམས་གསོ་ཐོབ་ཡོད།
ཁེར་རྐྱང་གི་རྩྭ་ལྡུམ་དག་ལ།
དུངས་པ་ཡི་མཆུ་འདབ་སྦྱར་ཡོད།
འཇིག་རྟེན་གྱི་དུངས་པ་ཅན་ལ།
མཛའ་སེམས་ཀྱི་བྲང་ཁོག་ཕྱེས་ཡོད།
ཕངས་མེད་དུ་གཡུགས་པའི་རྡོ་བར།
གློ་སྙིང་གི་འཇམ་ཤ་གླན་ཡོད།
ངས་ད་དུང་ཡང་།
གུར་ཁྱིམ་འདྲ་བའི་མཁའ་དབྱིངས་ལ།
ངག་གི་དབྱངས་རྟ་དྲངས་ཡོད།
གཡང་ཚང་བཞིན་གྱི་ས་གཞི་ལ།
ཡིད་ཀྱི་མཚོ་མོ་བསྐྱིལ་ཡོད།
བྱམས་པ་བཞིན་གྱི་སྦྲང་ཆུང་ལ།
ལུས་ཀྱི་ཉིང་བཅུད་ཕུལ་ཡོད།
ནམ་ཡིན་ཡང་།
ཕུགས་བསམ་ཨ་སྔོན་དགུང་ཡིན་པའི་ང་།
རྒྱུན་ཐག་གི་སྣེ་མོ་རུ་ལམ་ལངས་བྱས་ཡོད།
རྩ་བ་དོག་མོ་ས་ཡིན་པའི་ངས།
མགོ་བོ་ཡི་སྤྱི་གཙུག་ལ་འབྲས་བུ་ཁུར་ཡོད།
ངང་རྒྱུད་ཆུ་བོའི་རྒྱུན་ཡིན་པའི་ངས།
རླུང་བུ་ཡི་རྒྱབ་གཞུང་ལ་བསུང་ཞིམ་བསྐྱོན་ཡོད།
ཡུ་མོའི་སྨྲེང་སེམས།
རྫ་འདབས་ཀྱི་སྤང་ཁུད་ལྗང་ཞིང་ནེམ།
ལྟ་ན་སྡུག་པའི་སྤང་ཁུད་ཀྱི་སེར་ཆེན་དག་གིས།
ཆུ་མིག་གི་ངོགས་ན་སྒེག་ཉམས་དོད་ཅིང་།
འདབ་དྲུག་བུང་བའི་འོ་ལ་རོལ།
དྲི་བཞོན་འཇམ་པོ་ལྷོད་ཀྱིས་ལྡང་བས།
གཙང་ཆབ་སྔོན་མོའི་བཞིན་ལ།
དགའ་མགུའི་འཛུམ་དམངས་མངོན་ཞིང་།
ཆུ་སྐྱེས་པད་མའི་མགུལ་ལ།
ཟིལ་ཐིགས་ཕྲེང་བས་བརྒྱན་ཏེ།
རྟ་བདུན་དབང་བོའི་བརྩེ་བར་འཁྱུད།
བུང་བུས་སྙིང་གཏམ་དམར་པོ་དིར་དིར་བསྒྲགས་ཏེ།
སེར་ཆེན་གྱིས་བརྩེ་འཛུམ་འདབ་བརྒྱ་ལྷུག་པོར་གྲོལ་ཅིང་།
ཉི་མས་བརྩེ་བའི་གསེར་འོད་ལམ་ལམ་འཕྲོས་པས།
པད་མོ་མྱོས་པའི་མགོ་ལྕོག་ལྡེམ་སེ་ལྡེམ།
ནང་སེམས་ལྗང་ནེམ་སྤང་ཁུད་བཞིན་ཡངས་ཤིང་སྙི་ལ།
རང་གཤིས་གཙང་ཆབ་སྔོན་མོ་ལྟར་དྭངས་ཤིང་གཙང་བའི།
སྙིང་དུ་སྡུག་པའི་ཡུ་མོ་ཁེར་འགྲོ་ཞིག་གིས།
རྩྭ་ཐང་གི་སྤྲོ་དགའི་དཔལ་གྱིས་བསླངས་པའི།
བན་བུན་གྱི་སྨྲེང་བ་ལྕི་མོ་ཞིག
ལྗིད་ཏིག་ཏིག་གིས་ཁུར་ཏེ།
ལྗང་ནེམ་གྱི་སྤང་ཁུད་དམ།
ལྷུང་ལྷུང་གི་གཙང་འགྲམ་གྱི།
སྟོང་སྟོང་གི་གྲུ་ཟུར་གང་རུང་ན།
དྲན་གདུང་གི་མཆི་མ་ཡང་ཡང་འབྱིད་བཞིན།
རང་ཉིད་རྨས་མྱོང་བའི་རྔོན་པ་བོའུ་ཁུར་ཞིག་གི
བརྩེ་སེམས་ཀྱི་ཕྱི་མིག་དྲན།
ཉིན་མཚན་དབྱེ་བ་མེད་པར།
རང་སེམས་གཙེས་པའི་ཕྱི་མིག་དེ་ཡང་ཡང་དྲན།།
མཚོ་སྔོན་བོད་ཡིག་གསར་འགྱུར། 2014·05·30།པར་ངོས 20 པ།