མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

དགའ་ལྡན་དགོན་པ།

    2014-04-22 15:49

    ༄༅།། དགའ་ལྡན་དགོན་པ་དང་། དེ་ཕྱག་འདེབས་པ་པོ་ཙོང་ཁ་པ་ཆེན་པོའི་བྱུང་བ་མདོ་ཙམ་བཀོད་པ། རྩོམ་པ་པོ། བྱམས་པ་བློ་གྲོས།

    དགའ་ལྡན་དགོན་པའི་མིང་ཆ་ཚང་བར་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བརྗོད་པ་དང་ལྷ་སའི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་མཚམས་སུ་གནས་ཡོད། དགོན་པ་འདི་ནི་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ༡༤༠༩ལ་ཕྱག་བཏབ་ཅིང་། དགེ་ལྡན་རིང་ལུགས་འཛིན་པ་མཐའ་དག་གི་མ་དགོན་ཞིག་ཡིན།

    ཙོང་ཁ་པ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་ལོར(སྤྱི་ལོ༡༣༥༧)མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་ལ་ཆོས་རྗེ་དོན་རིན་པས་མཁན་པོ་མཛད་པ་དང་། ཏཱ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ། དགུང་གྲངས་བཅུ་དྲུག་ལ་སོན་པའི་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ཏེ་ཆབ་མདོ་བརྒྱུད་བོད་དུ་བྱོན་པར་ཆུ་གླང་ལོའི(སྤྱི་ལོ༡༣༧༣)སྟོན་དུས་འབྲི་གུང་མཐིལ་དུ་ཕེབས། དེ་ནས་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་བསྟེན། གསང་ཕུ་དང་བདེ་བ་ཅན་སོགས་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད། དགུང་ལོ་ཉི་ཤུ་ལྷག་ཙམ་དུ་སོན་སྐབས་ཡར་ཀླུང་རྣམས་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎ་ཌི་ཏ་ཤཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པོའི་མཁན་པོ་དཀའ་བཞི་བ་ཚུལ་རིན་པས་མཁན་པོ་དང་། ཚོགས་པ་བྱི་རྫིང་མཁན་པོ་འདུལ་འཛིན་ཤེར་དཀོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་དེ་ཚོགས་པ་གཉིས་ཀྱི་དགེ་སློང་ཁ་སྐོང་དུ་འོས་པ་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དགུང་གྲངས་སོ་དྲུག་པ་ཆུ་སྤྲེ་ལོའི(སྤྱི་ལོ༡༣༩༢)ཟླ་བ་བཅུ་པར་འཁོར་དག་པ་རྣམ་བརྒྱད་དང་བཅས་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་དགར་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད། མདོར་ན། དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་མཁས་པར་སྦྱངས་ཤིང་། དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ལྟར་འཆད་པས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། གངས་ཅན་མཁས་གྲུབ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས“དག་པའི་ཞིང་གི་བཀོད་པ་རྒྱ་མཚོའི་རྡུལ། ཡེ་ཤེས་རང་སྣང་ལས་གྲུབ་འོག་མིན་གྱི། ངོ་མཚར་སྒྱུ་མའི་རོལ་རྩེད་ཐེམ་སྐས་ལས། རྒྱལ་སྲས་དམ་པའི་རྣམ་པར་བདེ་བར་བྱོན། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང་། གཅིག་གྱུར་འཇམ་མགོན་མི་ཡི་སྲིད་པའི་གར། བསམ་བཞིན་རྣམ་པར་རོལ་པའི་མཛད་པ་ལ། བསྐལ་བཟང་རྒྱལ་བ་ཀུན་གྱིས་བསྒྲུན་དུ་མེད།”ཅེས་བསྔགས་བརྗོད་མཛད་པ་དང་། མཁས་དབང་ཡེ་བཟང་རྩེ་པས་ཀྱང“དེ་ཡི་དུས་སུ་ས་ཆེན་པོ་འདི་རྗེ་ཙོང་ཁ་པའི་གདུགས་དཀར་པོ་གཅིག་གིས་ཁྱབ་ནས་ཡོད་པ་ཡིན།”ཞེས་གསུངས་ཡོད།

    ཙོང་ཁ་པ་དགུང་གྲངས་ང་གཅིག་བཞེས་པ་མེ་ཕག་ལོར(སྤྱི་ལོ༡༤༠༧ལོ)གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོ་ཐུགས་དད་ལྷག་པར་འཕེལ་ཏེ་མི་སྣ་ཆེད་དུ་མངགས་ནས་མེས་རྒྱལ་ནང་སར་སྤྱན་འདྲེན་པའི་འཇའ་ས་དང་། གསེར་ཡིག ཕྱག་རྟེན་དངོས་པོ་དང་བཅས་ནན་ཏུར་ཆེན་པོས་སྔ་ཕྱི་ལན་གསུམ་ཙམ་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། མཐར་གང་གི་སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་རྗེ་ཤཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་གཏོང་གནང་མཛད་པ་དེས་ཙོང་ཁ་པའི་བཀའ་སློབ་ལྟར་མེས་རྒྱལ་ནང་སར་ཕེབས་ཏེ་དགོན་པ་འདེབས་པ་དང་། དགེ་འདུན་གྱི་སྡེ་འཛུགས་པ་སོགས་གོང་མའི་ཐུགས་བཞེད་དང་མཐུན་པའི་མཛད་པ་རྒྱ་ཆེར་སྤེལ།

    ས་ཁྱི་ལོར(སྤྱི་ལོ༡༤༠༨)ཙོང་ཁ་པས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། འཁྱམས་ར། ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པ་བཅས་པར་ཉམས་གསོ་རྒྱས་པར་གནང་། དེའི་ཕྱི་ལོ་ས་གླང་ལོའི(སྤྱི་ལོ༡༤༠༩)བོད་ཟླ་དང་པོར་ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་དུས་མཆོད་གསར་འཛུགས་ཐོག་ཇོ་བོ་ཤཀྱ་མུ་ནེར་གསེར་སྦྱངས་བརྡུངས་ཀྱི་དབུ་རྒྱན་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང་། དགེ་འདུན་ཁྲི་ཕྲག་བརྒལ་བར་ཚེས་གཅིག་ནས་བཅོ་ལྔ་བར་བསྙེན་བཀུར་རྒྱ་ཆེར་མཛད། འདི་ཕན་ཙོང་ཁ་པ་དཔོན་སློབ་རྣམས་བཞུགས་གནས་ངེས་མེད་ཀྱིས་ཕེབས་བཞུད་གནང་བ་ལས་གཏན་བཞུགས་ཀྱི་གནས་གཞི་འདི་ཡིན་མེད་འདུག ཙོང་ཁ་པའི་བུ་སློབ་རྣམས་དང་དད་སྤྱིན་ཁག་གིས་ཙོང་ཁ་པ་སྐུ་ན་མཐོ་བས་གནས་གཞི་ངེས་མེད་ལ་ཕེབས་བཞུད་སྐུ་ངལ་གྱི་གཞིར་བརྟེན་གཏན་བཞུགས་གནང་ཡུལ་གདན་ས་ཞིག་གདབ་དགོས་ཞུ་ནན་ཆེ་བ་དང་། འབྱོར་ལྡན་ཁག་ནས་གནས་གཞི་རྙིང་པ་དང་ས་ཡུལ་འབུལ་མཁན་མང་དུ་བྱུང་། ལྷ་སའི་སྨོན་ལམ་ཆེ་མོ་གྲོལ་འཕྲལ་ཙོང་ཁ་པ་ཉིད་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན། དཀའ་བཅུ་པ་དར་མ་རིན་ཆེན་སོགས་དཔོན་སློབ་དགུ་འབྲོག་རིར་བྱོན་ཏེ་གདན་ས་བསྐྲུན་ཡུལ་གཟིགས་སྐོར་ཞིབ་བརྟག་མཛད་པར་ས་འདི་ཉིད་ལེགས་པར་དགོངས་ནས་དགོན་པ་ཇི་ལྟར་འདེབས་དགོས་པའི་བཀའ་སློབ་ཀྱང་ཞིབ་པར་གནང་བ་དང་། ཏའི་སི་ཏུའི་བློན་རྒྱུད(བྲག་དཀར་ནང་སོ)དྲུང་རིན་ཆེན་དཔལ་དང་རིན་ཆེན་ལྷུན་པོ་ཡབ་སྲས་ལ་གདན་ས་སྐྲུན་པའི་སྦྱིན་བདག་མཛད་དགོས་ཀྱི་ཞལ་ཏ་གནང་། གཞན་ཡང་ཉེ་སྐོར་གྱི་སྐྱ་བཙུན་སྡེ་པ་རྣམས་ཀྱིས་རྒྱུ་དངོས་ཕུལ་བའམ་ལུས་ཀྱི་རྩོལ་བར་ཞུགས་པ་སོགས་མཐུན་རྐྱེན་བསྒྲུབས་ཏེ་ཙོང་ཁ་པའི་གཟིམ་ཁང་དང་། དགེ་འདུན་སྤྱིའི་འདུ་ཁང་། (ཚོགས་ཆེན)གཙང་ཁང་། བྲང་ཁང(གྲྭ་ཤག)བདུན་ཅུ་སྐོར་ལོ་དེ་རང་ལ་གྲུབ་པ་དང་དུས་མཚུངས་བྲང་ཁང་བརྒྱ་ཕྲག་བརྒལ་བའི་རྨང་བཏིང་། ཙོང་ཁ་པ་དང་རྒྱུན་དུ་ལྷན་ཕེབས་གནང་མཁན་དགེ་འདུན་ལྔ་བརྒྱ་སྐོར་ཡོད་པ་རྣམས་ལོ་དེར་འབྲོག་རིར་ཕེབས། དེ་ནས་བཟུང་གདན་སའི་གཙུག་ལག་ཁང་ལེ་ལག་རྣམས་དང་འདུས་ཚོགས་དགེ་འདུན་གྱི་གྲངས་བཅས་རིམ་བཞིན་འཕེལ་རྒྱས་བྱུང་། དེའི་ཕྱི་ལོ་ལྕགས་སྟག(སྤྱི་ལོ༡༤༡༠)ལོའི་ཟླ་གཉིས་པའི་ཚེས་ལྔ་ལ་ཙོང་ཁ་པ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད་ཅིང་། དུས་དེ་ནས་ཙོང་ཁ་པ་དངོས་སློབ་དང་བཅས་པ་རྣམས་དགའ་ལྡན་རང་དུ་གཏན་བཞུགས་མཛད་དེ་གསང་ཆེན་ཐེག་པ་ཆེན་པོའི་ཆོས་གསུངས་པ་སོགས་གདན་ས་འདི་ཉིད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་རྨང་འཛུགས་པར་མཛད། གདན་སའི་མིང་ལ་དགེ་ལྡན་ཞེས་བཏགས་པར་བརྟེན་གདན་ས་འདིའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་གདན་སའི་མིང་ལ་དགའ་ལྡན་ཞེས་བཏགས་ན་རྟེན་འབྲེལ་གྱི་གནད་ཡོད་གསུངས་པར་བརྟེན་དགའ་ལྡན་ཞེས་ཀྱང་འབོད།

    ཙོང་ཁ་པས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞིག་ལོགས་སུ་བསྐྲུན་བཞེད་ལྟར་དགུང་གྲངས་ང་དགུ་པ་ཤིང་ལུག་ལོའི་དབྱར་དུས་ཡངས་ཅན་གཙུག་ལག་ཁང་ཀ་བ་བདུན་ཅུ་དོན་གཉིས་ཡོད་པའི་གཙང་ཁང་ཁྱམས་དང་བཅས་པའི་རྨང་བཏིང་ནས་དེའི་ཕྱི་ལོ་མེ་སྤྲེ(སྤྱི་ལོ༡༤༡༦)ལོར་ལེགས་པར་གྲུབ། མེ་བྱ(སྤྱི་ལོ༡༤༡༧)ལོ་ཟླ་གསུམ་པའི་ནང་བཟོ་རིགས་མཁས་པ་དུ་མ་བསྐོངས་ནས་ཡངས་ཅན་གཙུག་ལག་ཁང་གི་རྟེན་གཙོ་ཐུབ་དབང་ཚུལ་ཁྲིམས་མའི་གསེར་སྐུ་ཆེན་མོས་གཙོས་གསེར་ཟངས་ཀྱི་སྐུ་ཆེ་བ་རྣམས་དང་། བློས་བསླངས་ཀྱི་དཀྱིལ་འཁོར་གསུམ་སོགས་ཡངས་ཅན་གཙུག་ལག་ཁང་གི་རྟེན་རྣམས་གསར་སྐྲུན་མཛད། ས་ཕོ་ཁྱིའི(སྤྱི་ལོ༡༤༡༨)ལོར་ཡངས་ཅན་ཆོས་རྒྱལ་ལྷ་ཁང་གི་མགོན་ཁང་དུ་རྟེན་གཙོ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་སྐུ་ཆེ་བ་དང་། སྲུང་མའི་གཙོ་བོ་དམ་ཅན་ཆོས་རྒྱལ་ཡབ་ཡུམ། མགོན་པོ་གཙོ་འཁོར་རྣམས་རྒྱུད་ནས་བཤད་པ་ལྟར་ཆ་ཚད་ལྡན་པ་གསར་བསྐྲུན་ཐོག་སྐུ་རྟེན་རྣམས་ལ་རབ་གནས་དང་རྟེན་བཞེངས་ལེགས་གྲུབ་ཀྱི་དགའ་སྟོན་རྒྱ་ཆེར་མཛད། ཙོང་ཁ་པ་དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག་ལོའི(སྤྱི་ལོ༡༤༡༩)སྟོན་དུས་སྟོད་ལུང་དང་། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར། གྲུ་བཞི་རྣམས་སུ་ཕེབས་ནས་ཆོས་མང་དུ་གསུངས། སླར་དགའ་ལྡན་དུ་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་དུ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་མཛད་རྗེས་གཟིམ་ཁང(ཁྲི་ཐོག་ཁང)དུ་ཕེབས་ཏེ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་། དབུ་ཞྭ་གནང་སྟེ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད། ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་སྔ་དྲོ་ཉི་དྲོས་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། སྐབས་དེར་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་ཙོང་ཁ་པའི་དངོས་སློབ་གཞན་རྣམས་དང་མོལ་བསྡུར་ཐོག་དངུལ་བྲེ་ཆེན་བཅོ་བརྒྱད་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་བསྐྲུན་ཏེ་བུམ་པའི་ནང་སྐུ་གདུང་སྣམ་སྦྱར་བསྒྲོན་པ་བཞུགས་སུ་གསོལ། དེ་རྗེས་སྣེ་གདོང་དང་། འབྲི་གུང་། སྣེའུ་སོགས་ནས་གདུང་འབུལ་གསེར་དངུལ་དངོས་པོ་མང་དུ་བྱུང་ཐོག་ནས་སློབ་དཔོན་རྣམ་གཉིས་ཀྱིས་དངུལ་གདུང་མཆོད་རྟེན་བཞུགས་ཡུལ་གཙུག་ལག་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་བསྐྲུན་ཏེ་དངུལ་གདུང་དེར་གདན་དྲངས་ནས་རབ་གནས་རྒྱས་པར་མཛད། ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི(སྤྱི་ལོ༡༤༢༠)ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་། ཙོང་ཁ་པའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་གླིང་མེ་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པའི་དུས་ཆེན་གྱི་སྲོལ་དར།

    ཙོང་ཁ་པ་སྐུ་གཤེགས་ནས་བདུན་ཕྲག་བདུན་སོང་རྗེས་འདུལ་བ་འཛིན་པ་དང་། གནས་བརྟན་རིན་ཆེན་རྒྱལ་མཚན་སོགས་དངོས་སློབ་རྣམས་ཀྱིས་དར་མ་རིན་ཆེན་ཙོང་ཁ་པའི་རྒྱལ་ཚབ་ཏུ་མངའ་གསོལ། རྒྱལ་ཚབ་ཆོས་རྗེས་གདན་ས་ལོ་གསུམ་བསྐྱངས་རྗེས་ལྕགས་ཕག་ལོར(སྤྱི་ལོ༡༤༣༡)མཁས་གྲུབ་དགེ་ལེགས་དཔལ་བཟང་གསེར་ཁྲིར་ཕེབས། ཆུ་བྱི་ལོར(སྤྱི་ལོ༡༤༣༢)རྒྱལ་ཚབ་ཆོས་རྗེ་པོ་ཏཱ་ལར་སྐུ་གཤེགས། དེ་རྗེས་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གདན་ས་ལོ་བརྒྱད་བསྐྱངས་ནས་ས་རྟ་ལོར(སྤྱི་ལོ༡༤༣༨)འདས། རྗེ་ཡབ་སྲས་གསུམ་གྱི་རྗེས་སུ་ཞ་ལུ་བ་ལེགས་པ་རྒྱལ་མཚན་དགའ་ལྡན་གསེར་ཁྲིར་ཕེབས། དེ་རྗེས་བློ་གྲོས་ཆོས་སྐྱོང་དང་། བ་སོ་ཆོས་ཀྱི་རྒྱལ་མཚན། མཁས་པ་བློ་གྲོས་བརྟན་པ། སྨོན་ལམ་དཔལ་བ་བཅས་ཀྱིས་རིམ་པ་བཞིན་དགའ་ལྡན་ཁྲི་པ་མཛད། རྒྱལ་ཚབ་ཆོས་རྗེ་ནས་སྨོན་ལམ་དཔལ་བའི་བར་འཇམ་དབྱངས་གཙང་པ་བདུན་བརྒྱུད་དུ་གྲགས།

    ཙོང་ཁ་པ་བློ་བཟང་གྲགས་པ་ནས་བཟུང་དགའ་ལྡན་ཁྲི་པ་དགུ་བཅུ་གོ་དྲུག་གིས་གདན་ས་བསྐྱངས་པར་མཛད་པའི་དགའ་ལྡན་ཁྲི་འཛིན་རིམ་བྱུང་གི་མཚན་ཐོ་གཤམ་གསལ།

    དགའ་ལྡན་གསེར་ཁྲིའི་ཁྲི་འཛིན་དང་པོ་ཙོང་ཁ་པ་བློ་བཟང་གྲགས་པ། གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་། བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན། ལྔ་པ་བློ་གྲོས་ཆོས་སྐྱོང་། དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན། བདུན་པ་བློ་གྲོས་བརྟན་པ། བརྒྱད་པ་སྨོན་ལམ་དཔལ་བ། དགུ་པ་བློ་བཟང་ཉི་མ། བཅུ་པ་ཁྲི་ཆེན་ཡེ་ཤེས་བཟང་པོ། བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ ། བཅུ་གཉིས་པ་ཁྲི་ཆེན་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས། བཅུ་གསུམ་པ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན། བཅུ་བཞི་པ་ཁྲི་ཆེན་རིན་ཆེན་འོད་ཟེར། བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ། བཅུ་དྲུག་པ་ཁྲི་ཆེན་ཆོས་སྐྱོང་རྒྱ་མཚོ། བཅུ་བདུན་པ་ཁྲི་ཆེན་རྡོ་རྗེ་བཟང་པོ། བཅོ་བརྒྱད་པ་ཁྲི་ཆེན་རྒྱལ་མཚན་བཟང་པོ། བཅུ་དགུ་པ་ཁྲི་ཆེན་ངག་དབང་ཆོས་ཀྱི་གྲགས་པ། ཉི་ཤུ་པ་ཁྲི་ཆེན་ཆོས་གྲགས་བཟང་པོ། ཉེར་གཅིག་པ་ཁྲི་ཆེན་དགེ་ལེགས་དཔལ་བཟང་། ཉེར་གཉིས་པ་ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས། ཉེར་གསུམ་པ་ཁྲི་ཆེན་ཚེ་བརྟན་རྒྱ་མཚོ། ཉེར་བཞི་པ་ཁྲི་ཆེན་བྱམས་པ་རྒྱ་མཚོ། ཉེར་ལྔ་པ་ཁྲི་ཆེན་དཔལ་འབྱོར་རྒྱ་མཚོ། ཉེར་དྲུག་པ་ཁྲི་ཆེན་དམ་ཆོས་དཔལ་འབར། ཉེར་བདུན་པ་ཁྲི་ཆེན་སངས་རྒྱས་རིན་ཆེན། ཉེར་བརྒྱད་པ་ཁྲི་ཆེན་དགེ་འདུན་རྒྱལ་མཚན། ཉེར་དགུ་པ་ཁྲི་ཆེན་བཤེས་གཉེན་གྲགས་པ། སུམ་ཅུ་པ་ཁྲི་ཆེན་བློ་གྲོས་རྒྱ་མཚོ། སོ་གཅིག་པ་ཁྲི་ཆེན་དམ་ཆོས་དཔལ་བ། སོ་གཉིས་པ་ཚུལ་ཁྲིམས་ཆོས་འཕེལ། སོ་གསུམ་པ་ཁྲི་ཆེན་གྲགས་པ་རྒྱ་མཚོ། སོ་བཞི་པ་ཁྲི་ཆེན་ཆོས་ཀྱི་རྒྱལ་མཚན། སོ་ལྔ་པ་ཁྲི་ཆེན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། སོ་དྲུག་པ་ཁྲི་ཆེན་བསྟན་འཛིན་ལེགས་བཤད། སོ་བདུན་པ་ཁྲི་ཆེན་དགེ་འདུན་རིན་ཆེན། སོ་བརྒྱད་པ་ཁྲི་ཆེན་བསྟན་པའི་རྒྱལ་མཚན། སོ་དགུ་པ་ཁྲི་ཆེན་དཀོན་མཆོག་ཆོས་བཟང་། བཞི་བཅུ་པ་ཁྲི་ཆེན་དཔལ་ལྡན་རྒྱལ་མཚན། ཞེ་གཅིག་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན། ཞེ་གཉིས་པ་ཁྲི་ཆེན་བློ་བཟང་དོན་ཡོད། ཞེ་གསུམ་པ་ཁྲི་ཆེན་བྱམས་པ་བཀྲ་ཤིས། ཞེ་བཞི་པ་ཁྲི་ཆེན་བློ་གྲོས་རྒྱ་མཚོ། ཞེ་ལྔ་པ་ཁྲི་ཆེན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། ཞེ་དྲུག་པ་ཁྲི་ཆེན་སྦྱིན་པ་རྒྱ་མཚོ། ཞེ་བདུན་པ་ཁྲི་ཆེན་བློ་བཟང་ཆོས་འཕེལ། ཞེ་བརྒྱད་པ་ཁྲི་ཆེན་དོན་གྲུབ་རྒྱ་མཚོ། ཞེ་དགུ་པ་ཁྲི་ཆེན་བློ་བཟང་དར་རྒྱས། ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས། ང་གཅིག་པ་ཁྲི་ཆེན་དཔལ་ལྡན་གྲགས་པ། ང་གཉིས་པ་ཁྲི་ཆེན་ངག་དབང་ཆོས་འཕེལ། ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེ། ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན། ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ། ང་དྲུག་པ་ཁྲི་ཆེན་བློ་བཟང་དྲི་མེད། ང་བདུན་པ་ཁྲི་ཆེན་བསམ་གཏན་ཕུན་ཚོགས། ང་བརྒྱད་པ་ཁྲི་ཆེན་ངག་དབང་ཆོས་གྲགས། ང་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས། ང་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས། དྲུག་ཅུ་པ་ཁྲི་ཆེན་བློ་བཟང་བསྟན་པ་རབ་རྒྱས། རེ་གཅིག་པ་ཁྲི་ཆེན་ངག་དབང་ཚུལ་ཁྲིམས། རེ་གཉིས་པ་ཁྲི་ཆེན་བློ་བཟང་སྨོན་ལམ། རེ་གསུམ་པ་ཁྲི་ཆེན་བློ་བཟང་མཁས་མཆོག རེ་བཞི་པ་ཁྲི་ཆེན་བློ་བཟང་བཀྲ་ཤིས། རེ་ལྔ་པ་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས། རེ་དྲུག་པ་ཁྲི་ཆེན་ངག་དབང་སྙན་གྲགས། རེ་བདུན་པ་ཁྲི་ཆེན་འཇམ་དབྱངས་སྨོན་ལམ། རེ་བརྒྱད་པ་ཁྲི་ཆེན་བློ་བཟང་དགེ་ལེགས། རེ་དགུ་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། བདུན་ཅུ་པ་ཁྲི་ཆེན་ངག་དབང་ཆོས་འཕེལ། དོན་གཅིག་པ་ཁྲི་ཆེན་ཡེ་ཤེས་ཐར་འདོད། དོན་གཉིས་པ་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས། དོན་གསུམ་པ་ཁྲི་ཆེན་ཚུལ་ཁྲིམས་རྒྱ་མཚོ། དོན་བཞི་པ་ཁྲི་ཆེན་བློ་བཟང་ལྷུན་གྲུབ། དོན་ལྔ་པ་ཁྲི་ཆེན་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། དོན་དྲུག་པ་ཁྲི་ཆེན་བློ་བཟང་མཁྱེན་རབ་དབང་ཕྱུག དོན་བདུན་པ་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས། དོན་བརྒྱད་པ་ཁྲི་ཆེན་འཇམ་དབྱངས་དམ་ཆོས། དོན་དགུ་པ་ཁྲི་ཆེན་བློ་བཟང་སྦྱིན་པ། བརྒྱད་ཅུ་པ་ཁྲི་ཆེན་གྲགས་པ་དོན་གྲུབ། གྱ་གཅིག་ཁྲི་ཆེན་ངག་དབང་ནོར་བུ། གྱ་གཉིས་པ་ཁྲི་ཆེན་ཡེ་ཤེས་ཆོས་འཕེལ། གྱ་གསུམ་པ་ཁྲི་ཆེན་བྱང་ཆུབ་ནམ་མཁའ། གྱ་བཞི་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས། གྱ་ལྔ་པ་ཁྲི་ཆེན་ཚུལ་ཁྲིམས་དཔལ་ལྡན། གྱ་དྲུག་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན། གྱ་བདུན་པ་ཁྲི་ཆེན་ངག་དབང་བློ་བཟང་ཐུབ་བསྟན་བསྟན་པའི་རྒྱལ་མཚན། གྱ་བརྒྱད་པ་ཁྲི་ཆེན་མཁྱེན་རབ་ཡོན་ཏན། གྱ་དགུ་པ་ཁྲི་ཆེན་བློ་བཟང་སྙན་གྲགས་རྒྱ་མཚོ། དགུ་བཅུ་པ་ཁྲི་ཆེན་བྱམས་པ་ཆོས་གྲགས། གོ་གཅིག་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན། གོ་གཉིས་པ་ཁྲི་ཆེན་ཐུབ་བསྟན་ཉིན་བྱེད། གོ་གསུམ་པ་ཁྲི་ཆེན་ཡེ་ཤེས་དབང་ལྡན། གོ་བཞི་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས། གོ་ལྔ་པ་ཁྲི་ཆེན་བཀྲ་ཤིས་སྟོང་བདུན། གོ་དྲུག་པ་ཁྲི་ཆེན་ཐུབ་བསྟན་ཀུན་དགའ་རྣམས་སོ།།

    དགའ་ལྡན་ཚོགས་ཆེན་འདུ་ཁང་ནི། དགེ་འདུན་སུམ་སྟོང་ལྷག་ཤོང་བའི་འདུ་ཁང་རྒྱ་ཁྱོན་ཆེ་བ་ཞིག་ཡིན་ཞིང་། དེའི་ནང་གི་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཙོང་ཁ་པའི་སྐུ་བརྙན་ཆེ་བ་དང་། བྱམས་པའི་སྐུ་བརྙན་ཆེ་ལ་བཟོ་བཀོད་ཕུན་སུམ་ཚོགས་པ་དང་། འདུ་ཁང་ཆེ་མོའི་སྦུག་ཏུ་དགའ་ལྡན་གསེར་ཁྲི་ཞེས་སུ་གྲགས་པ་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲི་དང་། གསེར་ཁྲིའི་དབུ་ཐོད་དུ་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད་བཅས་ཡོད།

    ཡངས་ཅན་གཙུག་ལག་ཁང་ནང་གི་རྟེན་གཙོ་ནི་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་གསེར་གདུང་ཡིན། དེ་ནི་ཐོག་མར་དངུལ་གདུང་ཡིན་པ་དང་རྗེས་སུ་དགའ་ལྡན་ཁྲི་པ་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཁྲི་པ་ལས་འཛིན་སྐབས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་སྲས་ཆུང་བ་བཀྲ་ཤིས་བ་དུར་གྱི་རིགས་སྲས་བློ་བཟང་བསྟན་འཛིན་གྱིས་མཚོ་སྔོན་ཕྱོགས་ཀྱི་ལོ་གཅིག་གི་ཁྲལ་འབབ་གསེར་བསྒྱུར་གྱིས་སྔར་ཡོད་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་བརྡུངས་ཀྱིས་གཡོགས་ཏེ་གསེར་གདུང་དུ་བསྐྲུན། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ལྕགས་བྱ་ལོར(སྤྱི་ལོ༡༩༢༡)དགའ་ལྡན་གསེར་གདུང་ཉམས་གསོ་མཛད་པས་སྔར་ལས་ལྷག་པའི་བཟོ་བཀོད་ཕུན་སུམ་ཚོགས་པར་གྱུར། གསེར་གདུང་གི་གཡས་གཡོན་དུ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་གདུང་རྟེན་རྣམས་ཡོད། གསེར་གདུང་བཞུགས་ཡུལ་ཙན་དན་གྱི་གུར(ཕྱི་གུར)དང་། ནང་གི་ཡོལ་བ། སྟེང་གི་བླ་བྲེ་གན་གོས་མངགས་བཏགས་མ། འཕགས་པའི་གནས་བརྟན་བཅུ་དྲུག དགེ་བསྙེན། རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་པ་བཅས་ཀྱི་སིའུ་ཐང(དགའ་ལྡན་སིའུ་ཐང)ཐང་སྐུ་ངོ་མཚར་ཅན་འདི་རྣམས་སེ་ར་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ཀྱིས་ཏཱ་མིང་ཡུང་ལོ་རྒྱལ་པོའི་སྲས་ཟོན་ཏེ་རྒྱལ་པོའི་དབུ་བླ་མཛད་ནས་ཕྱག་ཏུ་བྱུང་བ་དགའ་ལྡན་གསེར་གདུང་ཁང་དུ་ཕུལ་བར་གྲགས། གོང་གསལ་སིའུ་ཐང་གི་ཐང་ག་འདི་རྣམས་ལོ་ལྟར་བོད་ཟླ་དྲུག་པའི་ནང་བདུན་ཁྲག་གསུམ་རིང་བཀྲམས་ནས་དགའ་ལྡན་སིའུ་ཐང་དུས་ཆེན་ཞེས་པ་ཆོས་ཀྱི་དུས་ཆེན་ཞིག་ཀྱང་ཡོད།

    ཡངས་ཅན་གཙུག་ལག་ཁང་འདིའི་ནང་གནའ་རབས་ཀྱི་རིག་དངོས་དུ་མ་ཡོད་པའི་གྲས་སུ་ད་དུང་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་གོ་ཁྲབ་ལ་གསེར་དང་མུ་ཏིག་སོགས་རིན་ཆེན་དུ་མའི་ཁྲས་བརྒྱན་པའི་ཁྲབ་རྨོག་ཆ་ཚང་། ཆན་ལུང་ཁྲི་ལོ་ཉེར་གཉིས( སྤྱི་ལོ༡༧༥༧ལོའི་ཟླ་༧)པར་དགའ་ལྡན་ཆོས་རྒྱལ་མགོན་ཁང་གི་སྲུང་མའི་བསྐང་རྫས་སུ་གནང་བའི་གོ་ཁྲབ་ཀྱི་སྟེང་རྒྱ་དང་། མན་ཇུ། སོག་པོ། བོད་བཅས་ཀྱི་ཡིག་རིགས་ཁག་བཞི་འཁོད་པ་ལོ་རྒྱུས་བཟོ་རྩལ་གྱི་རིན་ཐང་མཐོ་བ་དེའང་ཡོད། ཡངས་ཅན་གཙུག་ལག་ཁང་སྦུག་གི་གཙང་ཁང་ལྷོ་མའི་ནང་ཙོང་ཁ་པ་ཞལ་བཞུགས་སྐབས་བཞེངས་པའི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་ཚུལ་ཁྲིམས་མར་གྲགས་པ་ལྷ་སའི་ཇོ་བོ་ལས་སྐུ་ཚད་མཐོ་གང་ཙམ་གྱིས་ཆེ་བ་ཞིག་གསེར་ཟངས་ཀྱི་བཞུགས་ཁང་རང་འགྲིག་དང་བཅས་པ་ཡོད། ཡངས་ཅན་ཆོས་རྒྱལ་ཁང་དུ་གྲགས་པའི་མགོན་ཁང་དུ་རྟེན་གྱི་གཙོ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་སྐུ་ཆེ་བ་གཅིག་དང་། དེའི་གཡོན་དུ་བཀའ་སྡོད་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་བཅས་པ་འདི་རྣམས་ནི་ཙོང་ཁ་པ་ཞལ་བཞུགས་སྐབས་བཞེངས་པ་མ་ཟད། ཁོང་རང་ཉིས་ཀྱིས་རབ་གནས་མཛད། འཇིགས་བྱེད་ཀྱི་སྐུ་དེའི་གཡས་ངོས་མགོན་པོ་ཕྱག་དྲུག་པ་འཁོར་གནོད་སྦྱིན་བཞི་དང་བཅས་པ་ནི་ཙོང་ཁ་པའི་ཞལ་ཆེམས་ལྟར་སྲས་ཀྱི་ཐུ་བོ་གཉིས་ཀྱིས་བཞེངས། སྔར་གྱི་སྒྲུབ་མཆོད་ཁང་ངམ་བློས་བསླངས་ཁང་ནང་དཀྱིལ་འཁོར་གསུམ་ལས་དབུས་སུ་དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་པ་ལྷ་སུམ་ཅུ་རྩ་གཉིས། དེའི་གཡོན་དུ་དཔལ་འཁོར་ལོ་བདེ་མཆོག་ལུ་ཧི་པའི་ལུགས་ཀྱི་ལྷ་དྲུག་ཅུ་རྩ་གཉིས། དེའི་གཡོན་དུ་དཔལ་འཁོར་ལོ་བདེ་མཆོག་ལུ་ཧི་པའི་ལུགས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་དང་། གཡས་སུ་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ལྷ་བཅུ་གསུམ། བློས་བསླངས་དེ་དག་གི་གཞན་ཡས་ཁང་རྣམས་གསེར་ཟངས་དང་། ལྷ་སྐུ་རྣམས་རྒྱ་དངུལ་ལས་བསྐྲུན་ཏེ་ཙོང་ཁ་པ་རང་ཉིད་ཀྱིས་རབ་གནས་མཛད།

    ལི་མ་ཁང་དུ་རྟེན་གཙོ་སྣེ་གདོང་གྲགས་པ་རྒྱལ་མཚན་གྱིས་ཙོང་ཁ་པར་ཕུལ་བའི་ཐུབ་དབང་བདུད་འདུལ་མའི་སྐུ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་ངོ་མཚར་ཅན་གྱིས་གཙོས་ཙོང་ཁ་པའི་ཐུགས་དམ་རྟེན་ལི་མའི་སྐུ་དང་གསེར་ཟངས་ཀྱི་སྐུ་བརྒྱ་ཕྲག་བརྒལ་བ་རྣམས་ཡོད།

    བློ་གྲོས་ཆོས་སྐྱོང་གིས་བཞེངས་པའི་གསར་མ་ཁང་དུ་དེ་ཉིད་ཀྱིས་བཞེངས་པའི་ཐུབ་དབང་གི་གསེར་སྐུ་ཆེ་མོ་གཅིག་དང་། ཙོང་ཁ་པའི་སྐུ། བྱམས་པ། འཇམ་དབྱངས་ཀྱི་སྐུ་སོགས་གསེར་ཟངས་ཀྱི་སྐུ་ཆེ་བ་བཅུ་ཕྲག་སྐོར་ཡོད།

    བླ་མ་ལྷ་ཁང་དུ་ཙོང་ཁ་པའི་དངུལ་སྐུ་ཆེ་བ་གསུམ་གྱིས་གཙོས་གསེར་ཟངས་ཀྱི་བླ་སྐུ་ཆེ་བ་བཅུ་ཕྲག་སྐོར། འཕགས་པ་གནས་བརྟན་བཅུ་དྲུག་གི་སིའུ་ཐང(དགའ་ལྡན་སིའུ་ཐང)རྣམས་ཡོད།

    ཙོང་ཁ་པའི་གཟིམ་ཁང་ཁྲི་ཐོག་ཁང་དུ། གོང་གསལ་བློས་བསླངས་གསུམ་གྱི་ལུགས་ཕུད་ད་དུང་དཔལ་བོ་འཇའ་ཚོན་མ་སྟེRཎ་ཌཀ་པ་ལ་དང་། དེ་དང་དུས་མཚུངས་སུ་བཞེངས་པའི་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་ཀྱི་གསེར་སྐུ་མི་ཚད་ཙམ་དང་། ཙོང་ཁ་པའི་ཕྱག་དཔེ། ན་བཟའ་སྐུ་ཆོས། བཞུགས་འབོལ། ཕྱག་ཐམ་བཅས་དང་ཙོང་ཁ་པ་སྐུ་གཤེགས་སའི་ལྷ་ཁང་འོད་གསལ་ཕུག་ཏུ་ཕྱག་རྡོར་འཁོར་ལོ་ཆེན་པོའི་བློས་བསླངས་རྣམས་ཡོད།

    ཚོགས་ཆེན་འདུ་ཁང་གི་སྦུག་ཏུ་ཙོང་ཁ་པའི་གསེར་ཁྲི(དགའ་ལྡན་གསེར་ཁྲི)ཆེ་མོ་གདོང་ལྔས་བཏེགས་པ་དང་། བྱམས་པའི་གསེར་སྐུ་ཆེ་བ། ཙོང་ཁ་པའི་སྐུ་ཆེ་བ་ཐོག་ཚད་ཙམ་དང་། དེ་བཞིན་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་གསེར་ཁྲིའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ཆེ་ལེགས་བཟོ་དབྱིབས་ཕུན་སུམ་ཚོགས་པ་དང་། དེའི་འོག་ཏུ་གསེར་སྦྱངས་བཙོ་མ་འབའ་ཞིག་ལས་བྲིས་པའི་བཀའ་བརྒྱུད་དང་བསྟན་འགྱུར་ཆ་ཚང་འཛམ་གླིང་གཡས་བཞག་ཏུ་གྲགས་པ་དེ་ཡོད།

    ལྔ་མཆོད་ཁང་དུ་ཙོང་ཁ་པའི་ཚེམས་འོད་ཟེར་མ་དང་། འཇམ་དབྱངས་རང་བྱོན་རིང་བསྲེལ་མང་དུ་འཕེལ་བར་གྲགས་པ། རྗེ་རང་གི་ཐུགས་དམ་རྟེན་གདུགས་དཀར་གྱི་ཞལ་ཐང་ཆེ་བ། མཁས་གྲུབ་རྗེའི་ཕྱག་བཟོ་ཙོང་ཁ་པའི་སྐུ་ཆེ་ལེགས་སོགས་ཡོད།

    བྱང་རྩེའི་གཟིམ་ཁང་དུ(འདི་ནི་མཁས་གྲུབ་རིན་པོ་ཆེའི་གཟིམ་ཁང་རེད)བཤད་སྲོལ་ལྟར་ན་ཐུབ་དབང་གླང་པོ་ཆེར་འཁྲུངས་པའི་རུས་པ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་དང་། རྗེ་བཀྲ་ཤིས་གདོང་ཁ་མ། མཁས་གྲུབ་ཆོས་རྗེའི་ཕྱག་བཟོ་དཔལ་གསང་བ་འདུས་པའི་བློས་བསླངས། མཁས་གྲུབ་ཆོས་རྗེའི་ཐུགས་དམ་རྟེན་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་སོགས་ནང་རྟེན་མང་།

    པར་ཁང་དུ་མཁས་གྲུབ་རྗེས་བསྐྲུན་གནང་མཛད་པའི་ཙོང་ཁ་པའི་གསུང་འབུམ་པར་ཤིང་དང་དེ་མིན་གྱི་པར་ཤིང་མང་པོ་ཡོད་པ་བཅས་ལ་དགའ་ལྡན་པར་རྙིང་ཞེས་ཁུངས་བཙན་པར་བྱེད།

    མཁས་གྲུབ་ཆོས་རྗེ་དགའ་ལྡན་ཁྲི་པ་གནང་སྐབས་དགའ་ལྡན་དུ་འཆད་ཉན་གྱི་སློབ་དཔོན་བཞི་བསྐོས་ཏེ་འཆད་ཉན་ཁག་བཞི་བཙུགས་པ་དེ་རྗེས་སུ་གྲྭ་ཚང་གཉིས་སུ་འགྲིལ་བ་ནི་བྱང་རྩེ་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་གཉིས་ཡིན། བྱང་རྩེ་གྲྭ་ཚང་ཕྱགས་འདེབས་མཁན་ནི་ཧོར་སྟོན་ནམ་མཁའ་དཔལ་བ་ཡིན་ཞིང་། འཆད་ཉན་གྱི་ཡིག་ཆ་ནི་ཙོང་ཁ་པ་ཡབ་སྲས་གསུམ་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་ཡིན། ཤར་རྩེ་གྲྭ་ཚང་ཕྱག་འདེབས་མཁན་ནི་ཙོང་ཁ་པའི་དངོས་སློབ་ཤར་པ་རིན་ཆེན་རྒྱལ་མཚན་ཡིན་ཞིང་། འཆད་ཉམ་གྱི་ཡིག་ཆ་ནི་ཙོང་ཁ་པ་ཡབ་སྲས་གསུམ་དང་། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་ཡིན།

    དགོན་པའི་ནང་ཆོས་སྲིད་ཀྱི་དབང་ཆ་ཆེ་ཤོས་འཛིན་མཁན་ནི་ཤར་བྱང་གི་མཁན་པོ་ལས་འཛིན་པ་གཉིས་ཡིན་ཞིང་། མཁན་པོ་གཉིས་ཀྱིས་ཆོས་སྲིད་སྤྱིའི་འགན་འཁུར་དང་གཞུང་ཆེན་མོའི་འཆད་ཉན་མི་ཉམས་གོང་འཕེལ་ཡོང་ཆེད་གྲྭ་དམངས་ལ་བསྐུར་ལྕག་དང་དོ་དམ་སོགས་གནང་དགོས་པ། དགའ་ལྡན་བླ་སྤྱི་དང་སྤྱི་སོ་གཉིས་ཐ་དད་དུ་མེད་ཅིང་བླ་སྤྱིའི་ཚོགས་འདུར་རྒྱུན་ཕེབས་གནང་མཁན་པོ་གཉིས་ད་ང། བླ་སྤྱིའི་སྦུག་པ་གཉིས། ཚོགས་ཆེན་དགེ་བསྐོས་གཉིས། ཚོགས་ཆེན་དབུ་མཛད་དང་བླ་སྤྱིའི་དྲུང་ཡིག་རྣམས་སོ།།

    དགོན་པའི་ཆོས་ཁྲིམས་གནོན་མཁན་ནི། ཚོགས་ཆེན་དགེ་བསྐོས(ཞལ་ངོ་ཡང་ཟེར)གཉིས་ཡིན་པ་དང་དགོན་པའི་སྒྲིག་ཡིག་ནི་ཙོང་ཁ་པའི་བཅའ་ཡིག་ཆེ་ཆུང་གཉིས་ཡོད་པ་དེ་ཡིན། དེའི་རྩ་འཛིན་ནི་འདུལ་བའི་ལུགས་ཡིན་ཏེ། གྲྭ་དམངས་ཀྱི་བྱ་སྤྱོད་སྤྱི་དང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་ཅི་འདུལ་བའི་ལུགས་དང་མཐུན་པ་དང་འདུལ་བའི་བཅའ་ཁྲིམས་ལ་བརྩི་སྲུང་དགོན་པ་ལས་དེ་དང་འགལ་ན་མི་འགྲིག

    དགའ་ལྡན་དགོན་པ་ཐོག་མར་ཕྱག་འདེབས་སྐབས་གྲྭ་གྲངས་ལྔ་བརྒྱ་སྐོར་ཡོད་པ་ནས་རིམ་བཞིན་འཕེལ་རྒྱས་ཀྱིས་གྲྭ་གྲངས་ཉུང་སྐབས་སུམ་སྟོང་སྐོར་དང་། མང་སྐབས་ལྔ་སྟོང་སྐོར་ཡོད་པ་དེ་དག་གིས་རྒྱུན་དུ་དཔྱིད་ཆོས་དང་། དབྱར་ཆོས། སྟོན་ཆོས། དགུན་ཆོས་ཀྱི་ཆོས་ཐོག་སོ་སོར་གཞུང་བཀའ་པོད་ལྔ་ལ་འཆད་ཉན་དང་། ཆོས་མཚམས་སོ་སོར་གཞུང་ལུགས་རྩ་འགྲེལ་སྐྱོར་སྦྱངས་བློ་འཛིན་གཙོ་བོར་བྱེད་དགོས།

    དགའ་ལྡན་ཤར་བྱང་གཉིས་ལ་ཁང་ཚན་ཉི་ཤུ་རྩ་གསུམ་ཡོད། ཤར་རྩེ་གྲྭ་ཚང་ཁོངས་ཁང་ཚན་བཅུ་གཅིག་དང་། བྱང་རྩེ་གྲྭ་ཚང་ཁོངས་ཁང་ཚན་བཅུ་གཉིས་ཡོད། ཁང་ཙན་སོ་སོའི་ཁོངས་སུའང་མང་ཉུང་མི་གཅིག་པའི་མི་ཚན་ཡོད་པ་བཅས་སོ།།

    གོང་གསལ་དགའ་ལྡན་དགོན་པ་དང་དེ་ཕྱག་འདེབས་པ་པོའི་ལོ་རྒྱུས་རགས་པ་ཙམ་བཀོད་པ་འདི་ལ་འགལ་འཁྲུལ་གྱི་རིགས་ཡོད་ཚེ་རྒྱ་ཆེའི་ཀློག་པ་པོ་ཚོས་སྐྱོན་བརྗོད་ཡོ་བསྲང་ཡོང་བའི་རེ་བ་ཞུ།

    ༡༩༨༣ལོའི《བོད་ལྗོངས་ཞིབ་འཇུག》དེབ་དང་པོ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག